ལོ་རིམ་དྲུག་པའི་སློབ་གཉེར་བ། ཤེས་རབ་རྒྱལ་མཚན།
དངོས་ཡོད་གནས་ཚུལ་དང་མཐུན་པའི་བསམ་ཚུལ་ཤོད་ཆོག་པ་ནི་སྨྲ་བརྗོད་རང་དབང་ཡིན་ལ། སྨྲ་བརྗོད་རང་དབང་ནི་འགྲོ་བ་མིའི་ཐོབ་ཐང་ཡང་ཡིན། ཐོབ་ཐང་དེའི་བརྒྱུད་ནས་མི་དང་མིའི་བར་ལ་བསམ་བློའི་གོ་རྟོགས་རྗེ་རེས་དང་། བསམ་བློའི་ནུས་པ་མཉམ་སྤུངས་ཀྱི་ཐོག་ནས་སྤྱི་ཚོགས་ཡར་སྐྱེད་གོང་འཕེལ་དུ་གཏོང་གི་ཡོད་པ་ལ་ཐུགས་སྣང་དགོས་པ་གལ་ཆེན་དུ་མཐོང་བ་མ་ཟད། དེ་ལས་ཀྱང་གལ་ཆེ་བ་ནི་རང་ཉིད་སྤྱི་ཚོགས་ཆེ་ཆུང་གང་ཞིག་ཏུ་འཚོ་བ་སྐྱེལ་གྱི་ཡོད་ནའང་། སྤྱི་ཚོགས་དེའི་གནས་བབ་ལ་འགན་ཁུར་བྱེད་རྒྱུ་ནི་སྐབས་ཐོག་གི་ལས་བྱེད་མི་སྣ་གཅིག་པུའི་འགན་མིན་པར། ཁྱོད་དང་ང་། ཁོ་དང་མོ་བཅས་ང་ཚོ་ཚང་མ་ལ་འགན་འཁྲི་ཡོད་པར་བརྟེན། ང་ཚོས་འགན་འཁྲི་དེ་ལ་མ་གཡོལ་བར་ཁ་ཚ་དགོས་གཏུགས་ཀྱི་འབོད་སྐུལ་རེ་ཞུ་དགོས་པའི་དུས་ལ་བབས་པས་མི་ཚད་འཕྱི་ཡང་དྲགས་ཉེན་འདུག
དེས་ན་གནས་སྟངས་དེ་དག་ལ་གཞིགས་ཏེ་ད་ལམ་ཁ་ཚ་དགོས་གཏུགས་ཀྱི་འབོད་སྐུལ་འདི་དཔེ་ཀློག་ལ་དོ་སྣང་ཡོད་མཁན་མང་པོ་ཞིག་གི་ཆེད་དུ་ང་ཚོ་ཚང་མའི་སེམས་ནང་གི་རེ་བ་འདོན་གྱི་ཡོད། ང་རང་དཔེ་ཀློག་གི་ཁྲོད་ནས་ནར་སོན་པའི་ཆེད་ལས་པ་དང་ཉམས་མྱོང་ཅན་གང་ཡང་མིན་མོད། ཆུང་དུས་དྲིན་ཆེན་ཕ་མའི་ཁ་ཏ་དང་། ད་ཆ་མ་ཡུམ་སློབ་གླིང་འདིར་འབྱོར་ནས་འདི་ཕྱི་ཚེ་རབས་གཏན་གྱི་སྐྱབས་གནས་དམ་པ་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་དང་། བཀུར་འོས་དགེ་རྒན་རྣམ་པའི་བཀའ་སློབ་ལམ་སྟོན་དང་། སྙིང་ཉེ་བའི་སྤུན་མཆེད་དང་གྲོགས་པོ་བཟང་པོ་རྣམས་དང་ལྷན་འབྲེལ་འདྲིས་བྱུང་བའི་བརྒྱུད་རིམ་ཁྲོད་ནས་དེང་སང་དཔེ་དེབ་མཐོང་བ་དང་སུན་སྣང་སྐྱེ་མི་དགོས་པར། དཔེ་ཀློག་གི་འཚོ་བ་ལ་མྱོང་རོལ་བྱེད་འདོད་མཁན་ཞིག་ཆགས་ཡོད་ཕྱིན། ད་ལམ་འདིར་གང་ཞིག་