ལོ་རིམ་དགུ་པའི་སློབ་གཉེར་བ། བསྟན་འཛིན་ཆོས་འཕེལ།
ཡུམ་སྲས་བཅུ་བདུན་ཞེས་པའི་ཐ་སྙད་དེ་རྒྱ་གར་མཁས་པའི་གཞུང་དུ་ཡོད་མེད་ལ་དཔྱད་པ།
ཡུམ་སྲས་བཅུ་བདུན་ཞེས་པའི་ཐ་སྙད་དེ་སྔོན་གྱི་མཁས་པ་ཕལ་མོ་ཆེ་དང་དེང་སང་གི་ཉམས་ཞིབ་པ་མང་ཆེ་བས་རྒྱ་གར་མཁས་པའི་གཞུང་དུ་མི་གསལ་བ་ཁ་གཅིག་གྲགས་ལྟ་བུ་ཞིག་ཆགས་ཡོད་པར་སྣང་ཡང་། དུས་རབས་ཉི་ཤུའི་དཀྱིལ་ནས་ཉེར་གཅིག་གི་དུས་མགོ་བར་བྱོན་པའི་མཁན་ཆེན་བརྩོན་འགྲུས་མཆོག་གིས་ཤེར་ཕྱིན་འཆད་པའི་སྔོན་འགྲོ་རུ་འདི་ལྟར་གསུངས་ཏེ། “དེ་ལ་ཕྱིས་ཀྱི་མཁས་པ་དག་གིས་ཡུམ་སྲས་བཅུ་བདུན་དུ་གྲངས་འདྲེན་པ་མི་འཐད་ཟེར་ནས་དགག་པ་ནི། བཅོམ་ལྡན་འདས་ལ་དགག་པ་བརྗོད་པ་སྟེ། ཀཽ་ཤི་ཀས་ཞུས་པ་ལས། བཅོམ་ལྡན་འདས་བྱ་རྒོད་ཕུང་པོའི་རི་ལ་བཞུགས་ཏེ། ཤེར་ཕྱིན་ཡུམ་སྲས་བཅུ་བདུན་ཡོངས་སུ་རྫོགས་པའི་སྐབས་ན་ཞེས་གསུངས་པའི་ཕྱིར། ལུང་དེས་གནོད་པ་ན་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ཞེས་སྐུར་པ་འདེབས་པ་ནི་རྒྱ་ནག་ཧ་ཤང་གིས་ཁོ་རང་གི་ལྟ་བ་དང་མ་མཐུན་པའི་ཐེག་ཆེན་གྱི་མདོ་རྡོག་པའི་དྲི་ཞབས་སུ་དྲིལ་བར་བྱས་པའི་ལོ་རྒྱུས་དང་མཚུངས་པ་ཆོས་སྤོང་གི་ལས་ཚབས་པོ་ཆེ་བསགས་པ་ལས་གཞན་རྒྱུ་མཚན་ཡང་དག་མེད་པའོ། །ཡུམ་སྲས་བཅུ་བདུན་གྱི་ཐ་སྙད་འདོགས་པ་ལ་རིགས་པས་གནོད་པ་གང་ཡང་མེད་དེ། སྟོན་པ་སངས་རྒྱས་ཀྱིས་ཤེར་ཕྱིན་གྱི་མདོ་བཅུ་བདུན་དཀྱུས་གཅིག་ཏུ་གསུངས་པ་ལ་ཡུམ་སྲས་བཅུ་བདུན་ཞེས་མིང་འདོགས་པར་མཛད་ན། སླར་ཡང་ཤེར་ཕྱིན་མདོ་གཞན་དག་ཀྱང་གསུངས་པ་ལ་མི་འཐད་པ་གཏན་ནས་མེད་པས་སོ།།”[1] ཞེས་གསུངས་པ་ལ་དཔགས་ན། ཀཽ་ཤི་ཀས་ཞུས་པའི་མདོ་དེ་ནི་སངས་རྒྱས་ཀྱིས་གསུངས་པ་ཡིན་པ་དང་། དེའི་ནང་ཡུམ་སྲས་བཅུ་བདུན་ཞེས་པའི་ཐ་སྙད་གསལ་བས་ན། ཡུམ་སྲས་བཅུ་བདུན་ཞེས་པའི་ཐ་སྙད་དང་གྲངས་གཉིས་ཀ་ཡང་སངས་རྒྱས་ཀྱི་མདོ་རུ་གསལ་ཡོད་པའི་བཟོ་འདྲ་ཞིག་གསུངས་པར་སྣང་ངོ་།།
དེས་ན་ཐོག་མར་འདིར་གོང་གི་ཚིག་རྣམས་གཞུང་ག་འདྲ་ཞིག་གི་ནང་གསལ་ཡོད་མེད་དཔྱད་པར་བྱ་དགོས་ཏེ། མཁན་ཆེན་བརྩོན་འགྲུས་མཆོག་གིས་ཡུམ་སྲས་བཅུ་བདུན་ཞེས་པའི་ཐ་སྙད་གསལ་སའི་གཞུང་དེའི་མཚན་ལ་ཀཽ་ཤི་ཀས་ཞུས་པ་ཞེས་བཀོད་འདུག་མོད། འོན་ཀྱང་དོན་ངོ་མར་གོང་གི་ཚིག་འདི་གསལ་སའི་གཞུང་གི་མཚན་ལ་ཀོའུ་ཤི་ཀའི་བཤགས་མདོ་ཞེས་བྱ་བ་དེ་ཡིན་ཏེ། ལྷ་སའི་ཤིང་པར་སོགས་པར་མ་ཁག་གི་ནང་གཞུང་འདིའི་མཇུག་བྱང་དུ། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཤགས་མདོ་རྫོགས་སོ། །ཞེས་གསལ་ཡོད་པ་དང་། ཤིང་པར་འགའ་ཞིག་གི་དབུའི་མཚན་བྱང་དུ་ཀོའུ་ཤི་ཀའི་བཤགས་མདོ་བཞུགས་སོ། །ཞེས་པའང་གསལ་ཡོད་པས་སོ།།
ཀོའུ་ཤི་ཀའི་བཤགས་མདོ་འདི་ནི་བཀའ་ཡིན་མིན་ལ་དཔྱད་པར་བྱ་བའི་གནས་ཏེ། མདོ་འདི་ནི་ད་ལྟ་དཀར་ཆག་འཕང་ཐང་མ་དང་། ལྡན་དཀར་མའི་ནང་ཡུམ་སྲས་བཅུ་བདུན་གྱི་གྲས་སུ་བགྲང་རྒྱུའི་ཀཽ་ཤི་ཀས་ཞུས་པ་ཞེས་པའི་མདོ་དེ་ནི་མིན་ཏེ། གཞུང་དེ་གཉིས་ཕན་ཚུན་གཤིབ་སྡུར་བྱས་པས་ཀྱང་ཤེས་ཐུབ་པ་དང་། གཞན་ཡང་གཞུང་དེ་ནི་ད་ལྟ་བཀའ་འགྱུར་པར་མ་ཁག་གང་གི་ནང་དུའང་མི་བཞུགས་ཤིང་། གཟུངས་འདུས་ནང་བཞག་ཡོད་པ་དང་།
ཡང་རྒྱུ་མཚན་གཞན་ཞིག་ཡོད་པ་ནི། ས་སྐྱ་པཎྜི་ཏས་མཛད་པའི་སྡོམ་གསུམ་རབ་དབྱེ་ལས།[2] ཀོའུ་ཤི་ཀའི་མདོ་དང་ནི། །དེ་བཞིན་འཕགས་པ་ཤིག་ཅན་དང་། །བློ་གྲོས་བཟང་མོ་ཆུང་ངུ་སོགས། །བོད་ཀྱིས་སྦྱར་བའི་མདོ་སྡེ་ཡིན། །ཞེས་ཀོའུ་ཤི་ཀའི་མདོ་དེ་ནི་བོད་ཀྱི་མཁས་པས་བརྩམས་པ་ལས། བཀའ་མིན་པར་གསུངས་ཡོད་པས། འདིའི་ཀོའུ་ཤི་ཀའི་མདོ་ཞེས་པ་དེ་ནི་གོང་དུ་ཞུས་པའི་ཀོའུ་ཤི་ཀའི་བཤགས་མདོ་དེ་ཡིན་པ་ལས། དཀར་ཆག་རྙིང་པའི་ཁག་ནང་ཡུམ་སྲས་བཅུ་བདུན་གྱི་གྲས་སུ་བགྲང་རྒྱུའི་ཀཽ་ཤི་ཀས་ཞུས་པའི་མདོ་དེ་མིན་ཏེ། མཁས་པས་མདོ་ཚད་ལྡན་དེ་འདྲ་བོད་ཀྱིས་སྦྱར་བ་ཡིན་པར་གསུང་ཡང་མི་སྲིད་དོ།།
མདོར་བསྡུས་ནས་བཤད་ན། ཚིག་རིས་ཙམ་ཞིག་གི་ངོས་ནས་གོ་བ་བླངས་ན་མཁན་ཆེན་བརྩོན་འགྲུས་མཆོག་གིས་མདོའི་མཚན་དེ་དཀར་ཆག་རྙིང་པ་ཁག་གི་ནང་བགྲང་རྒྱུའི་ཡུམ་སྲས་བཅུ་བདུན་གྱི་ནང་གསེས་ཀཽ་ཤི་ཀས་ཞུས་པའི་མདོའི་མཚན་དེ་དྲངས་ཤིང་། གཞུང་ཚིག་དེ་ཀོའུ་ཤི་ཀའི་བཤགས་མདོའི་ཚིག་དྲངས་འདུག་པ་ལྟ་བུར་སྣང་མོད། ཀོའུ་ཤི་ཀའི་བཤགས་མདོ་ནི་རྒྱ་གར་མཁས་པའི་གཞུང་མིན་པས། ཡུམ་སྲས་བཅུ་བདུན་ཞེས་པའི་ཐ་སྙད་དེ་རྒྱ་གར་མཁས་པའི་གཞུང་དུ་མི་གསལ་སྙམ་མོ།།
