འབྲུག་ཡུལ།

སློབ་དཔོན་འགྱུར་མེད།

འདི་ནས་ལེ་དབར་ཁྲི་ཕྲག་ཕ་རོལ་ན།།
སྣོད་བཅུད་བཀོད་པ་ཕུན་སུམ་ཚོགས་པ་ནི།།
ཡ་གིའི་སུམ་རྩེན་གནས་ལ་ཅོ་འདྲི་བའི།།
སྨན་ལྗོངས་འབྲུག་ཅེས་བྱ་བའི་རྒྱལ་ཁམས་ཡོད།།

འབྲུག་ཡུལ་ནགས་ལྗོངས་སྣུམ་པོས་བཏུམས་པའི་ནང་།།
བག་ཡངས་རི་དྭགས་ཚོགས་ཀྱི་རྩེད་འཇོ་མོད།།
ཁྲུང་ཁྲུང་སྐེ་ནག་བྲོ་གར་འཁྲབ་ས་ནས།།
ཡུལ་དེའི་རྒན་གཞོན་ཕོ་མོའི་མཛེས་འཛུམ་གསལ།།

གཞུང་ལམ་གྱ་གྱུ་ཐག་པ་འཐེན་འདྲ་བའི།།
ལམ་ཁུག་རེ་ནས་རྦབ་ཆུ་ཆལ་ཆིལ་གཡོ།།
དྭངས་རླུང་བསིལ་བུས་ངོ་ལ་བྱབས་པ་ནི།།
ཨ་མའི་ཕྱག་གིས་རེག་འདྲའི་སྣང་བ་སྦྱིན།།

ནམ་མཁའ་དེ་ནི་རྒྱ་མཚོའི་ངོ་གདོང་སྟེ།།
སྔོ་ཞིང་དྭངས་ལ་སྤྲིན་དཀར་དལ་བུར་གཡོ།།
ལུང་མཐིལ་གཙང་ཆུ་ལ་མགོའི་དར་ལྕོག་རྣམས།།
རྣམ་ཤེས་གཏིང་ལ་འདྲིས་པའི་གཟུགས་བརྙན་ནོ།།

བྱིས་དུས་ལྕེ་དང་རྣ་བར་འདྲིས་པ་ཡི།།
བདག་གི་མེས་པོའི་བླ་སྲོག་དབྱངས་གསལ་རྣམས།།
ཟ་ཁང་ཚོང་ཁང་ཉེར་སྤྱོད་བཅའ་དངོས་སྟེང་།།
ཡི་གེའི་གཟུགས་སུ་མཐོང་དུས་མཆི་རིས་འཛུམ།།

ཕུན་ཚོགས་གླིང་གི་གྱེན་ལམ་བརྒལ་བ་ན།།
རྒྱལ་སའི་ཟིང་ཆར་གྱེས་ཕྱག་ཕུལ་བ་འདྲ།།
དགེ་འདུའི་ལ་མགོར་ཐོན་དུས་རླུང་བུ་ཡང་།།
ཡ་གི་གངས་རིའི་གསེང་ནས་སླེབས་པ་ཚོར།།

སྔོ་ལྗང་གཡུ་ཡི་ཐང་མ་བརྡལ་བའི་སྟེང་།།
ནམ་མཁའི་གཟའ་སྐར་ས་ལ་འཐོར་འདྲ་བའི།།
སྤ་གྲོའི་ཡུལ་ལྗོངས་དུས་བཞིར་ལྗང་ཐིང་ངེ་།།
གྲོང་སྡེའི་དབུས་སུ་སྐྱིད་ཆུའི་རླབས་རིས་མཛེས།།

དེ་ན་འཚོ་བའི་རྒན་གཞོན་ཕོ་མོ་རྣམས།།
སྲོལ་རྒྱུན་ཆས་གོས་ནམ་ཡང་མི་འདོར་བ།།
ཆོས་མཐུན་ཁྲིམས་ཀྱིས་སྐྱོང་བའི་རྒྱལ་ཁམས་དེ།།
དེང་སང་ཞི་བའི་གནས་མཆོག་གཅིག་པུ་ཡིན།།

གཡེར་མ་དར་རྩིའི་ཚོད་མ་ཁ་ཚ་བ།།
འབྲུག་ཡུལ་ན་ཆུང་གཅིག་ལས་གཅིག་ཚ་བ།།
སྟ་ཟུར་ལོགས་ནས་སྲུབས་ཀ་དོད་པ་ཡི།།
སྐེ་རགས་དཀྲིས་དུས་ད་དུང་ཤ་ཚ་བ།།

རྒན་གཞོན་མ་ལུས་གུས་ལུགས་ཆེ་བ་སྟེ།།
ཡ་རབས་བཟང་སྤྱོད་མེས་པོའི་རིག་གཞུང་ཟབ།།
ཆོས་ཁྲིམས་དམ་ཞིང་རྗེ་འབངས་སྐྱིད་པ་ཡི།།
འབྲུག་ཡུལ་གོ་ལའི་སྟེང་གི་ཞི་བདེའི་གླིང་།།

འདི་དང་ཕྱི་མའི་རེ་ལྟོས་ལྷ་ཆོས་ཏེ།།
ལྷ་ཆོས་དབུ་འཕང་སྲིད་ཀྱི་གོང་ན་འཛིན།།
ཐེག་ཆེན་དར་ཞིང་རྡོ་རྗེ་ཐེག་པ་ཡི།།
རིང་ལུགས་འཛིན་པའི་རྒྱལ་ཁབ་འབྲུག་ཡུལ་ཙམ།།

རི་སུལ་གངས་ཁྲོད་གུ་རུས་བྱིན་བརླབས་ཤིང་།།
མཐོང་གྲོལ་གནས་མཆོག་བཀོད་པ་བསམ་ཡས་པ།།
དུས་ཆེན་གཙོ་བོ་ཚེས་བཅུའི་དུས་ཆེན་ཉིན།།
རྗེ་འབངས་ལྷན་འཛོམས་རྫོགས་ལྡན་དགའ་བས་བསུ།།

ནམ་ཟླ་དུས་བཞིའི་རྣམ་འགྱུར་རེ་རེའི་ནང་།།
སྣུམ་ཚོན་རི་མོ་ལྟ་བུའི་མཛེས་སྡུག་གཟུགས།།
མ་བཅོས་རང་བྱུང་ཁམས་ཀྱིས་ངོམས་པ་ན།།
ཕྱོགས་ཀྱི་མགྲོན་པོ་དབང་མེད་འགུགས་ལ་ལྟོས།།

དེ་ལྟར་སྨན་ལྗོངས་ཡུལ་གྱི་དགེ་མཚན་ཀུན།།
ཉུང་ངུའི་ངག་གིས་གསལ་བཤད་མི་ནུས་པས།།
སེམས་ལ་ཐོགས་པའི་ངོ་མཚར་མཛེས་སྡུག་རྣམས།།
མི་བརྗེད་ཡི་གེའི་དྲན་ཐོར་བཀོད་ན་བསམས།།

ཉིན་ཞག་བཅུ་ལ་འགྲིམས་པའི་འབྲུག་ཡུལ་གྱི།།
སྣོད་བཅུད་བཀོད་པ་རི་མོར་འཕོས་ལྟ་བུ།།
དྲན་འཛིན་ཡོལ་བར་ཅུང་ཟད་གསལ་བ་དེ།།
དབྱངས་གསལ་བུ་མོའི་ཕྱག་ལ་སྐྱེས་སུ་ཕུལ།།

༢༠༢༠/༠༤/༣༡ ཉིན།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།