ཞུ་བར་བྱ་བའི་ཁ་ཚ་དགོས་གཏུགས་ཀྱི་འབོད་སྐུལ་གཙོ་བོའི་ནང་གི་གཙོ་བོ་འདི་ཡང་སློབ་གླིང་འདིའི་འཁོར་ཡུག་ལ་གནད་དུ་དམིགས་ཏེ་དཔེ་ཀློག་ལ་ཉེ་བར་མཁོ་བའི་དཔེ་མཛོད་ཁང་གི་སྐོར་ལ་ཁ་ཚ་དགོས་གཏུགས་ཀྱི་འབོད་སྐུལ་ཐུང་ཐུང་ཞིག་ལྷག་བསམ་དཀར་པོས་ཞུ་བ་ལགས།
ཆོས་དང་འཇིག་རྟེན་གང་ནས་བསམས་རུང་དཔེ་ཀློག་ནི་མིའི་འཚོ་བའི་ནང་གི་གྲུབ་ཆ་གལ་ཆེ་ཤོས་ཤིག་ཡིན་པར་གནའ་དེང་གི་མཁས་པ་ཚང་མས་མ་བགྲོས་གཅིག་མཐུན་གྱིས་མགྲིན་གཅིག་ཏུ་གསུང་གི་ཡོད་པ་ལྟར་དོན་ལའང་ཏག་ཏག་གནས་ཡོད། གལ་ཏེ་མི་ཚེ་འདི་སློབ་ཚན་ཞིག་ཡིན་པའི་དབང་དུ་བཏང་ན། དཔེ་དེབ་ནི་སློབ་ཚན་དེའི་དཀར་ཆག་ལྟ་བུའི་དགེ་མཚན་ལྡན་པ་ཞིག་སྟེ། ང་ཚོས་དང་པོ་རང་ནས་སློབ་ཚན་ཆ་ཚང་ཀློག་མི་ཐུབ་ཀྱང་སློབ་ཚན་གྱི་དཀར་ཆག་བཀླགས་པ་ལ་བརྟེན་ནས། སློབ་ཚན་ནང་དུ་བརྗོད་བྱ་གང་ཞིག་བྲིས་ཡོད་མེད་རགས་རིམ་ཤེས་ནུས་པ་ཇི་བཞིན། དཔེ་དེབ་བཀླགས་པའི་བརྒྱུད་ནས་ཀྱང་མི་ཚེའི་ནང་གི་དཀའ་ངལ་ལ་གདོང་ལེན་བྱེད་ཐབས་དང་། ལེགས་ཉེས་བླང་དོར་མང་པོ་ཞིག་ཧ་གོ་ཐུབ་ཀྱི་ཡོད། འོན་ཀྱང་དཔེ་དེབ་ཀྱི་ནང་ནས་ཧ་གོ་བ་དང་འཚོ་བ་དངོས་ཀྱི་ཁྲོད་དུ་ཉམས་མྱོང་བསགས་ནས་ཧ་གོ་བ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པ་ནི། དཔེ་དེབ་ཀྱི་དཀར་ཆག་བཀླགས་པ་ལས་བྱུང་བའི་གོ་རྟོགས་དང་། དཔེ་དེབ་དངོས་བཀླགས་པ་ལས་བྱུང་བའི་གོ་རྟོགས་གཉིས་ཀྱི་བར་ལ་ཁྱད་པར་ཆེན་པོ་ཡོད་པ་དང་གཅིག་མཚུངས་ཡིན་པས། ང་ཚོས་དཔེ་དེབ་གང་ཞིག་བཀླགས་པ་ལས་ཐོབ་པའི་བློ་སྐྱེད་དག་ཉིན་རེའི་འཚོ་བའི་ནང་དུ་བེད་སྤྱོད་ཀྱིས་ཉམས་མྱོང་གསོག་དགོས་པ་གནད་འགག་ཡིན་པ་ཤེས་དགོས་པ་མཐོང་།
