ལོ་རིམ་དྲུག་པའི་སློབ་གཉེར་བ། བསམ་གྲུབ་ཚེ་རིང་།
དེ་རིང་གི་གནམ་གཤིས་ནི་ཁྱད་མཚར་ཞིག་སྟེ། གྲོང་པའི་ཁང་ཁྱིམ་གྱི་སྒེའུ་ཁུང་རེ་རེ་ལས་ཕྱིར་འཕྲོས་པའི་གློག་འོད་དེར་བལྟས་ན་ནམ་མཁའི་གཟའ་སྐར་ས་ལ་ལྷུང་བ་དང་གཉིས་སུ་མ་མཆིས། གཞིས་གྲོང་ཡོད་ཚད་ཁ་ཁུ་སིམ་པོར་གནས་ཤིང་ཐ་ན་ཁྱི་ཟུག་པའི་སྐད་སྒྲ་གཅིག་ཀྱང་མེད་པར་ལྷིང་འཇགས་སེར་གནས་པའི་མཚན་མོ་དེར། གློ་བུར་དུ་ཆར་སྨུག་འཁྲིགས། ཕྱོགས་གང་ས་ནས་རྣ་བར་མི་བཟོད་པའི་འབྲུག་སྒྲ་ལྡིར། ཆར་པ་ནི་འབབ་བཞིན་འབབ་བཞིན་ཇེ་ཆེར་རེད། མིག་རྡེབ་ཡུན་ཙམ་ལ་གྲོང་པའི་ཡུར་ཆུ་དེ་རྒྱུག་ཆུ་ཆེན་པོ་ཞིག་ཏུ་གྱུར། གློག་དམར་གཅིག་རྗེས་གཉིས་མཐུད་ཀྱིས་འཁྱུག་པའི་དཀར་འོད་ཁྲོད་ནས། གྲོང་ཚོའི་སྒོ་དར་དང་ཤིང་སྡོང་སོགས་ཆར་རླུང་གིས་ལྷབ་ལྷུབ་ཏུ་རྡེབ་བཞིན་པ་དག་གསལ་ཙམ་གསལ་ཙམ་མཐོང་ཐུབ། གང་མཚམས་ནས་གོད་ཆགས་ཅི་ཞིག་བྱུང་བ་ལྟར། “ཨོ་ངེ་…. ཨོ་ངེ་….ˮ ཞེས་ངུ་ཅོ་དིར་དིེར་འདོན་པའི་བྱིས་ཆུང་ཞིག་པང་དུ་བླངས་ཏེ་འགྲམ་པ་ནས་མིག་ཆུའི་ཕྲེང་རྡོག་ཉིལ་ཉིལ་དུ་འབབ་བཞིན། གོས་ཆེན་འབྲུག་རིས་ཅན་ལས་བཟོས་པའི་བླ་མའི་སྐུ་ཐང་ཞིག་བཤགས་རྟེན་དུ་བྱས། མདུན་ཅོག་སྟེང་ཆར་རླུང་གིས་ལྷབ་ལྷུབ་ཏུ་གཡོ་བའི་མར་མེ་ཞིག་ཕུལ་ནས་བླ་མ་ཁྱེད་ཀྱི་ཐུགས་དང་འགལ་བ་ཐམས་ཅད་མཐོལ་ལོ་བཤགས་པར་མཛད་དུ་གསོལ། མཛད་དུ་གསོལ། ཞེས་ལག་གཉིས་ཐལ་མོ་སྦྱར་ནས་གསོལ་འདེབས་ཡང་ཡང་ཞུ་བཞིན་པའི་བུ་མོ་དེ་ནི་གཡུ་སྒྲོན་རེད། སྤྱིར་ཡོངས་གྲགས་ལྟར་ན་ལས་ལས་འཇིག་རྟེན་སྣ་ཚོགས་གྲུབ་ཅེས་པ་དེ་བདེན་མོད། འོན་ཀྱང་ཡིན་ཚད་དང་ཡོད་ཚད་ཐམས་ཅད་ལས་ལ་བཅོལ་བ་ནི་ཆེས་ཤིན་ཏུ་ནོར་བར་སེམས། ངས་བྱས་ན། དགའ་དུས་ཁས་མ་ལེན། ཁྲོ་དུས་ཐག་མ་གཅོད། ཅེས་པའི་ཁ་དཔེ་ལྟར་མོས་ཀྱང་ཐག་གཅོད་དང་ཁས་ལེན་དེ་བསམ་གཞིག་གཏན་ནས་མ་བྱས་པར་ལས་ལ་བཅོལ་བ་དེ་ནི་ཆེས་ནོར་བར་སེམས་སོ། །སྙིང་ཉེ་བའི་ཀློག་པ་པོ་ལགས། ཁྱེད་ཀྱིས་ཀྱང་བསམ་གཞིག་ནན་ཏན་ཞིག་གནོངས་དང་།
དང་པོ།
རྟ་དབང་ནི་རྒྱ་གར་དང་བོད་གཉིས་ཀྱི་ས་མཚམས་སུ་ཆགས་ཤིང་ལོ་རྒྱུས་ཀྱི་དུས་ཡུན་རིང་ལ་མཛེས་ཤིང་ལྟ་ན་སྡུག་པའི་གྲོང་ཁྱེར་ཞིག་ཡིན། མ་ཟད་རི་ལུང་ཐང་གསུམ་ཀུན་ལ་རྩྭ་ཆུ་འཛོམས་ཤིང་། རྩི་ཤིང་མེ་ཏོག་རྒྱས་པའི་ས་ཆ་སྐྱིད་པོ་ཞིག་དང་རྒྱ་གར་གྱི་སྙན་ངག་པ་དག་གིས་ཀྱང་ལྷ་ཡུལ་མི་ཡུལ་དུ་འཕོས་པ་དང་མཚུངས་ཞེས་བསྟོད་བསྔགས་ཀྱི་མེ་ཏོག་འཐོར་ས་ཞིག་ཀྱང་རེད། དབྱར་དགུན་སྟོན་དཔྱིད་ལོ་རེའི་དུས་ཚིགས་ལྟར་ཧ་ཅང་མངོན་གསལ་ཡིན་སྟབས། ས་འདིའི་ཡུལ་མི་རྒན་རབས་ཀུན་ལ་ལོ་རེའི་དུས་ཚིགས་བཞིའི་གནམ་གཤིས་འགྱུར་ལྡོག་གི་རྟགས་མཚན་ཆ་ཚང་རེ་བཤད་རྒྱུ་ཡོད། ད་གཟོད་ཉི་མ་ཤར་རི་རྩེར་ཤར་མ་ཐག་པ་རེད། ཨ་མ་སྒྲོལ་མ་ནི་དུས་རྒྱུན་ལྟར་ཚོན་ཁ་མི་གསལ་བའི་མགོ་རས་རྙིང་པ་ཞིག་དཀྲིས་ནས། “ཝ་ཡེ་གཡུ་སྒྲོན། ཝ་ཡེ་གཡུ་སྒྲོན།” ཞེས་ཁུག་མ་ལྗང་ཁུ་ཞིག་ནང་ཀུ་ཤུ་འགའ་བླུག་གིན་“ད་མགྱོགས་པོ་གྱིས་དང་སློབ་གྲྭར་འགྲོ་རན་སོང་”ཞེས་བྲེལ་འཚུབ་འཚུབ་ངང་ནས་སྐུལ་འདེད་བཏང་མ་ཐག “ལགས་སོ་ཨ་མ་”ཞེས་ཉལ་ཁང་ནས་མཛེས་རྒྱན་སྤྲས་ཚར་མ་ཐག་པའི་གཡུ་སྒྲོན་ནི། ལྷམ་ནག་པོའི་སྟེང་དམར་སྨུག་ཅན་གྱི་གོས་ཐུང་། སྟོད་གོས་དཀར་པོ། འགྱིག་ཐག་དམར་པོས་བསྡམས་པའི་གནག་སྣུམ་སྐྲའི་ལན་བུ་གཉིས་གཡས་གཡོན་ནས་ཐུར་དུ་དཔྱངས་ནས་སྐེ་དཀྲིས་སྨུག་པོ་ཞིག་དཀྲིས། མི་ལོ་བཅུ་བཞི་ཟིན་ནས་བཅོ་ལྔ་ལ་ཉེ་བའི་བུ་མོ་ཀུན་ལས་ཡིད་དུ་འོང་བ་ཞིག་རེད། ཧོབ་དེ་ཁ་ལ་ཨ་མར་དམ་པོར་འཐམས་ནས་གཉེར་རིས་ཁེངས་པའི་འགྲམ་ངོགས་དེར་འོ་ཞིག་བྱས། ཨ་མས་“ངས་ཁུག་མའི་ནང་ཀུ་ཤུ་ཁ་ཤས་བླུགས་ཡོད་སློབ་གྲྭའི་བར་གསེང་ལ་གྲོགས་མོ་ཚོ་དང་བགོས་ནས་ཟོ་ཨ།”ཞེས་ཁུག་མ་དེ་གནང་། མོས་གྲོགས་མོ་ཚོ་དང་སློབ་གྲྭར་རྗེས་ལུས་ཐེབས་དོགས་ཀྱིས་“ཡ་ཡ་ཨ་མ་”ཞེས་ཨ་མའི་ལག་ནས་ཁུག་མ་ལེན་ལོང་མེད་པར་“ག་ལེར་བཞུགས་ཨ།” ཞེས་ལག་པ་གཡུག་གིན་བརྒྱུགས་ཕྱིན་སོང་། དེ་ནས་གཡུ་སྒྲོན་དང་གྲོགས་མོ་ཚོ་སློབ་གྲྭར་འབྱོར་བ་དང་ལྷན་དུ་ཏག་ཏག་ཏིང་ཏིང་རྡུང་བའི་སྐབས་ཁེལ་བས། མྱུར་དུ་འཛིན་ཁང་ནང་ཁུག་མ་བསྐྱལ་ནས་སློབ་ཕྲུག་ཚང་འཛོམས་ཐོག་ནས་“ཇ་ན་ག་ན་མ་ན་”ཞེས་རྒྱ་གར་གྱི་རྒྱལ་གླུ་དལ་མོའི་ངང་ལེན་འགོ་ཚུགས། མཐར་སུས་མ་འགྲིག་པ་ཡིན་ནམ། སྐུ་གཟུགས་ཐུང་ལ་ཟླ་བ་དགུ་ལ་ཉེ་བའི་སྦྲུམ་མ་ལྟ་བུའི་གྲོད་པ་ལུག་ཅིང་། མགོ་ཀླད་དུ་སྐྲ་རེ་ཟུང་ལས་མེད་པའི་ཀླད་བྱི་ཅན། ཐོད་པའི་རི་མོའང་ཆུ་གཉེར་བཞིན་དུ་གསལ་ཞིང་སྤྱན་ཤེལ་སྒོར་སྒོར་ཞིག་སྣ་རྩེར་བསྐྱོན་ནས་རྒས་ཉམས་ལྡན་པ་དེ་ནི་སློབ་སྤྱི་དོན་གྲུབ་རེད། ཁོང་གིས་སྨིན་མཚམས་སུ་ཁྲོ་གཉེར་ཞིག་བསྡུས་ནས། “ཁྱོད་ཚོའི་རྒྱལ་གླུ་ལེན་སྟངས་དེ་རྩ་བ་ཉིད་ནས་འགྲིག་གི་མི་འདུག