ཡང་ཀོའུ་ཤི་ཀའི་བཤགས་མདོའི་ནང་བཅོམ་ལྡན་འདས་བྱ་རྒོད་ཕུང་པོའི་རི་ལ་བཞུགས་ཏེ། ཤེར་ཕྱིན་ཡུམ་སྲས་བཅུ་བདུན་ཡོངས་སུ་རྫོགས་པའི་སྐབས་ན། ཞེས་པའི་ཚིག་འདི་རྣམས་ཀྱང་དོན་ལ་གནས་པ་མ་ཡིན་ཏེ། ཤེར་ཕྱིན་ཡུམ་སྲས་བཅུ་བདུན་པོ་ཡོངས་རྫོགས་བཅོམ་ལྡན་འདས་ཀྱིས་བྱ་རྒོད་ཕུང་པོའི་རི་ལ་བཞུགས་ནས་གསུངས་པ་ཡང་མ་ཡིན་ཏེ། དཀར་ཆག་རྙིང་པ་ཁག་ནང་བགྲངས་པའི་ཡུམ་སྲས་བཅུ་བདུན་ལས། འཕགས་པ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དང་། རྡོ་རྗེ་གཅོད་པ་དང་། ཤེར་ཕྱིན་ཚུལ་བརྒྱ་ལྔ་བཅུ་པ་སོགས་གནས་གཞན་དང་གཞན་དུ་གསུངས་པ་མདོ་རང་རང་གི་ནང་དངོས་སུ་གསལ་ཏེ། འཕགས་པ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པས་ཞུས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་ལས།[3] འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན། ཞེས་པ་དང་། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས།[4] འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། ཞེས་པ་དང་། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོ་ཉི་ཤུ་རྩ་ལྔ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས།[5] འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རི་རབ་ཀྱི་ཟོམ་ལ་ལྷ་ཐམས་ཅད་ཀྱི་མཚན་མོའི་གནས་ན་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དང་ཐབས་ཅིག་ཏུ་བཞུགས་ཏེ། ཞེས་པ་དང་། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས།[6] འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་སྟོང་ཐམ་པའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །ཞེས་པ་དང་། དེ་བཞིན་ཤེར་ཕྱིན་ཚུལ་བརྒྱ་ལྔ་བཅུ་པ་ཡང་རྒྱལ་པོའི་ཁབ་ཀྱི་བྱ་རྒོད་ཕུང་པོའི་རི་ལ་གསུངས་པར་གསལ་ཁ་མི་སྣང་ངོ་།།
བོད་དུ་ཡུམ་སྲས་བཅུ་བདུན་ཞེས་པའི་ཐ་སྙད་དེ་དུས་ནམ་ཞིག་བྱུང་མིན་ལ་དཔྱད་པ།
གོང་དུ་ཡུམ་སྲས་བཅུ་བདུན་ཞེས་པའི་ཐ་སྙད་དེ་རྒྱ་གར་མཁས་པའི་གཞུང་དུ་མི་གསལ་ཚུལ་ཞུས་ཟིན་ནས། ས་བཅད་འདིའི་ནང་ཐ་སྙད་དེ་བོད་དུ་ནམ་ཞིག་ལ་དར་བ་དང་། ཐོག་མར་བསྟན་བཅོས་གང་ཞིག་གི་ནང་གསལ་ཡོད་པའི་སྐོར་བཅས་ཞུ་བར་བྱ་སྟེ།
ཡུམ་སྲས་བཅུ་བདུན་ཞེས་པའི་ཐ་སྙད་དེ་བོད་ཀྱི་བཙན་པོའི་དུས་སྐབས་སུ་བྱུང་བར་སྣང་སྟེ། བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་དུས་སྐབས་སུ་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་སོགས་ཀྱིས་བརྩམས་པའི་དཀར་ཆག་འཕང་ཐང་མ་དང་། དཀར་ཆག་ལྡན་དཀར་མ་གཉིས་ལས། དཀར་ཆག་འཕང་ཐང་མའི་ནང་གསལ་ཏེ།
དཀར་ཆག་འཕང་ཐང་མ་ལས།[7] འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་མདོ་སྡེའི་མཚན་བྱང་དང་བམ་གྲངས་ལ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚར་ལ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་ཤློཀ་འབུམ་བམ་པོ་སུམ་བརྒྱ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤློཀ་ཉི་ཁྲི་ལྔ་སྟོང་པ། ཤློཀ་ཉི་ཁྲི་ལྔ་སྟོང་། བམ་པོ་བརྒྱད་ཅུ་རྩ་གསུམ་དང་ཤློཀ་བརྒྱ་ཟེར། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ཤློཀ་ཁྲི་བརྒྱད་སྟོང་སྟེ། བམ་པོ་དྲུག་ཅུ་རྩ་ལྔ་ལྡན་དཀར་མར་འབྱུང་སྟེ་དཔྱད། བམ་པོ་དྲུག་ཅུ་རྩ་བཞི། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ། ཤློཀ་ཁྲི་སྟེ། བམ་པོ་སུམ་ཅུ་རྩ་གསུམ་དང་ཤློཀ་བརྒྱ་ཞེས་པའང་སྣང་(ལྡན།) འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ། ཤློཀ་བརྒྱད་སྟོང་སྟེ། ལྷན་དུ་བམ་པོ་ཉེར་དྲུག་དང་ཤློཀ་བརྒྱ་འདིར་བྱོན། བམ་པོ་ཉི་ཤུ་རྩ་བཞི། འཕགས་པ་ཤེས་རབ་ཀྱི་རྩལ་ཀྱིས་རྣམ་པར་གནོན་པ་ཤློཀ་ཉི་སྟོང་ཆིག་བརྒྱ་དྲུག་བཅུ་སྟེ། བམ་པོ་བདུན་དང་ཤློཀ་དྲུག་བཅུ། འཕགས་པ་བདུན་བརྒྱ་པ་ཤློཀ་བདུན་བརྒྱ་སྟེེ་བམ་པོ་གཉིས་དང་ཤློཀ་བརྒྱ། འཕགས་པ་ལྔ་བརྒྱ་པ་ཤློཀ་ལྔ་བརྒྱ་སྟེ། བམ་པོ་ཅིག་དང་ཤློཀ་བརྒྱད། འཕགས་པ་རྡོ་རྗེ་གཅོད་པ་བམ་པོ་གཅིག་སྟེ་ཤློཀ་སུམ་བརྒྱ། འཕགས་པ་བསྡུད་པ་ཚིགས་སུ་བཅད་པ་ཤློཀ་སུམ་བརྒྱ་སྟེ་བམ་པོ་གཅིག འཕགས་པ་ཚུལ་བརྒྱ་ལྔ་བཅུ་པ་ཤློཀ་བརྒྱ་ལྔ་བཅུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་བརྒྱ་རྩ་བརྒྱད་པ་ཤློཀ་བརྒྱ་དང་བརྒྱད། འཕགས་པ་ལྔ་བཅུ་པ་ཤློཀ་ལྔ་བཅུ། འཕགས་པ་ཀེའུ་ཥི་ཀ་ཤློཀ་སུམ་ཅུ་རྩ་ཅིག འཕགས་པ་ཤེས་རབ་སྙིང་པོ་ཤློཀ་ཉེར་བརྒྱད། འཕགས་པ་ཉི་ཤུ་རྩ་ལྔ་པ་ཤློཀ་ཉི་ཤུ་རྩ་ལྔ། འཕགས་པ་ཡི་གེ་ཉུང་ངུ་ཤློཀ་སུམ་བཅུ། སྲས་ཡུམ་བཅུ་བདུན་ནོ། །ཞེས་གསུངས་སོ།།