སྤྱི་ཚོགས་ཤིག་དང་། ལྷག་པར་དུ་བཤད་གྲྭ་དང་སློབ་གྲྭ་ཁག་ཏུ་དཔེ་མཛོད་ཁང་སྤུས་ལེགས་ཤིག་ངེས་པར་དགོས་རྒྱུ་ནི་སློབ་མ་སྐྱེད་སྲིང་བྱེད་པ་ལ་མེད་དུ་མི་རུང་བའི་ཆ་རྐྱེན་ཨང་དང་པོ་དེ་ཆགས་ཡོད། དཔེ་མཛོད་ཁང་མེད་སའི་འཁོར་ཡུག་ནི་རང་ཉིད་གནས་སའི་ཉེ་འཁོར་ཙམ་མ་གཏོགས་ཕྱི་ལོགས་ཀྱི་ཤེས་རིག་གང་ལའང་མཐོང་རྒྱ་ཐོས་རྒྱ་སྐྱེད་པའི་ནུས་པ་མེད་སྟབས། “ཁྲོན་པའི་ནང་གི་སྦལ་པ་”ཆགས་འགྲོ་བ་ཡིན། དབྱིན་ཇིའི་མཁས་པ་ཧོ་རེས་མན་(Horace Mann)གྱིས་“དེབ་མེད་པའི་ཁང་པ་ནི་སྒེའུ་ཁུང་མེད་པའི་ཁང་མིག་དང་འདྲ་”གསུངས་པ་ལྟར། དཔེ་དེབ་ནི་ང་ཚོའི་ཕྱི་ལོགས་ཀྱི་སྤྱི་ཚོགས་ལ་ལྟད་མོ་ལྟ་ས་དང་། ཕྱི་ལོགས་ཀྱི་གནས་ཚུལ་ནང་ལ་ཐོས་སའི་སྒེའུ་ཁུང་ནང་བཞིན་ཕན་ཐོགས་ཤིན་ཏུ་ཆེ་བར་བརྟེན། ང་ཚོས་དཔེ་དེབ་ཀྱི་སྒེའུ་ཁུང་ནས་བལྟས་ཏེ་ཕྱི་ལོགས་ཤེས་རིག་རྒྱལ་ཁམས་ཀྱི་ལྟད་མོ་སྣ་ཚོགས་ལ་མྱོང་རོལ་བྱེད་རྒྱུ་ཡོད།
སློབ་གླིང་འདི་ན་ཡོད་པའི་«མདོ་སྔགས་རིག་གཞུང་རྒྱ་མཚོའི་ཆོས་མཛོད་ཁང་།»ཞེས་པའི་དཔེ་མཛོད་ཁང་འདི་ནི། གཙོ་བོ་ནང་དོན་རིག་པའི་གཞུང་ལུགས་དང་འབྲེལ་བའི་ལོ་རྒྱུས། རྣམ་ཐར། གསུང་འབུམ། དཔྱད་བརྗོད། ཞལ་གདམས་སོགས་རྩོམ་ལུས་སྣ་ཚོགས་ལས་གྲུབ་པའི་དཔེ་ཆ་དང་། གཞན་ཡང་རིག་པའི་གནས་ཕལ་མོ་ཆེ་ཡི་དཔེ་ཆ་སྣ་ཚོགས་ཡོད་པ་མ་ཟད། ད་དུང་སྐད་རིགས་མང་པོའི་ཐོག་ནས་དཔེ་དེབ་འདྲ་མིན་བཀླག་རྒྱུ་ཡོད་པས། ད་བར་དཔེ་མཛོད་ཁང་འདིས་ཀློག་པ་པོ་མི་ཉུང་བ་ཞིག་ལ་ཤེས་རིག་གི་ལེགས་སྐྱེས་ཇི་སྙེད་ཅིག་ཕུལ་དང་འབུལ་བཞིན་པ་ནི། དཔེ་ཀློག་ལ་དོན་གཉེར་ཆེ་བའི་མི་བུ་ཚོའི་བསམ་ཡུལ་ན་གསལ་ལྷང་ངེར་ཡོད་པ་སྨོས་མི་དགོས་སྟབས། ཚང་མས་རྡོག་རྩ་ཆིག་སྒྲིལ་དང་ཕྱར་བ་གྲུ་འདེེགས་ཀྱི་ལམ་ནས་དཔེ་མཛོད་ཁང་འདི་ལ་རྒྱབ་སྐྱོར་དང་རོགས་རམ་གནང་རྒྱུ་གལ་ཆེན་དུ་མཐོང་ནས་ཁ་ཚ་དགོས་གཏུགས་ཀྱི་འབོད་སྐུལ་འདི་ཞུ་བཞིན་ཡོད།