དེ་འདྲ་བྱས་ན་རྒྱལ་ཁབ་ལ་གུས་པ་མེད་པའི་རྟགས་རེད། དཔེར་ན་རྒྱལ་གླུ་གཏོང་སྐབས་རང་གི་མདུན་དུ་དུག་སྦྲུལ་ཞིག་ཡོང་བའི་དབང་དུ་བཏང་ནའང་དེ་དུས་ཀྱང་གཟུགས་པོ་མི་འགུལ་བར་དྲང་པོར་བསྲངས་ནས་སྡོད་དགོས་ཀྱི་ཡོད་རེད།” ཅེས་དང་། “ད་དུང་ཁྱོད་ཚོ་ཁ་ཤས་ཞོགས་པ་དུས་རྒྱུན་རྗེས་ལུས་ཐེབས་ཀྱི་འདུག དེ་ཚོ་སློབ་སྦྱོང་ལ་སྤྲོ་བ་མེད་པ་རེད།” ཅེས་ཤོད་ཀྱིན་སྣ་རྩེར་བསྐྱོན་པའི་མིག་ཤེལ་སྒོར་སྒོར་སྟེང་ནས་མིག་ཧྲིག་གེར་གཡུ་སྒྲོན་ཕྱོགས་ལ་ལྟ་ཙམ་ལྟ་ཙམ་བྱས། སྐབས་དེར་གཡུ་སྒྲོན་ནི་མགོ་བོ་བསྒུར་ནས་མིག་གཉིས་ས་ལ་ཅེར་ནས་བསྡད་ཅིང་སེམས་ཟ་ངེ་ཟིང་ངེ་ཞིག་ཏུ་གྱུར། “ཉི་མ་སང་ཉིན་ཕན་ཆོད་རྒྱལ་གླུ་གཏོང་སྐབས་ཀུན་སྤྱོད་དང་མཐུན་པ། སློབ་གྲྭ་ལ་ཡིན་ནའང་སྔ་ས་ནས་ཤོག་མ་གཏོགས།” ཞེས་སྡིགས་ར་དང་བཅས་མཚམས་བཞག་རྗེས། སློབ་ཕྲུག་རྣམས་སོ་སོར་གྱེས་ནས་འཛིན་གྲྭར་སོང་།
འཛིན་གྲྭ་བདུན་པའི་ཚན་རིག་གི་དགེ་རྒན་ནི་བྱ་བ་འགའ་ཞིག་གི་ཆེད་ཕྱི་ལོགས་ལ་སོང་བས་སྤྱི་ཚོགས་རིག་གནས་ཀྱི་དགེ་རྒན་བཀྲ་ཤིས་ལགས་ནས་སློབ་ཁྲིད་གནང་འགོ་བརྩམས། དགེ་རྒན་གྱིས་མི་རིགས་ཐོག་མ་སེམས་ཅན་སྤྲེའུ་ལས་བྱུང་ཚུལ་དང་། འཛམ་བུའི་གླིང་ནང་མཐའ་ཡས་རྒྱ་མཚོ་བཞི་ལས་གཅིག་རྒྱ་གར་ནང་དུ་ཡོད་ཚུལ་སོགས་གསུངས་ཚར་རྗེས། “ཡ་ད་སློབ་ཕྲུག་ཚོར་དྲི་བ་ཡོད་ན་སྐར་མ་ལྔ་འདུག” སློབ་ཕྲུག་རྣམས་ཕན་ཚུན་ལན་འགའ་ལྟ་མཚམས་དེར་ཧོབ་དེ་ཁ་ལ་རྐུབ་སྟེགས་མཇུག་དེ་ནས་སློབ་ཕྲུག་བསོད་ནམས་ཀྱིས་ལག་པ་བརྐྱངས་ནས། “རྒན་ལགས་ང་ལ་དྲི་བ་ཞིག་ཡོད་”ཅེས་མགོ་བོ་འཕུར་བཞིན་འཚབ་འཚུབ་ངང་“རྒན་ལགས་མི་རིགས་ཐོག་མ་སྤྲེའུ་ལས་བྱུང་ན་ང་ཚོ་ཚང་མའི་པ་ལགས་སྤྲེའུ་ཡིན་ནམ།” ཞེས་དྲིས་ནས་མགྱོགས་མྱུར་རྐུབ་སྟེགས་སྟེང་དུ་བསྡད། ཡུད་ཙམ་ལ་འཛིན་ཁང་དགོད་སྒྲས་ཁེངས། དགེ་རྒན་གྱིས་ལག་འདོགས་ཆུ་ཚོད་དེར་ཐེངས་གཅིག་བལྟས་ནས་ཁུ་སིམ་སིམ་ལོག་ཕེབས།
ཉིན་གུང་བར་གསེང་དེར་སློབ་གྲྭའི་སྤྱི་གླིང་གི་ཟུར་ཞིག་ན་གྲིབ་བསིལ་ཡོད་སར་གཡུ་སྒྲོན་གྱིས་ནམ་རྒྱུན་གྱི་གྲོགས་མོ་ཚོ་ལ་ཨ་མས་བསྐུར་བའི་ཀུ་ཤུ་དེ་བགོས་ནས་བྱིན། གཞན་གྲོགས་མོ་རྣམས་ཀྱིས་ཀྱང་རང་རང་གི་ཞིང་ཁ་ནས་སྐྱེས་པའི་ཚ་ལུ་མ་དང་སེའུ་འབྲུ་སོགས་སིལ་ཏོག་རིགས་སྣ་ཚོགས་ལ་རོལ། ཕྱི་དྲོའི་སློབ་ཐུན་རྣམས་འཚོགས་རྗེས་སློབ་ཕྲུག་རྣམས་ཀྱིས་དམར་སེར་སོགས་ཁ་དོག་མི་གཅིག་པའི་ཁུག་མ་རེ་རྒྱབ་ཏུ་ཁུར་ནས་རང་ཁྱིམ་ལ་ལོག ཕྱི་ཉིན་སློབ་ཕྲུག་ཡོངས་རྫོགས་སྔ་ས་ནས་འཛོམས་ཏེ་སློབ་གྲྭའི་སྤྱི་གླིང་དེར་ཁ་ཤས་འདེད་རེས་དང་། ཁ་ཤས་པོ་ལོ། ཁ་ཤས་མགྱོགས་ཚད་འགྲན་སྡུར་སོགས་རྩེད་མོ་སྣ་ཚོགས་ལ་རོལ་བཞིན་གདའ། གང་མཚམས་ནས་དུས་རྒྱུན་ལྟར་སློབ་ཕྲུག་རྣམས་སོ་སོའི་འཛིན་གྲྭའི་ནང་ཁུ་སིམ་སིམ་ངང་སྐབས་ཐོག་གི་དགེ་རྒན་ལ་སྒུག་པར་བྱེད། དེ་རིང་སྔ་དྲོའི་ཆར་འཛིན་གྲྭ་བདུན་པར་སློབ་ཚན་ཨང་རྩིས་ཡིན་པས་སློབ་ཕྲུག་རྣམས་ཀྱི་གདོང་ནས་འཛུམ་མདངས་སྔ་ས་ནས་ཡལ་ཟིན་འདུག