འདིར་ཞོར་དུ་གསལ་བཤད་ཞུ་དགོས་ངེས་ཤིག་ནི། ཁོ་བོས་གོང་གི་ཡུམ་སྲས་བཅུ་བདུན་ཞེས་པའི་ཐ་སྙད་གསལ་སའི་དཀར་ཆག་དེ་བོད་ཀྱི་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐབས་སུ་བརྩམས་པར་བཤད་མོད། འོན་ཀྱང་བཙན་པོ་སུ་ཞིག་གི་དུས་སུ་བརྩམས་མིན་ལའང་བཞེད་པ་མི་འདྲ་བར་སྣང་སྟེ། དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་པའི་དགའ་སྟོན་དང་། བུ་སྟོན་ཆོས་འབྱུང་གཉིས་སུ་དཀར་ཆག་དེ་གཉིས་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་བྱུང་བར་གསུངས་ཤིང་། སི་ཏུ་ཆོས་ཀྱི་འབྱུང་གནས་དང་། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན། ཁོང་གཉིས་ཀྱི་བཞེད་པའི་རྗེས་སུ་འབྲངས་པའི་དུང་དཀར་བློ་བཟང་ཕྲིན་ལས་སོགས་ཀྱིས་བཙན་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་ཀྱི་དུས་སུ་བརྩམས་པར་བཤད་པས། ཁོ་བོས་ཀྱང་རེ་ཞིག་བཞེད་པ་ཕྱི་མ་འདི་ཉིད་འཐད་ཕྱོགས་སུ་བཟུང་ནས་དེ་ལྟར་བཤད་པ་ཡིན་ནོ།།
ཡང་དུས་རབས་ ༡༤ ནང་བྱོན་པའི་ཡར་རྗེ་ཨོ་རྒྱན་གླིང་པ་[8]དང་། སྒོམ་པ་ཤཱཀྱ་བཟང་པོ་གཉིས་ཀྱིས་ཡར་ལུང་ཤེལ་བྲག་གི་བྲག་ཕུག་ནས་གཏེར་དུ་བཞེས་པའི་བཀའ་ཐང་ཤེལ་བྲག་མའམ། ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ཞེས་པ་ལས།[9] བར་པ་བྱང་སེམས་ཆོས་ཀྱི་འགྱུར་བྱང་ལ༔ ཕ་རོལ་ཕྱིན་པ་ཡུམ་སྲས་བཅུ་བདུན་དང་༔ ཤེར་ཕྱིན་སྟོང་ཉིད་གཙོར་སྟོན་མདོ་མང་འགྱུར༔ ཞེས་ཡུམ་སྲས་བཅུ་བདུན་གྱི་ཐ་སྙད་དང་གྲངས་དེ་ལྟར་གསལ་ཡོད་དོ།།
ཡུམ་སྲས་བཅུ་བདུན་ཞེས་པའི་ཐ་སྙད་དང་གྲངས་རྩི་ཚུལ་ལ་དགག་སྒྲུབ་སུས་བྱས་མིན་ལ་དཔྱད་པ།
བོད་གངས་ཅན་ལྗོངས་སུ་བསྟན་པ་སྔ་དར་སྐབས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་འབུམ་ཊིཀ་གཅིག་བརྩམས་པ་ལས། མཁས་པ་གཞན་གྱིས་ཤེར་ཕྱིན་གྱི་འགྲེལ་པ་བརྩམས་པ་ཞིག་ལོ་རྒྱུས་ཐོག་ཏུ་མི་གསལ་ཞིང་། ད་ལྟའི་ཆར་དེ་འདྲའི་བསྟན་བཅོས་ཤིག་མཐོང་རྒྱུ་མེད་པ་རེད། དེས་ན་བསྟན་པ་སྔ་དར་སྐབས་དཀར་ཆག་འཕང་ཐང་མའི་ནང་གསལ་བའི་ཡུམ་སྲས་བཅུ་བདུན་ཞེས་པའི་ཐ་སྙད་དང་། གྲངས་རྩི་ཚུལ་ལ་དགག་སྒྲུབ་དེ་བྱུང་མེད་སྙམ་མོ།།
དེའི་སྐོར་གྱི་དགག་སྒྲུབ་ནི་བསྟན་པ་ཕྱི་དར་ནས་བཟུང་བོད་ཀྱི་མཁས་པ་སོ་སོས་ཤེར་ཕྱིན་གྱི་མདོ་དང་། རྒྱ་གར་གྱི་མཁས་པས་མཛད་པའི་ཤེར་ཕྱིན་མདོའི་དགོངས་འགྲེལ་བསྟན་བཅོས་རྣམས་ལ་འགྲེལ་པ་རྒྱག་འགོ་བཙུགས་ནས། གླེགས་བམ་གྲངས་ཀྱིས་མི་ལོངས་པ་ཞིག་རྩོམ་པའི་དུས་དང་བསྟུན་ནས་བྱུང་བར་སྣང་སྟེ།
བསྟན་པ་ཕྱི་དར་སྐབས་བོད་ཀྱི་མཁས་པས་མཛད་པའི་ཤེར་ཕྱིན་གྱི་འགྲེལ་པའི་བསྟན་བཅོས་ཐོག་མ་ནི་[10]རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་[11]ཀྱིས་མཛད་པའི་«མངོན་པར་རྟོགས་པའི་རྒྱན་འགྲེལ་རིན་ཆེན་སྒྲོན་མེ།» «ཤེས་རབ་སྙིང་པོའི་འགྲེལ་པ།» «ལོ་ཙཱ་བ་ཆེན་པོོའི་བསྡུས་དོན།» ཞེས་པ་ད་ལྟ་ཁོང་གི་གསུང་འབུམ་ནང་མཇལ་དུ་ཡོད་པ་དེ་དག་ཡིན་ནམ་སྙམ་མོ། །དེའི་རྗེས་ནས་རྔོག་ལོ་ཆེན་པོའི་ཐུགས་སྲས་བཞིའི་ཡ་གྱལ་ལས། ཞང་གྲོང་ལུང་པ་བློ་གྲོས་འབྱུང་གནས་ཀྱིས་མཛད་པ་[12]«ཡུམ་བར་པ་ཉི་ཁྲི་རྣམ་བཤད།» «མདོ་སྡུད་པའི་འགྲེལ་པ།» «བརྒྱད་སྟོང་འགྲེལ་ཆེན་གྱི་བཤད་པ།»བཅས་ད་ལྟ་ཁོང་གི་གསུང་འབུམ་ནང་མཇལ་དུ་ཡོད་པ་དེ་དག་དང་། འབྲེ་ཆེན་པོ་ཤེས་རབ་འབར་[13]གྱིས་མཛད་པ་ད་ལྟ་ཁོང་གི་གསུང་འབུམ་ནང་མཇལ་དུ་ཡོད་པའི་«བརྒྱད་སྟོང་པའི་དོན་བསྡུས།»ཞེས་པ་བརྩམས་པ་ནས་རིམ་བཞིན་བོད་ཀྱི་མཁས་པ་སོ་སོས་ཤེར་ཕྱིན་གྱི་དགོངས་འགྲེལ་ཅི་རིགས་རྩོམ་པའི་དབུ་ཚུགས་པར་སྣང་ངོ་།།