ད་དུང་ཡང་ང་ཚོའི་དཔེ་མཛོད་ཁང་འདི་ལ་མ་འདང་བའི་ཆའང་ཅུང་ཙམ་ཡོད་དེ། ང་རང་ཙམ་མ་ཟད་ཕྱི་ནང་གི་ཀློག་པ་པོ་མང་པོ་ཞིག་གིས་དངོས་ཤུགས་བརྒྱུད་གསུམ་ནས་བསམ་ཚུལ་འདོན་བཞིན་འདུག
དང་པོ། དཔེ་མཛོད་ཁང་འདི་མི་ཚང་མའི་མཐོང་ས་དང་ཐོས་ས་ན་མེད་པར་ཅུང་ཙམ་ཁུག་ཀྱོག་ཏུ་ལུས་འདུག་པ་དེ་མ་འདང་བའི་ཆ་གཅིག་རེད། སློབ་ཕྲུག་ཚོའི་ཁྲོད་ནས་འདི་ན་དཔེ་མཛོད་ཁང་ཡོད་པ་བཤད་རྒྱུ་མེད་མཁན་ཡང་མང་ཐག་ཆོད་འདུག དེ་ཚོ་ཕྱོགས་གཅིག་ནས་སློབ་ཕྲུག་རྣམས་ལ་དཔེ་ཀློག་གི་སློབ་གསོ་མ་ཐེབས་པའི་སྐྱོན་དང་། ཕྱོགས་གཞན་ཞིག་ནི་དཔེ་མཛོད་ཁང་འདི་ཏོག་ཙམ་ཁུག་ཀྱོག་ཏུ་ལུས་པའི་སྐྱོན་ཡིན་པས། ང་ཚོས་དཔེ་ཀློག་རྒྱག་སའི་འཁོར་ཡུག་གཙང་ཞིང་སྣང་བ་སྤྲོ་པོ། རྒྱང་ནས་བལྟས་པ་ཙམ་གྱིས་དཔེ་མཛོད་ཁང་ལོས་ཡིན་བསམ་པ་ཞིག མི་ཚང་མའི་མཐོང་ས་དང་ཐོས་སའི་ས་ཆ་འདུ་འཛོམས་ཆེ་ས་ཞིག་ཏུ་རྒྱ་སྐྱེད་ཐུབ་ན་ཀློག་པ་པོ་མང་པོས་ཧ་གོ་ཐུབ་པ་དང་། ཀློག་མཁན་རྣམས་ལ་ཡང་ཕན་ཐོགས་ཆེ་བས་དཔེ་མཛོད་ཁང་གི་བྱས་རྗེས་ཆེན་པོ་ཞིག་འགྲུབ་འགྲོ་བ་ཡིན། དེ་ཡང་དཔེ་མཚོན་ཐག་ཉེ་པོ་ཞིག་གིས་ཞུས་ན། ཉེ་བའི་ལོ་ཤས་སྔོན་དེ་བར་བཤད་གྲྭའི་གོ་དཱམ་[1]ཞེས་པའི་ཁང་པ་རྙིང་གོག་ཅིག་གནས་སྐབས་རིང་དཔེ་མཛོད་ཁང་གི་ཚུལ་དུ་བཟོས་པ་དེས་ཀྱང་མང་ཚོགས་ལ་ཕན་ཐོགས་མི་དམན་པ་བྱུང་སོང་། ཁང་པ་རྙིང་གོག་དེར་མི་རྣམས་ཞར་དང་ཞོར་དུ་དཔེ་ཀློག་གི་ཆེད་དུ་འགྲོ་བ་ཚང་མས་མངོན་གསལ་དོད་པོས་མཐོང་གསལ་ལྟར་རེད། དེ་ནི་གཙོ་བོ་ཁང་པ་རྙིང་གོག་དེ་ས་ཆ་འདུ་འཛོམས་ཆེ་ས་ཞིག་ཏུ་ཁེལ་ཡོད་པས། མི་རྣམས་ཡར་འགྲོ་མར་འགྲོའི་ཞར་དང་ཞོར་དུ་མཐོང་ཁ་གསལ་ཞིང་འགྲོ་འོང་བདེ་བའི་རྐྱེན་གྱིས་མང་ཚོགས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་ལྟ་བུ་རེད།
