ལོ་རིམ་བཞི་པའི་སློབ་གཉེར་བ། ཚེ་དབང་འགྱུར་མེད།
གནམ་གྱི་ཆུ་འཛིན་དཀར་པོ།།
རླུང་གིས་ཕར་གཡོ་ཚུར་གཡོ།།
སེམས་འདི་ཁྱེད་དང་འདྲ་བ།།
ཕྱོགས་དང་རྒྱང་ལ་བཞུད་སོང་།།
ཚོར་བ་གཙང་ཆུ་སྔོན་མོ།།
དགའ་སྡུག་ཟད་མཐའ་མེད་པ།།
ཆུ་ངོགས་རླབས་རིས་ཁྱུག་ཁྱུག །
རྟག་བརྟན་གཅིག་ཀྱང་མི་འདུག །
ཁེར་རྐྱང་དབེན་པའི་གནས་ས།།
སྣ་ཚོགས་ཆོ་འཕྲུལ་མེད་ཀྱང་།།
ཀུན་རྟོག་རྟ་ཕོ་རྒོད་པས།།
སེམས་འདི་རྒྱ་ལ་ཡན་སོང་།།
དམ་པའི་ཆོས་ཀྱི་སྦྲང་རྩི།།
མྱོང་བ་སེམས་ལ་མེད་ན།།
མི་ཚེ་ཆོས་ལ་ཕྱོགས་ཀྱང་།།
དགོས་དོན་འགྲུབ་པ་མི་འདུག །
སྲིད་པ་བར་དོའི་གྲོང་ན།།
མཛེས་པའི་དཀྱིལ་འཁོར་མང་བས།།
འཁོར་འཁོར་འཁོར་ལོ་འདྲ་བས།།
སེམས་འདི་གྲོང་ལ་འཁོར་སོང་།།
ཆོས་ལ་ཞེན་ཆགས་མེད་ན།།
སྲིད་ལ་ངོ་ལོག་མེད་ན།།
ཆོས་པའི་གཟུགས་སུ་གནས་ཀྱང་།།
ཕན་པ་ཡོང་ས་ཨེ་རེད།།
༢༠༢༠/༩/༢༥