འོ་ན་བསྟན་པ་ཕྱི་དར་སྐབས་ཡུམ་སྲས་བཅུ་བདུན་ཞེས་པའི་ཐ་སྙད་དང་། གྲངས་ལ་དགག་སྒྲུབ་ཀྱི་རྣམ་གཞག་དེ་དུས་ནམ་ཞིག་ལ། མཁས་པ་སུ་ཞིག་གིས་བརྩམས་པའི་བསྟན་བཅོས་ནང་དུ་གསལ་ཡོད་སྙམ་ན། ད་ལྟ་མཇལ་དུ་ཡོད་པའི་རྔོག་ལོ་ཆེན་པོ་དང་། ཞང་གྲོང་ལུང་པ་བློ་གྲོས་འབྱུང་གནས་དང་། འབྲེ་ཆེན་པོ་ཤེས་རབ་འབར་གྱིས་མཛད་པའི་གོང་ཞུས་ཀྱི་བསྟན་བཅོས་ཁག་གི་ནང་དེའི་སྐོར་ལ་གང་ཡང་མེད་མོད། འོན་ཀྱང་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་«ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེེལ་པ་དང་བཅས་པའི་སྔ་ཕྱིའི་འབྲེལ་རྣམ་པར་བཙལ་ཞིང་། དངོས་བསྟན་གྱི་དཀའ་བའི་གནས་ལ་ལེགས་པར་བཤད་པའི་དཔུང་ཚོགས་རྣམ་པར་བཀོད་པ། བཞེད་ཚུལ་རྦ་རླབས་ཀྱི་ཕྲེང་བ།»ཞེས་པ་ལས།[14] དྲུག་པོ་འདི་ལ་བསམ་ཡས་ཀྱི་དཀར་ཆག་ཏུ་ཡུམ་དྲུག་ཅེས་བྲིས་སོ། །རབ་རྩལ་རྣམ་གནོན་གྱིས་ཞུས་པ་ཤླཽ་ཀ་ཉི་ཤུ་རྩ་ལྔ་པ་དང་། ཡི་གེ་ཉུང་ངུ་ཤླཽ་ཀ་སུམ་ཅུ་པ་དང་། ཡི་གེ་གཅིག་མ་དང་། དེ་དག་གི་སྟེང་དུ་དཀོན་མཆོག་བརྩེགས་པའི་འདུས་པ་བཞི་བཅུ་རྩ་དྲུག་པ་ཤེར་ཕྱིན་བདུན་བརྒྱ་པ་བསྣན་ནས། དེ་དག་ལ་སྲས་བཅུ་གཅིག་གི་ཐ་སྙད་མཛད་དོ། །འདི་ལ་བརྟེན་ནས་སློབ་དཔོན་སྔ་མ་རྣམས་ཀྱིས། སྲས་ཡུམ་བཅུ་བདུན་ཞེས་པའི་ཐ་སྙད་མཛད་ཅིང་། མངོན་པར་རྟོགས་པ་བརྒྱད་དུ་ཕྱེ་ནས་སྟོན་པ་ལ་ཡུམ་དང་མ་ཕྱེ་བར་སྟོན་པ་ལ་སྲས་སུ་འཇོག་ཟེར་རོ། །བཅོམ་ལྡན་རལ་གྲི་ན་རེ། ཡུམ་སྲས་སུ་ཕྱེ་བའི་ཐ་སྙད་དང་གྲངས་ངེས་གཉིས་ཀ་བོར་བ་ཡིན་ཏེ། ཤེར་ཕྱིན་མཚན་བརྒྱ་རྩ་བརྒྱད་པ་དང་། ཤེར་ཕྱིན་ཉི་མའི་སྙིང་པོ་དང་། ཟླ་བའི་སྙིང་པོ་དང་། སྙིང་པོའི་གཟུངས་དང་། ལག་ན་རྡོ་རྗེ་དང་། ཤེར་ཕྱིན་རྡོ་རྗེ་རྒྱལ་མཚན་ཏེ། དྲུག་པོ་དེ་དག་ཀྱང་ཤེར་ཕྱིན་གྱི་མདོ་ཡིན་པའི་ཕྱིར་དང་། སྲས་ཀྱི་ཐ་སྙད་གང་ནས་ཀྱང་བཤད་པ་མེད་པའི་ཕྱིར། ཞེས་གསུངས་ཏེ། ལེགས་པའོ། །ཞེས་གསུངས་སོ། །དེས་ན་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་བཅོམ་ལྡན་རིག་པའི་རལ་གྲིས་ཡུམ་སྲས་བཅུ་བདུན་གྱི་ཐ་སྙད་དང་གྲངས་གཉིས་ཀ་ལ་དགག་སྒྲུབ་བྱས་ཡོད་པར་གསུངས་པས་བཅོམ་ལྡན་རིག་རལ་གྱིས་མཛད་པའིཤེར་ཕྱིན་གྱི་འགྲེལ་པ་ཁག་ལ་བརྟག་པར་བྱ་སྟེ།
བཅོམ་ལྡན་རིག་པའི་རལ་གྲི་ནི་དུང་དཀར་ཚིག་མཛོད་ལྟར་ན་དུས་རབས་བཅུ་གཉིས་པའི་མགོར་བྱུང་བར་གསུངས་ལ། ཁོང་གིས་མཛད་པའི་ཤེར་ཕྱིན་གྱི་འགྲེལ་པ་ལ་ད་ལྟ་ཁོང་གི་གསུང་འབུམ་ནང་མཇལ་དུ་ཡོད་པ་ནི་«ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་བཤད་མངོན་པར་རྟོགས་པའི་རྒྱན་གྱི་མེ་ཏོག» «ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་རྒྱན་གྱི་མེ་ཏོག» «བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་རྒྱན་གྱི་མེ་ཏོག» «ཡུམ་ཤེར་ཕྱིན་གྱི་མན་ངག»བཅས་ཆོས་ཚན་བཞི་ཙམ་བཞུགས་ནའང་། དེ་དག་གི་ནང་ཡུམ་སྲས་བཅུ་བདུན་གྱི་ཐ་སྙད་དང་། གྲངས་ལ་དགག་སྒྲུབ་བྱས་པ་མི་སྣང་ངོ་། །འོན་ཀྱང་མཛད་བྱང་དུ་བཅོམ་ལྡན་རིག་རལ་རང་ཉིད་ཀྱིས་མཛད་པར་གསལ་བའི་བཅོམ་ལྡན་རིག་པའི་རལ་གྲི་རང་ཉིད་ཀྱིས་བསྟན་བཅོས་གང་བརྩམས་པ་དཀར་ཆག་ཏུ་བྲིས་པའི་ཆོས་ཚན་དེའི་ནང་«རྒྱལ་བའི་སྲས་ཡུམ་ཉི་ཤུ་དབུ་མ་དང་སེམས་ཙམ་གཉིས་ཀྱི་ལུགས་སུ་མི་འདྲ་བ་སློབ་དཔོན་དྲུག་གི་འདོད་པ་བཀོད་པ་རྒྱན་གྱི་མེ་ཏོག»ཅེས་པའི་ཆོས་ཚན་ཞིག་ཡོད་པར་གསལ་ཡང་། ད་ལྟ་མཇལ་དུ་ཡོད་པའི་གསུང་འབུམ་ནང་མི་བཞུགས་པས། དུས་འཁྲུག་གིས་རྐྱེན་པས་བོར་བརླག་ཕྱིན་པ་ཡིན་ནམ། བསྟན་བཅོས་དེའི་མཚན་བྱང་དུ་རྒྱལ་བའི་སྲས་ཡུམ་ཉི་ཤུ་ཞེས་ནམ་རྒྱུན་དང་མི་འདྲ་བར་ཐ་སྙད་དམིགས་བསལ་བ་ཞིག་བེད་སྤྱོད་བཏང་འདུག་པས། ཤཱཀྱ་མཆོག་ལྡན་གྱིས་གསུངས་པ་ལྟར་དེའི་ནང་ཡུམ་སྲས་བཅུ་བདུན་གྱི་ཐ་སྙད་དང་། གྲངས་ལ་དགག་སྒྲུབ་བྱས་པའི་རྣམ་གཞག་དེ་ཡོད་ཀྱང་སྲིད་མོད། ད་ལྟའི་ཆར་བསྟན་བཅོས་དེ་མཇལ་དུ་མེད་པ་ཡིན། མདོར་བསྡུས་ན་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་གསུངས་པ་ལྟར་བཅོམ་ལྡན་རིག་པའི་རལ་གྲིས་ཡུམ་སྲས་བཅུ་བདུན་གྱི་ཐ་སྙད་དང་གྲངས་ལ་དགག་སྒྲུབ་བྱས་པ་ཞིག་ད་ཡོད་ཁོང་གི་གསུང་འབུམ་ནང་མཇལ་དུ་མེད་པ་ཡིན་མོད། འོན་ཀྱང་དུས་འགྱུར་གྱི་དབང་གིས་བཅོམ་ལྡན་རིག་རལ་གྱི་གསུང་རྩོམ་དུ་མ་ཞིག་བོར་བརླག་ཏུའང་ཕྱིན་ཡོད་པར་སྣང་བས། དེས་ན་ཁོང་གིས་དེ་ལྟར་དགག་སྒྲུབ་བྱས་ཡོད་མེད་ལ་མཐའ་གཅིག་ཏུ་ཁ་ཚོན་བཅད་ནས་བཤད་མ་སྤོབས་སོ།།