གཉིས་པ། མ་འདང་བའི་ཆ་གཅིག་ནི་དེང་སང་དཔེ་མཛོད་ཁང་འདིར་བདག་གཉེར་བྱེད་མཁན་གྱི་ལས་བྱེད་རྣམས་དཔེ་མཛོད་བདག་གཉེར་གྱི་ལས་ཀར་སྤྲོ་སྣང་ཆུང་བ་དང་། དཔེ་མཛོད་བདག་གཉེར་གྱི་ཤེས་ཚད་དམའ་བ་དེ་རེད། དངོས་གནས་བསམས་ན་དཔེ་མཛོད་བདག་གཉེར་གྱི་བྱ་བ་ནི། ཤེས་ཡོན་མི་སྣའི་ལས་གནས་མཐོ་གྲས་ཤིག་ཡིན་པས་དགའ་བཞིན་སྤྲོ་བཞིན་ལས་དགོས་པ་ཞིག་ཡིན་ནའང་། དཔེ་མཛོད་བདག་གཉེར་གྱི་བྱ་བར་སྤྲོ་སྣང་ཆུང་བའི་ལས་བྱེད་རྣམས་ནི། དེ་ལས་ལྡོག་སྟེ་དཔེ་ཁང་དུས་ཐོག་ཏུ་སྒོ་མི་འབྱེད་པ་མ་ཟད། ཕར་ལ་ཁ་པར་ཚར་གཉིས་གསུམ་བཏང་ནའང་སྐར་མ་བཅོ་ལྔ་ཉི་ཤུའི་རྗེས་སུ་མ་གཏོགས་དཔེ་ཁང་སྒོ་འབྱེད་ཀྱི་མེད་པ་རེད། དེ་ནི་དཔེ་མཛོད་ལས་བྱེད་འགའ་ཤས་ཀྱིས་ཟེར་ན། དཔེ་ཁང་སྒོ་དུས་ཐོག་ཏུ་མི་འབྱེད་པའི་རྒྱུ་མཚན་གཅིག་ནི། ལས་བྱེད་རྣམ་པས་དཔེ་མཛོད་སྒོ་ཕྱེ་སྟེ་བསྒུགས་བསྡད་ནའང་དཔེ་ཆ་ཀློག་ཏུ་ཡོང་མཁན་མི་འདུག་ཟེར། སྐད་ཆ་དེ་དག་གནད་དོན་ཆུང་ཆུང་ཞིག་རྩ་ནས་མིན་ཏེ། སློབ་གླིང་ཆེན་པོ་འདིའི་ནང་མི་འབོར་ཧ་ཅང་མང་ཞིང་། དེ་དག་ཀྱང་ཕལ་ཆེ་བ་སློབ་ཕྲུག་དང་ཤེས་ཡོན་མི་སྣ་ཤ་སྟག་ཡིན་ཡང་། ད་དུང་ཡང་དཔེ་ཁང་འདིར་དཔེ་ཀློག་རྒྱག་མཁན་མེད་པ་ནི་དོན་དག་གང་ཞིག་གིས་མ་འགྲིག་པ་རེད་འདུག་ཚང་མས་ཐུགས་བསམ་ནན་པོ་བཞེས་དགོས། ཁྱད་པར་དུ་ཁུངས་སོ་སོའི་ལས་བྱེད་དང་དགེ་རྒན་རྣམ་པས་དམིགས་བསལ་གྱིས་ཐུགས་འགན་བཞེས་ནས། སློབ་ཕྲུག་རྣམས་དཔེ་ཀློག་གི་གོམས་གཤིས་ཆགས་པར་སློབ་གསོ་བརྒྱབ་ན་ང་འདྲ་པོ་ཞིག་གིས་འདི་འདྲ་ཞུས་པ་ལས་ཀྱང་རྦད་དེ་ཕན་རླབས་ཆེ་བ་ཡོད། སློབ་ཕྲུག་རྣམས་སོ་སོའི་དགེ་རྒན་དང་མཐོ་རིམ་མི་སྣ་ལ་དམིགས་བསལ་རྩི་མཐོང་ཡོད་པས། ཁྱེད་རྣམ་པས་སློབ་ཕྲུག་རྣམས་ལ་ཡང་ནས་ཡང་དུ་དཔེ་ཀློག་གི་སློབ་གསོ་གནང་དགོས་པ་ཁ་ཚ་དགོས་གཏུགས་ཀྱི་དུས་ལ་བབས་ཡོད།
