པདྨ་དགོས་འབྱོར། (བལ་ཡུལ།)
གོ་ལ་ཧྲིལ་པོ་སེམས་མཚེར་སྨྲེང་བོས་སྙིང་ཁམས་དྲག་ཏུ་གཙེས་དུས་ཤིག །
དུར་ས་མ་མཐོང་བུ་ཕྲུག་མང་པོའི་ཕ་མ་བོར་བའི་དུས་ཚིགས་ཤིག །
སྨན་ཁང་ཁེངས་པའི་ནད་པ་ཁྱུ་ཚོགས་དབུགས་ཀྱི་འགྱུ་བ་དྲག་དུས་ཤིག །
ལྷ་རྗེ་ཀུན་ཀྱང་འཇིགས་པའི་སྣང་བས་མགོ་ལུས་ཡོངས་སུ་སྦྲིད་དུས་ཤིག །
ཉིན་མོའི་སྣང་བ་མུན་པར་འཁྲུལ་པའི་འཇིག་རྟེན་སྲིད་པའི་གོད་ཆགས་ཤིག །
རྨི་ལམ་ཡང་ན་དངོས་སམ་ཞེས་པའི་རང་སེམས་ལྕགས་ཀྱུས་མ་ཁུགས་པའི།།
སྟོང་ཕྲག་ཉི་ཤུའི་ལོ་ནག་གང་འདིར་སུ་ཞིག་འདི་སྣང་བློ་གཏོད་དམ།།
སྒྲོན་མེ་རྐང་རེས་སེམས་པ་གསོས་ནའང་གསོ་ཚོད་མི་འདུག་ཀྱེ་མ་ཧུད།།
དམར་མདངས་འཚེར་བའི་ས་སྲོད་ཉི་མའང་གོ་ལའི་སྐྱོ་བར་དངན་པ་འཐེན།།
ལྗང་མདོག་ལྗོན་པའི་ལོ་མ་རེ་ཡང་གདུང་བའི་ཤུགས་ཀྱིས་བཞིན་རས་རིད།།
མ་ཧཱ་ཙི་ནའི་ཞིང་ནས་མཆེད་པའི་ས་སྟེང་ཡོམ་ཡོམ་དཀྲུག་བྱེད་པོ།།
ཆེ་རྒུ་མི་དབང་སྟོབས་ཆེན་གླིང་དག་ཞུམ་པའི་བློ་སེམས་རྙི་རུ་བཙུད།།
མུན་པའི་སྣང་བ་ལྷན་ཅིག་མཆེད་པའི་ང་དང་ཁྱོད་ཀྱི་དོ་ར་ན།།
ཤར་ལྷོ་ནུབ་བྱང་ཐག་རིང་སྣང་བའང་འཁྲུལ་པ་ཡིན་ཏེ་ཉེ་འོ་ཟེར།།
ཁྲི་ཕྲག་དུ་མའི་རྒྱང་ཐག་དེ་ཉིད་ཡིག་འབྲུ་རེ་རེའི་བརྗོད་པར་གྱུར།།
ཁྲ་འོད་ཆེམ་ཆེམ་ཤེལ་བུམ་མ་ཐོགས་རྐང་ལག་སེན་མོར་ཟུག་རོགས་ཙམ།།
གཡུ་འབྲུག་སྔོན་མོའི་ལྡིར་སྒྲ་ཞིག་གིས་གཏི་མུག་གཉིད་ཀྱི་ཞིང་ཁམས་དཀྲོགས།།
ཤག་ཤག་གོ་ལའི་སྤྱན་ཆབ་འབྱིད་ཞོར་གནམ་གྱི་རྒྱལ་མོ་ཡང་ནི་ངུས།།
སྒེའུ་ཁུང་ཡོལ་བ་རླུང་གིས་སྒུལ་དུས་རང་སེམས་རྒྱ་ཡན་དབང་མ་བསྡུས།།
སྲིད་པའི་ལས་རླུང་གོང་ལ་སྤར་ཕྱིར་མཚོ་སྐྱེས་རྡོ་རྗེ་སྐྱབས་སུ་བསྟེན།།
༢༠༢༠/༠༥/༢༥