ཡང་སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་«བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་རྣམ་བཤད་རྣམ་པ་གཉིས་ཀྱི་དཀའ་བའི་གནད་གསལ་བར་བྱེད་པ་ལེགས་བཤད་སྐལ་བཟང་ཀླུ་དབང་གི་རོལ་མཚོ་ཞེས་བྱ་བའི་སྐབས་དང་པོའི་སྤྱི་དོན་»ལས།[15] དེ་རྣམས་ཀྱི་ནང་ནས་འདིའི་བཤད་བྱ་རྩ་བའི་མདོ་ལ་སྔ་རབས་པ་ཁ་ཅིག དེ་ལ་ཡུམ་སྲས་བཅུ་བདུན་དུ་ཡོད་དེ། ཡུམ་དྲུག སྲས་བཅུ་གཅིག་ཏུ་ཡོད་པའི་ཕྱིར། ཞེས་པ་ནས། ཤེར་ཕྱིན་གྱི་མདོ་ལ་བཅུ་བདུན་གྱིས་གྲངས་ངེས་བྱེད་པ་མི་འཐད་དེ། དེ་གྲངས་ཉུང་བའི་སྐྱོན་ཡང་ཡོད། དེ་གྲངས་མང་བའི་སྐྱོན་ཡང་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། ཤེར་ཕྱིན་ཉི་མའི་སྙིང་པོ། ཟླ་བའི་སྙིང་པོ། ཀུན་ཏུ་བཟང་པོ། ལག་ན་རྡོ་རྗེ། རྡོ་རྗེ་རྒྱལ་མཚན་གྱིས་ཞུས་པ་རྣམས་དེར་མ་འདུས་པའི་ཕྱིར། གཉིས་པ་གྲུབ་སྟེ། ཁྲི་བརྒྱད་སྟོང་པ་ལ་ལེའུ་གྱ་བདུན་ཡོད་པའི་མདོ་སྡུད་པ་ལེའུ་གྱ་བཞི་པ་ཡིན་པས། དེ་ཟུར་པར་འདྲེན་ན་ལེའུ་གཞན་རྣམས་ལའང་མཚུངས་པའི་ཕྱིར། ཨར་ཆེན་པོ་དང་ཕྱིས་ཀྱི་མཁས་པ་ཁ་ཅིག ལུགས་དེ་བཀག་ནས། ཞེས་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་གསུངས་པ་ལྟར་ན། སྔ་རབས་རྣམས་ཀྱིས་ཤེར་ཕྱིན་ཡུམ་སྲས་བཅུ་བདུན་འདོད་པ་ལ། ཨར་བྱང་ཆུབ་ཡེ་ཤེས་ཀྱིས་ལུགས་དེ་བཀག་ཡོད་ཚུལ་གསུངས་འདུག
འོན་ཀྱང་ད་ལྟ་ཨར་བྱང་ཆུབ་ཡེ་ཤེས་ཀྱིས་མཛད་པའི་«ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་རྒྱ་ཆེར་འགྲེལ་པ།» ཞེས་པ་ཤེས་རབ་སྙིང་པོོའི་འགྲེལ་པ་དང་། «མངོན་རྟོགས་རྒྱན་གྱི་འགྲེལ་པ་རྣམ་པར་འབྱེད་པ།» ཞེས་པའི་བསྟན་བཅོས་གཉིས་པོའི་ནང་དེ་འདྲའི་དགག་སྒྲུབ་བྱས་པ་མི་སྣང་བས། འདི་ཡང་ཐེ་ཚོམ་གྱི་གནས་སུ་མཆིས་སོ།།
དེས་ན་བསྟན་པ་ཕྱི་དར་སྐབས་འདིར་སྔ་དར་སྐབས་ཀྱི་དཀར་ཆག་འཕང་ཐང་མའི་ནང་བྲིས་པའི་ཡུམ་སྲས་བཅུ་བདུན་གྱི་ཐ་སྙད་དང་གྲངས་ལ་དགག་སྒྲུབ་ཀྱི་རྣམ་གཞག་བྱེད་མཁན་དེ་ནི། ས་སྐྱ་པའི་ཤཱཀྱ་མཆོག་ལྡན་གྱིས་གསུངས་པ་ལྟར་ན་བཅོམ་ལྡན་རིག་རལ་དང་། སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་ཨར་བྱང་ཆུབ་ཡེ་ཤེས་ཡིན་པར་གསུངས་ནའང་། ད་ལྟ་ཨར་དང་རིག་རལ་གྱི་གསུང་རྩོམ་ནང་མཇལ་དུ་མེད་པས་དོན་ངོ་མར་ཨར་དང་རིག་རལ་གྱིས་དེ་ལྟ་བུའི་དགག་སྒྲུབ་བྱས་ཡོད་མེད་ལ་དཔྱད་པའི་གཞི་རུ་གནས་སོ།།
དེ་ལྟ་ནའང་བསྟན་པ་ཕྱི་དར་སྐབས་དེ་ལྟའི་དགག་སྒྲུབ་བྱེད་མཁན་གཏན་ནས་མ་བྱུང་བའང་མིན་ཏེ། དེའི་སྐོར་བུ་སྟོན་ཆོས་འབྱུང་དུ་འདི་ལྟར་གསལ་ཏེ། བུ་སྟོན་ཆོས་འབྱུང་ལས།[16] ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་བམ་པོ་སུམ་བརྒྱ་སྟེ་ཉང་ཁམས་པ་གོ་ཆ། བཻ་རོ་ཙ་ན། ལྕེ་ཁྱི་འབྲུག ཞང་ཡེ་ཤེས་སྡེ་ལ་སོགས་པའི་འགྱུར་བྱང་དྲུག་ཡོད་པར་གྲགས་སོ། །ཞེས་པ་ནས། ཡི་གེ་ཉུང་ངུ་ཤོ་ལོ་ཀ་སུམ་ཅུ། ཡི་གེ་གཅིག་མ། འདིའི་སྟེང་དུ་དཀོན་བརྩེགས་ཀྱི་འདུས་པ་བཞི་བཅུ་རྩ་དྲུག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པ་བསྣན་པས་སྲས་བཅུ་གཅིག་སྟེ་སྲས་ཡུམ་བཅུ་བདུན་ཞེས་གྲགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་བརྒྱ་རྩ་བརྒྱད་པ་ཤོ་ལོ་ཀ་སུམ་ཅུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉི་མའི་སྙིང་པོ། ཤེར་ཕྱིན་ཟླ་བའི་སྙིང་པོ། ཤེར་ཕྱིན་ཀུན་ཏུ་བཟང་པོ། ཤེར་ཕྱིན་ལག་ན་རྡོ་རྗེ། ཤེར་ཕྱིན་རྡོ་རྗེ་རྒྱལ་མཚན་གྱི་མདོ་སྟེ། དྲུག་པོ་དེ་དག་ཀྱང་ཤེར་ཕྱིན་ཡིན་པས་སྲས་ཡུམ་བཅུ་བདུན་ཞེས་ཡུམ་དང་སྲས་སུ་ཕྱེ་བའི་དོན་དང་གྲངས་གཉིས་ཀ་ནོར་བའོ་ཞེས་ཁ་ཅིག་གོ །ཞེས་གསུངས་པ་ལྟར།
དུས་རབས་བཅུ་གསུམ་ནང་བྱོན་པའི་བུ་སྟོན་རིན་ཆེན་གྲུབ་[17]ཀྱིས་ཡུམ་སྲས་བཅུ་བདུན་ཞེས་ཐ་སྙད་ཡོངས་སུ་གྲགས་པ་དང་། ཡུམ་དང་སྲས་སུ་ཕྱེ་བའི་དོན་དང་གྲངས་གཉིས་ཀ་ནོར་ཞེས་ཁ་ཅིག་གིས་དེ་ལྟར་སྨྲས་པར་གསུངས་པ་ལ་བལྟས་ན། བསྟན་པ་ཕྱི་དར་སྐབས་ཡུམ་སྲས་བཅུ་བདུན་གྱི་ཐ་སྙད་དང་གྲངས་ལ་དགག་སྒྲུབ་ཀྱི་རྣམ་གཞག་དེ་དུས་རབས་བཅུ་གསུམ་མམ་དེའི་ཡན་ནས་བྱུང་ཡོད་པ་དང་། བུ་སྟོན་རིན་ཆེན་གྲུབ་རང་ཉིད་ཀྱིས་དེ་འདྲའི་ནོར་བར་སྨྲ་བ་ནི་ཁ་ཅིག་གི་གྲས་སུ་བཞག་ནས། རང་གི་ཞེ་འདོད་དེ་ལྟར་མིན་པར་མཚོན་ཡོད་པ་རེད།