དཔེ་མཛོད་བདག་གཉེར་གྱི་ལས་ཀ་ནི་ཤེས་ཡོན་མི་སྣའི་ལས་གནས་མཐོ་གྲས་ཤིག་ཡིན་ཞིང་། དཔེ་མཛོད་བདག་གཉེར་གྱི་ཤེས་ཚད་ཡོད་མཁན་ཞིག་ངེས་པར་དུ་དགོས་པ་ལས། གནས་སྐབས་ཁྲལ་བརྒྱབ་པ་ཙམ་གྱིས་འགྲིག་གི་མེད་དེ། དཔེ་མཛོད་ཁང་གང་འདྲ་ཡིན་རུང་ཤེས་ཡོན་མི་སྣ་སྤྱི་དང་ཀློག་པ་པོ་རྣམ་པ། བྱེ་བྲག་ཏུ་རྩོམ་རིག་ལ་ཉེ་བར་མཁོ་བའི་མ་ལག་རྣམས་དཔེ་མཛོད་ཁང་ནས་མཁོ་སྤྲོད་བྱེད་ཐུབ་མཁན་ཞིག་དགོས་པས། དེ་ལ་དཔེ་མཛོད་ཁང་གི་དཀར་ཆག་ཅིག་ངེས་པར་དུ་དགོས། དཀར་ཆག་དེ་ཡང་ཆིངས་རིམ་པ་བདུན་དང་ལྡན་པ་ཞིག་དགོས་ཏེ། དཔེ་ཆ་དེ་དག་“(༡) སྡེ་ཚན་གང་གི་ཁོངས་ཡིན་པ། (༢) རྩོམ་ཡིག་གི་ཁ་བྱང་དང་མིང་། (༣) རྩོམ་པ་པོའི་མིང་། (༤) ལེ་ཚན་གྱི་གྲངས། (༥) པོད་གྲངས། (༦) ཤོག་གྲངས། (༧) ཆ་ཚང་མིན་བཅས་ཡིན། བདུན་པོ་དེ་ནི་ཞིབ་འཇུག་བྱེད་མཁན་དང་། སློབ་ཁྲིད་འཆད་ཉན་བྱེད་མཁན། དཔེ་མཛོད་བདག་གཉེར་བྱེད་མཁན་བཅས་ཚང་མས་ངེས་པར་དུ་བློ་ལ་འཛིན་དགོས་པའི་དོན་ཚན་གཙོ་བོ་ཡིན་”[2]པས་སོ།། “དཀར་ཆག་ནི་གཞི་ཁྱོན་ཆེ་ཞིང་རྣམ་གྲངས་མང་བའི་དཔེ་ཆ་ལྟ་བ་ལ་མེད་དུ་མི་རུང་བའི་གསལ་བྱེད་མེ་ལོང་ལྟ་བུ་དང་། ཚན་རིག་ཞིབ་འཇུག་བྱེད་པར་ཐོག་མའི་འཇུག་སྒོ་ལྟ་བུ། དཔེ་མཛོད་ཁང་གི་སྒོ་བརྒྱ་མྱུར་དུ་འབྱེད་པའི་ལྡེ་མིག་ལྟ་བུ། གལ་ཆེའི་དཔེ་དེབ་བདག་གཉེར་སྲུང་སྐྱོབ་བྱེད་རྒྱུར་མཁོ་བའི་ནུས་ལྡན་མཚོན་ཆ་ལྟ་བུ་བཅས་ཡིན་”[3]གཤིས། དཔེ་མཛོད་བདག་གཉེར་བྱེད་མཁན་རྣམས་ཀྱིས་གོང་གི་ཆིངས་རིམ་པ་བདུན་ལྡན་གྱི་དཀར་ཆག་ཅིག་ཡིག་ཐོག་ཏུ་བཀོད་ནས། དཔེ་མཛོད་བདག་གཉེར་བྱེད་མཁན་ལས་བྱེད་གསར་པའི་ལག་ཏུ་འཕྲོད་ཐུབ་པ་དང་། དཔེ་མཛོད་བདག་གཉེར་བྱས་པའི་ཉམས་མྱོང་རྣམས་ལས་བྱེད་གསར་པ་རྣམས་ལ་ཤོད་དགོས་པའོ།། དཔེ་མཛོད་ཁང་དུ་དེ་ལྟ་བུའི་ཆིངས་རིམ་པ་བདུན་ལྡན་གྱི་དཀར་ཆག་ཅིག་བྱུང་ན་དགེ་མཚན་ཤིན་ཏུ་ཆེ་སྟེ། “དཀར་ཆག་ནི་དཔེ་མཛོད་ཁང་གི་སྒོ་བརྒྱ་མྱུར་དུ་འབྱེད་པའི་ལྡེ་མིག་ལྟ་བུ་ཡིན་”[4]པས། “དཀར་ཆག་མེད་ན