ཡང་སྙིང་མདོར་དྲིལ་ནས་ཞུས་ན། བསྟན་པ་སྔ་དར་སྐབས་བཙན་པོའི་དུས་སུ་བརྩམས་པའི་དཀར་ཆག་འཕང་ཐང་མའི་ནང་ཡུམ་སྲས་བཅུ་བདུན་དུ་བརྩིས་པ་དེ་ལ། བསྟན་པ་ཕྱི་དར་གྱི་མཁས་པ་འགའ་ཞིག་གིས་ཐ་སྙད་དང་གྲངས་གཉིས་ཀ་ནོར་འདུག་ཅེས་དགག་སྒྲུབ་བྱས་ཡོད་ནའང་། དོན་ངོ་མར་མཁས་པ་སུ་ཞིག་གིས་བསྟན་བཅོས་གང་ཞིག་ཏུ་བྱས་ཡོད་མེད་ཐད་ལ་ཡིག་ཆ་ཁ་གསལ་ཞིག་མ་རྙེད། བསྟན་པ་ཕྱི་དར་གྱི་དུས་འགོར་བཀའ་གདམས་པའི་མཁས་གྲུབ་རིམ་བྱོན་རྣམས་བྱུང་སྟེ། རྔོག་ལེགས་པའི་ཤེས་རབ། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ། རྔོག་ལོ་ཆེན་པོའི་ཐུགས་སྲས་བཞི་སྟེ་ཞང་གྲོ་ལུང་པ་བློ་གྲོས་འབྱུང་གནས། འབྲེ་ཆེན་པོ་ཤེས་རབ་འབར་སོགས་བཀའ་གདམས་པའི་མཁས་པ་རྣམས་ཀྱིས་ཤེར་ཕྱིན་གྱི་འགྲེལ་པ་རྒྱས་བསྡུས་ཅི་རིགས་བརྩམས་ནས། ད་ལྟ་ང་ཚོའི་མིག་སྔར་མཇལ་དུ་ཡོད་པའི་བཀའ་གདམས་པའི་གསུང་འབུམ་ཕྱོགས་བསྒྲིགས་ཁྲོད་ཤེར་ཕྱིན་གྱི་འགྲེལ་པ་བཅུ་ཕྲག་གཉིས་མ་ཟིན་ཙམ་ཡོད་ནའང་། དེ་དག་གི་ནང་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་རྣམ་གཞག་བྱས་པ་ཙམ་ལས། ཡུམ་སྲས་བཅུ་བདུན་གྱི་ཐ་སྙད་དང་། གྲངས་ལ་དགག་སྒྲུབ་བྱས་པ་མི་སྣང་བས། ཁོ་བོའི་མཐོང་ཚུལ་ལྟར་ན་དེ་ལྟའི་དགག་སྒྲུབ་ཀྱི་རྣམ་གཞག་དེ་བཀའ་གདམས་རྙིང་མའི་སྐབས་ཕལ་ཆེར་བྱུང་མེད་པ་ལྟ་བུར་སྣང་ངོ་།།
འོན་ཀྱང་དུས་རབས་བཅུ་གསུམ་མམ་དེའི་ཡར་སྔོན་ཞིག་ནས་དེ་ལྟའི་དགག་སྒྲུབ་ཀྱི་རྣམ་གཞག་དེ་བྱུང་ཡོད་པ་ནི་བུ་སྟོན་ཆོས་འབྱུང་ལས་ཤེས་ཐུབ་པ་གོང་ཞུས་ལྟར་རོ།།
ཡུམ་སྲས་བཅུ་བདུན་གྲངས་འདྲེན་ལུགས་ལ་དཔྱད་པ།
གོང་ཞུས་བཙན་པོའི་དུས་སྐབས་སུ་བརྩམས་པའི་དཀར་ཆག་འཕང་ཐང་མའི་ནང་ཡུམ་སྲས་བཅུ་བདུན་གྱི་གྲངས་ནི་འདི་ལྟར་བརྩིས་ཡོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ། ཉི་ཁྲི་ལྔ་སྟོང་པ། ཁྲི་བརྒྱད་སྟོང་པ། ཤེས་རབ་ཁྲི་པ། བརྒྱད་སྟོང་པ། ཤེས་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ཤེར་ཕྱིན་བདུན་བརྒྱ་པ། ཤེར་ཕྱིན་ལྔ་བརྒྱ་པ། རྡོ་རྗེ་གཅོད་པ། སྡུད་པ་ཚིགས་སུ་བཅད་པ། ཚུལ་བརྒྱ་ལྔ་བཅུ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་བརྒྱ་རྩ་བརྒྱད་པ། འཕགས་པ་ལྔ་བཅུ་པ། ཀཽའུ་ཤི་ཀ ཤེས་རབ་སྙིང་པོ། སྒོ་ཉེར་ལྔ་པ། ཡི་གེ་ཉུང་ངུ་བཅས་གྲངས་བཅུ་བདུན་དུ་བརྩིས་ཡོད།
འོན་ཀྱང་ཕྱི་རབས་པའི་མཁས་པ་རྣམས་ཀྱིས་ཡུམ་སྲས་བཅུ་བདུན་ཞེས་པའི་ཐ་སྙད་དང་གྲངས་གཉིས་ཀ་ནོར་འདུག་ཅེས་སྔ་རབས་པ་ལ་སྐྱོན་བརྗོད་བྱེད་སྐབས། ཡུམ་སྲས་བཅུ་བདུན་གྱི་གྲངས་འདྲེན་སྟངས་དེ་སྔ་རབས་པའི་ལུགས་དང་ཅུང་མི་མཐུན་པར་སྣང་སྟེ། དཀར་ཆག་འཕང་ཐང་མའི་ནང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་བརྒྱ་རྩ་བརྒྱད་པ་བགྲངས་ཡོད་ནའང་། ཕྱིས་ཀྱི་མཁས་མཆོག་བུ་སྟོན་དང་། ཤཱཀྱ་མཆོག་ལྡན། གོ་རམས་པ། རྗེ་ཙོང་ཁ་པ་སོགས་ཀྱིས་གཅིག་གྱུར་གྱི་ཚུལ་དུ་ཤེར་ཕྱིན་མཚན་བརྒྱ་རྩ་བརྒྱད་པ་མ་བགྲངས་པར་ཤེར་ཕྱིན་ཡི་གེ་གཅིག་མ་དེ་བགྲངས་གནང་ཡོད། ཞིབ་ཏུ་བསམས་ན་གཅིག་གིས་འབེན་ལ་མ་གཟས་པར་མདའ་འཕངས་པ་དང་དེའི་རྗེས་ཀྱི་མཁས་པ་གཞན་ཚོས་ཀྱང་འུར་བརྒྱབ་པ་འདྲ་ཞིག་སྣང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་བརྒྱ་རྩ་བརྒྱད་པ་ནི་སྔ་འགྱུར་བའི་དུས་སུ་བསྒྱུར་ཡོད་པ་དཀར་ཆག་ལྡན་དཀར་མ་དང་འཕང་ཐང་མ་གཉིས་ཀའི་ནང་གསལ་ཡོད་ནའང་། ཤེར་ཕྱིན་ཡི་གེ་གཅིག་མ་ནི་དཀར་ཆག་གཉིས་ཀའི་ནང་གསལ་མེད། ལྷག་པར་དུ་དཀར་ཆག་འཕང་ཐང་མ་ལས།[18] ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡེ་ཆུང་ངུ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་བཅུ་པ། ཤློཀ་ལྔ་བཅུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀེའུ་ཤི་ཀ ཤློཀ་སུམ་ཅུ་རྩ་གཅིག ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉུང་ངུ་། ཤློཀ་སུམ་བཅུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྙིང་པོ། ཤློཀ་སུམ་བཅུ། ཞེས་ཤེར་ཕྱིན་གྱི་མདོ་ཕྲན་རྣམས་ལོགས་སུ་གྲངས་འདྲེན་གནང་ཡོད་ནའང་། ཤེར་ཕྱིན་ཡི་གེ་ཉུང་ངུ་དེར་བཀོད་མེད་པས། སྐབས་དེ་དུས་ཤེར་ཕྱིན་ཡི་གེ་གཅིག་མ་བསྒྱུར་ཟིན་མེད་པ་འདྲ་སྟེ། གལ་ཏེ་བསྒྱུར་ཡོད་ན་དཀར་ཆག་གཉིས་པོའི་ནང་འགོད་ངེས་སོ།།
གྲུབ་དོན་གཏན་ལ་དབབ་པ།
ཕྱིས་ཀྱི་མཁས་པ་ཚོས་སྔ་རབས་པ་ལ་ཡུམ་སྲས་བཅུ་བདུན་གྱི་ཐ་སྙད་དང་། གྲངས་གཉིས་ཀ་ནོར་འདུག་ཅེས་སྐྱོན་གཉིས་བརྗོད་ཡོད་དེ། དང་པོ་ཡུམ་སྲས་བཅུ་བདུན་ཞེས་པའི་ཐ་སྙད་དེ་འདྲ་འདོགས་མི་རུང་སྟེ། སྔོན་ཆད་གང་དུའང་མ་བཤད་པའི་ཕྱིར་དང་། གཉིས་པ་ཡུམ་མདོ་ལ་ཤེར་ཕྱིན་ཡུམ་སྲས་བཅུ་བདུན་དུ་བརྩིས་པ་ལ་ལྷག་ཆད་ཀྱི་སྐྱོན་གཉིས་ཏེ། ལྷག་པའི་སྐྱོན་ཡོད་དེ་མདོ་སྡུད་པ་ཁྲི་བརྒྱད་སྟོང་པའི་ནང་གསེས་ཡིན་བཞིན་དུ་ལོགས་སུ་བགྲངས་པ་དང་། ཆད་པའི་སྐྱོན་ཡོད་དེ་ཤེར་ཕྱིན་ཉི་མའི་སྙིང་པོ་དང་། ཟླ་བའི་སྙིང་པོ་སོགས་ཀྱང་ཡུམ་མདོ་ཡིན་པའི་ཕྱིར་ཞེས་བརྗོད་དོ། །འོན་ཀྱང་སྐྱོན་དེ་དག་ནི་མ་བརྟགས་བབ་ཅོལ་གྱི་ཚིག་ཙམ་སྟེ། སྔོན་ཆད་གང་དུའང་མ་བཤད་པའི་ཐ་སྙད་ཅིག་གསར་དུ་བརྗོད་མི་རུང་ན། གསར་མ་ཚོའི་ཐལ་འགྱུར་བ་ཞེས་པའི་ཐ་སྙད་རྫིག་པོ་དེ་ཡང་དེར་ཐལ་ལོ། །ཞིབ་ཏུ་བརྟགས་ན་བཀའ་གདམས་རྙིང་མ་པའི་མཁས་གྲུབ་རིམ་བྱོན་རྣམས་ཀྱིས་མཛད་པའི་ཤེར་ཕྱིན་གྱི་འགྲེལ་པ་ཁག་ཏུ་སྔ་རབས་པའི་ཡུམ་སྲས་བཅུ་བདུན་གྱི་ཐ་སྙད་དང་གྲངས་ལ་དགག་སྒྲུབ་བྱས་པ་མི་སྣང་བས། དེ་ལྟའི་དགག་སྒྲུབ་རྣམ་གཞག་གི་འུར་སྒྲ་དེ་ནི་གསར་མ་བ་ཚོས་བརྒྱབ་པ་མིན་ནམ་སྙམ་སྟེ། གོ་ཤཱཀ་སྟག་གསུམ་དང་། ཙོང་ཁ་པའི་རྗེས་འབྲངས་དང་བཅས་པའི་ཤེར་ཕྱིན་གྱི་འགྲེལ་པ་ཁག་ཏུ་དགག་སྒྲུབ་ཀྱི་རྣམ་གཞག་དེ་བཀོད་ཡོད་པ་རེད། སྐྱོན་ཕྱི་མ་གཉིས་པོ་ཡང་མེད་དེ། ལྷག་པའི་སྐྱོན་མེད་པར་རིགས་པས་སྒྲུབ་ནུས་ཏེ། མདོ་སྡུད་པ་ཁྲི་བརྒྱད་སྟོང་པའི་ལེའུ་གྱ་བཞི་པ་ཡིན་ནའང་། ལོགས་སུ་འཇོག་དོན་ནི་དེ་ཁོ་ནས་དངོས་པོ་བརྒྱད་དང་དོན་བདུན་ཅུ་གསལ་བར་བསྟན་པའི་ཕྱིར་རོ།།
དེས་ན་མདོ་སྡུད་པ་ནི་ཡུམ་སྲས་གཉིས་ལས་ཡུམ་དུ་བཞག་པ་ཡང་རྒྱུ་མཚན་དེ་ཉིད་ཀྱིས་ཕྱིར་རོ། །ཆད་པའི་སྐྱོན་མེད་དེ། སྤྱིར་བཏང་ཡུམ་མདོ་ལ་གྲངས་བཅུ་བདུན་དུ་ཁ་ཚོན་བཅད་པ་མིན་ཏེ། གྲངས་བཅུ་བདུན་ནི་སྐབས་དེ་དུས་བོད་དུ་ཐོག་མར་ཆོས་བསྒྱུར་དང་སྒྱུར་བཞིན་པ་ལས། བསྒྱུར་ཟིན་པ་ལ་ཡུམ་མདོ་བཅུ་བདུན་ཡོད་པ་དེ་དག་གྲངས་སུ་བགྲངས་པ་ཙམ་ཡིན་ཏེ། འཇམ་མགོན་མི་ཕམ་རིན་པོ་ཆེས། ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་མཆན་འགྲེལ་པུཎྜ་རི་ཀའི་དོ་ཤལ་ལས།[19] འོན་ཀྱང་ཡུམ་སྲས་བཅུ་བདུན་ནི་བོད་དུ་ཐོག་མར་ཆོས་བསྒྱུར་དུས་ཀྱི་འགྱུར་ཟིན་གྱི་ཐ་སྙད་ལས། དེར་གྲངས་ངེས་མཛད་པ་མིན་པར་ངེས་ཏེ། པདྨ་བཀའ་ཐང་དུ། ཕ་རོལ་ཕྱིན་པ་ཡུམ་སྲས་བཅུ་བདུན་དང་། །ཤེར་ཕྱིན་སྟོང་ཉིད་གཙོར་བཏོན་མདོ་མང་འགྱུར། །ཞེས་གསུངས་སོ། །ཞེས་པདྨ་བཀའ་ཐང་གི་ལུང་དང་སྦྱར་ནས་གསུངས་སོ། །དེ་བཞིན་ཕྱིས་ཀྱི་སྔ་འགྱུར་བའི་མཁས་པ་དག་གི་ཤེར་ཕྱིན་གྱི་འགྲེལ་པ་ཁག་ཏུ་ཡང་དེའི་སྐྱོན་སྤོང་སྐོར་བཀོད་ཡོད་པས་འདིར་རྒྱས་པར་མ་སྤྲོས་སོ།།
དེ་ནི་ལོ་རྒྱུས་ཀྱི་ཡིག་ཆའི་ངོས་ནས་ཀྱང་སྒྲུབ་ཐུབ་པ་ཞིག་ཡིན་ཏེ། གལ་ཏེ་ཤེར་ཕྱིན་ཉི་མའི་སྙིང་པོ་དང་། ཟླ་བའི་སྙིང་པོ་སོགས་བཙན་པོའི་དུས་སྐབས་སུ་བསྒྱུར་ཡོད་ན། དཀར་ཆག་གཉིས་པོ་གང་རུང་ནང་གསལ་དགོས་ཏེ། དཀར་ཆག་གཉིས་པོ་ནི་དུས་གཅིག་ཏུ་བསྒྲིགས་པ་མིན་པར་སྔ་ཕྱིའི་སྒོ་ནས་བསྒྲིགས་པ་ཡིན་སྟབས། གཅིག་གི་ནང་མ་འཁོད་ནའང་། གཞན་དེའི་ནང་འཁོད་ངེས་སོ།།
དེས་ན་ལོ་རྒྱུས་ཀྱི་ཡིག་ཆ་ཁག་ལ་བལྟས་ན། བོད་ཡིག་ཐོག་ཡོད་པའི་རྒྱ་གར་མཁས་པའི་བཀའ་བསྟན་གཉིས་ལས་བཀའ་འགྱུར་ཕལ་ཆེ་བ་ནི་བསྟན་པ་སྔ་དར་བཙན་པོའི་དུས་སྐབས་སུ་བསྒྱུར་ཟིན་ནས། ཕྱིས་སུ་བྱུང་བའི་གསར་མ་བ་ཚོ་ལ་བསྒྱུར་རྒྱུ་མང་པོ་ཞིག་ལྷག་མེད་པ་འདྲ་སྟེ། བཀའ་འགྱུར་ཁག་ལས་ཐར་ལོ་ཉི་མ་རྒྱལ་མཚན་གྱིས་ཐར་ལོའི་གསར་འགྱུར་བཅུ་གསུམ་ལ་སོགས་པ་མདོ་ཆུང་ངུའི་རིགས་ཁ་ཤས་དང་། བསྟན་པ་སྔ་དར་སྐབས་དགོས་པ་དུ་མའི་དབང་གིས་ཆེད་དུ་མ་བསྒྱུར་བའི་རྒྱུད་འགའ་ཞིག་གསར་མ་བ་ཚོས་ཧབ་ཐོབ་བརྒྱབ་ནས་བསྒྱུར་ཡོད་པ་རེད། དེར་བརྟེན་གསར་མ་བ་ཚོས་སྔ་འགྱུར་བས་བསྒྱུར་ཟིན་པ་ལ་བཀའ་དྲིན་མི་དྲན་པར། ཕྲག་དོག་གིས་རྒྱུད་གསང་བ་སྙིང་པོ་རྒྱུད་ཡང་དག་མིན་ལུགས་དང་། ཤེར་ཕྱིན་ཡུམ་སྲས་བཅུ་བདུན་གྱི་ཐ་སྙད་དང་གྲངས་གཉིས་ཀ་ནོར་འདུག་ཅེས་འུར་གཏམ་འགའ་ཞིག་བསྒྲགས་ཡོད་ནའང་། བདེན་པའི་གནས་ལུགས་ནི་སུས་ཀྱང་བཅོས་སུ་མེད་པ་ཞིག་གོ།
༢༠༢༠/༦/༨
དཔྱད་གཞིའི་ཡིག་ཆ།
༡) བཀའ་འགྱུར་དཔེ་བསྡུར་མ། དེབ་གྲངས། ༣༤ ཤེར་ཕྱིན་སྐོར།
༢) དཀར་ཆག་ལྡན་དཀར་མ།
༣) དཀར་ཆག་འཕང་ཐང་མ།
༤) རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་གསུང་འབུམ།
༥) འབྲེ་ཆེན་པོ་ཤེས་རབ་འབར་གྱི་གསུང་འབུམ།
༦) ཨར་བྱང་ཆུབ་ཡེ་ཤེས་ཀྱི་གསུང་འབུམ།
༧) པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་ཕར་ཕྱིན་འགྲེལ་པ་བཞེད་ཚུལ་རྦ་རླབས་ཀྱི་ཕྲེང་བ།
༨) རྗེ་ཙོང་ཁ་པའི་ལེགས་བཤད་གསེར་ཕྲེང་།
༩) སེ་ར་རྗེ་བཙུན་གྱི་ཕར་ཕྱིན་སྐབས་དང་པོའི་སྤྱི་དོན་སྟོད་ཆ། ལེགས་བཤད་སྐལ་བཟང་ཀླུ་དབང་གི་རོལ་མཚོ།
༡༠) བུ་སྟོན་ཆོས་འབྱུང་།
༡༡) ཀུན་མཁྱེན་མི་ཕམ་པའི་ཤེར་ཕྱིན་མཆན་འགྲེལ་པུཎྜ་རི་ཀའི་དོ་ཤལ།
༡༢) ཀོའུ་ཤི་ཀའི་བཤགས་མདོ།
༡༣) མཁན་ཆེན་བརྩོན་འགྲུས་ཀྱིས་མཛད་པའི་ཤེར་ཕྱིན་འཆད་པའི་སྔོན་འགྲོ།
[1] སྤྱི་ལོ་ ༡༩༩༦ ལོར་པར་སྐྲུན་ཞུས་པའི་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་དཔེ་མཛོད་པར་མ། ཤོག་གྲངས། ༨ པར་གསལ།
[2] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ། དེབ་ཕྲེང་། ༣ ཤོག་གྲངས། ༨༨ པར་གསལ།
[3] བཀའ་འགྱུར་དཔེ་བསྡུར་མ། དེབ་ཕྲེང་། ༣༤ ཤོག་གྲངས། ༥༤ པར་གསལ།
[4] བཀའ་འགྱུར་དཔེ་བསྡུར་མ། དེབ་ཕྲེང་། ༣༤ ཤོག་གྲངས། ༣༢༧ པར་གསལ།
[5] བཀའ་འགྱུར་དཔེ་བསྡུར་མ། དེབ་ཕྲེང་། ༣༤ ཤོག་གྲངས། ༣༩༨ པར་གསལ།
[6] བཀའ་འགྱུར་དཔེ་བསྡུར་མ། དེབ་ཕྲེང་། ༣༤ ཤོག་གྲངས། ༤༡༧ པར་གསལ།
[7] ཡེ་ཤེས་སྡེ་པར་མ། བཀའ་འགྱུར། དེབ་གྲངས། ༡༣༠ ཤོག་གྲངས། ༤༨ པར་གསལ།
[8] ནང་བསྟན་དཔེ་ཚོགས་ནང་ཡར་རྗེ་ཨོ་རྒྱན་གླིང་པའི་འཁྲུངས་ལོ་ནི་སྤྱི་ལོ་ ༡༣༢༣ ལ་ཡིན་པར་བཀོད་འདུག
[9] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། དེབ་གཟུགས། ཤོག་གྲངས། ༥༢༤ པར་གསལ།
[10] གསལ་བཤད། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་རྣམ་ཐར་དུ་འདི་ལྟར་གསལ་ཏེ། ཀློག་ཡིག་སྔར་ནས་མཁྱེན་པར་ཁུ་བོས་ཤེར་ཕྱིན་གྱི་འགྲེལ་པ་དོན་གསལ་མཆན་ཅན་ཞིག་གཏད་ནས་དེ་རིང་ནགས་གསེབ་ཕ་གིར་འདི་བློ་ལ་ཟུང་ཤོག་གསུངས་པས། དེའི་དགོང་མོར་ཡི་གེ་ཨ་མ་རྣམས་བཟུང་ཡོད། བུ་ཆུང་ཚོ་འཛིན་དགོས་ན་སང་ཉིན་གཟུང་ཆོག་ཅེས་གསུངས། ཉིན་གཅིག་འགྲེལ་པ་དོན་གསལ་གྱི་མཆན་རྣམས་མ་གཏོགས་ཐུགས་ལ་ཟིན་པའི་རིག་སྟོབས་ལ་ཁུ་བོ་ལེགས་པའི་ཤེས་རབ་ཧ་ལས་ཏེ་ཁྱོད་ཀྱི་སློབ་དཔོན་ངས་མི་ཡོང་གསུངས་ནས་རྒྱ་གར་དུ་མངགས། ཞེས་གསུངས་འདུག་པས། རྔོག་ལོ་ཆེན་པོ་ཆུང་དུས་ཁུ་བོ་རྔོག་ལེགས་པའི་ཤེས་རབ་དྲུང་དུ་བཞུགས་པའི་ཚེ་ན་འགྲེལ་པ་དོན་གསལ་མཆན་བཅས་ཤིག་ཡོད་ཚུལ་ལ་དཔགས་ན། སྐབས་དེར་མཆན་འགྲེལ་ཞིག་ཡོད་པར་སྣང་བས། བསྟན་པ་ཕྱི་དར་སྐབས་ཀྱི་ཕར་ཕྱིན་འགྲེལ་པ་ཐོག་མ་དེ་འཇོག་དགོས་པ་ལྟ་བུ་སྣང་ནའང་། ཡོངས་གྲགས་སུ་རྔོག་ལོ་ཆེན་པོའི་འགྲེལ་པ་འཇོག་སྲོལ་ཡོད་པ་རེད།
[11] རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ། ༡༠༥༩ ནས་ ༡༡༠༩ བར།
[12] དུས་རབས་བཅུ་གཅིག་གི་དཀྱིལ་ཙམ་ལ་འཁྲུངས་ཤིང་། བཅུ་གཉིས་པའི་སྟོད་ལ་སྐུ་གཤེགས་པ་ཁོང་གི་རྣམ་ཐར་དུ་གསལ།
[13] དུས་རབས་བཅུ་གཅིག་ནང་འཁྲུངས།
[14] བལ་ཡུལ་ཞེ་ཆེན་པར་མ། འཕྲུལ་པར། ཤཱཀྱ་མཆོག་ལྡན་གྱི་གསུང་འབུམ། པོད། ད། ཤོག་གྲངས། ༡༧༤ ནས་ ༡༧༥ བར།
[15] སེར་བྱེས་པར་མ། དེབ་གཟུགས། གསུང་འབུམ། ཁ། ཤོག་གྲངས། ༤ ནས་ ༥ བར།
[16] ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གི་པར་མ། དེབ་གཟུགས། ཤོག་གྲངས། ༢༡༦ པར་གསལ།
[17] བུ་སྟོན་རིན་ཆེན་གྲུབ། སྤྱི་ལོ་ ༡༢༩༠ ནས་ ༡༣༦༤ བར།
[18] ཡེ་ཤེས་སྡེ་པར་མ། བཀའ་འགྱུར། དེབ་གྲངས། ༡༣༠ ཤོག་གྲངས། ༥༨ པར་གསལ།
[19] ཡེ་ཤེས་སྡེ་པར་མ། མི་ཕམ་གསུང་འབུམ། དེབ་གྲངས། ༩ ཤོག་གྲངས། ༣༥༡ པར་གསལ།