་དཔེ་མཛོད་ཁང་གཞི་རྒྱ་ཇི་ཙམ་ཆེ་བ་དང་། དཔེ་དེབ་རྣམ་གྲངས་ཧ་ཅང་མང་བ། ནང་དོན་ཅི་ཙམ་ཕུན་སུམ་ཚོགས་པོ་ཡོད་ཀྱང་སྒྲིག་སྟངས་ལ་གོ་རིམ་མེད་པ། སྡེ་ཚན་ཕན་ཚུན་འདྲེས་པས་རྙོག་འཛིང་ཆེ་བ། གྲངས་ཀ་མེད་པས་ཆ་ཚང་མིན་མི་ཤེས་པ། བོར་བརླག་དང་རྐུ་འཁྱེར་བྱུང་ཡང་རྩད་གཅོད་བྱ་ཐབས་བྲལ་བ། བདག་གཉེར་བྱེད་མཁན་དང་ལྟ་ཀློག་བྱེད་མཁན་ཚང་མས་དུས་ཐོག་ཏུ་བཙལ་རྙེད་དཀའ་བ་བཅས་ཀྱི་སྐྱོན་ཆ་མང་པོ་ཡོད་”[5]སྟབས། དཔེ་མཛོད་ཁང་གི་དཀར་ཆག་ཆིངས་རིམ་པ་བདུན་ལྡན་ཞིག་ངེས་པར་དུ་དགོས་གལ་ཆེ།
ཞིབ་འཇུག་བྱེད་མཁན་དང་། སློབ་ཁྲིད་འཆད་ཉན་བྱེད་མཁན། དཔེ་མཛོད་བདག་གཉེར་བྱེད་མཁན་བཅས་ཚང་མ་ལ་ངེས་པར་དུ་མཁོ་བའི་«དཀར་ཆག་གི་ཆིངས་བདུན་»ནི་མཁས་དབང་དུང་དཀར་བློ་བཟང་ཕྲིན་ལས་མཆོག་གི་སྐུ་ཚེ་གང་པོར་དཔེ་ཆ་རྩོམ་སྒྲིག་དང་། ཡིག་ཆ་འཚོལ་སྡུད། བོད་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པའི་བཀའ་བསྟན་གསུང་རབ་རིག་གནས་བཅས་ཀྱི་དཀར་ཆག་བསྒྲིགས་པའི་ཉམས་མྱོང་གི་ལེགས་བཤད་ཕྱོགས་བསྡོམས་བླ་ན་མེད་པ་ཞིག་ཡིན་པས། ད་ལམ་དཔེ་མཛོད་བདག་གཉེར་གྱི་ལས་ཀ་ལ་ཉེ་བར་མཁོ་བའི་ཁ་ཚ་དགོས་གཏུགས་ཀྱི་འབོད་སྐུལ་འདིའི་རྒྱབ་རྟེན་གཙོ་བོ་རུ་བཟུང་སྟེ་ལྷག་བསམ་དཀར་པོས་ཞུས་པ་ལགས་སོ།།
[1] རྒྱ་གར་སྐད་དུ་ཅ་ལག་རྙིང་པ་འཇོག་སའི་ཁང་པ་ལ་གོ
[2] མི་རིགས་དཔེ་སྐྲུན་ཁང་གི་པར་མ། བོད་ཀྱི་དཀར་ཆག་རིག་པ། དེབ་གཟུགས། ཁ། ཤོག་གྲངས་ ༣ པར་གསལ།
[3] མི་རིགས་དཔེ་སྐྲུན་ཁང་གི་པར་མ། བོད་ཀྱི་དཀར་ཆག་རིག་པ། དེབ་གཟུགས། ཁ། ཤོག་གྲངས་ ༣ པར་གསལ།
[4] མི་རིགས་དཔེ་སྐྲུན་ཁང་གི་པར་མ། བོད་ཀྱི་དཀར་ཆག་རིག་པ། དེབ་གཟུགས། ཁ། ཤོག་གྲངས་ ༧ པར་གསལ།
[5] མི་རིགས་དཔེ་སྐྲུན་ཁང་གི་པར་མ། བོད་ཀྱི་དཀར་ཆག་རིག་པ། དེབ་གཟུགས། ཁ། ཤོག་གྲངས་ ༧ པར་གསལ།