ད་ལོའི་ཨང་རྩིས་དེ་ཅུང་མགོ་ཉོག་པོ་དང་དགེ་རྒན་དེས་ཀྱང་དམ་པོ་གནང་གི་ཡོད་པས་རེད། དགེ་རྒན་དབྱངས་ཅན་ལགས་ཕེབས་པ་དང་སློབ་ཕྲུག་རྣམས་ཀྱིས་ཡར་ལངས་ནས་ལྷན་ཅིག་ཏུ་འཚམས་འདྲི་ཞུས། དགེ་རྒན་གྱིས་སྤྱན་ཤེལ་ནག་པོ་དེ་ཅོག་ཙེའི་སྟེང་དུ་བཞག་ནས་ལག་གཉིས་འཕུར་བཞིན་ས་སྨྱུག་དེ་བླངས་ནས་ནག་པང་ལ་བརྒྱ་ཆའི་སྒང་ནས་ཅ་དངོས་དེའི་ལྗིད་ཚད་དཔོག་ཚུལ་ཞེས་བྲིས། “འབྲི་དེབ་ནང་མགྱོགས་པོ་ཤུས་ཤོག དུས་ཚོད་ཡོད་མ་རེད་”ཅེས་དང་། བརྗོད་གཞི་ཁ་ཤས་བྲིས་ནས་ནག་པང་ཕྱིས་རས་དེ་གཡུ་སྒྲོན་ལག་ཏུ་བཞག་ནས་“མགྱོགས་པོ་ཕྱིས་”ཞེས་འབྱིད་དུ་བཅུག “དེ་རིང་ངས་བྲིས་པ་དེ་སང་ཉིན་ཚང་མས་བློ་ལ་བཟུང་ནས་ཁྱེར་ཤོག ནང་ལས་ཡིན་ད་གོ་སོང་ངམ།” ཞེས་སློབ་ཕྲུག་ཚང་མས་སྐད་ཆེན་པོའི་ངང་ལན་འདེབས་སུ་བཅུག སྐབས་དེར་ཉིན་གུང་ཞལ་ལག་གི་ཏིང་ཏིང་དེ་ཡང་ཏག་ཏག་བརྡུངས། ཕྱི་དྲོའི་ཚོགས་ཐུན་རྣམས་གྲོལ་རྗེས་སློབ་ཕྲུག་རྣམས་ཀྱི་གདོང་ལ་ད་དུང་ཡང་གྱེས་མི་འདོད་པའི་རྣམ་འགྱུར་རེ་མངོན་བཞིན་རང་རང་གི་རྩེད་གྲོགས་དང་བྲལ་ནས་ཁྱིམ་དུ་ལོག ནུབ་ཁའི་ཉི་མ་མཁའ་དང་གྱེས་མི་འདོད་པའི་ངང་ནས་ཉིན་གཅིག་གི་འོད་ལྷག་བསྡུས་ཏེ་དལ་མོར་རི་བོའི་ཕག་ཏུ་སླེབས་ཟིན་འདུག དེ་ལྟར་འབྲས་ལྡན་དུས་ཡུན་ཟླ་བ་བཞི་འདི་ཡང་བལྟས་བལྟས་རིག་རིག་ལ་ཕར་འདས་སོང་།
གཉིས་པ།
ཡུན་རིང་ཞིག་ལ་སློབ་ཕྲུག་རྣམས་ཀྱིས་རེ་སྒུག་བྱས་པའི་དགུན་གྱི་དུས་ཚིགས་དེ་རྐང་འཇབ་ལག་འཇབ་ངང་ནས་གཞི་ནས་སླེབས་སོང་། ཁ་བ་འབབ་ཐེངས་གཅིག་ལ་ས་གཞི་ཀུན་ཆུ་ཤེལ་ལས་གྲུབ་པའི་འཇིག་རྟེན་ཞིག་ཏུ་གྱུར། ལྟོས་དང་། རི་བོ་དག་གིས་ལུས་ཡོངས་ལ་དྲི་མ་མེད་པའི་ལྭ་བ་དཀར་པོས་བརྒྱན་ཅིང་། ལྗོན་པ་རེ་རེའི་སྟེང་ལ་ཁ་བའི་མེ་ཏོག་བཞད་པ་དང་། ས་གཞི་དཀར་ཁྲོམ་མེར་ཅི་འདྲའི་མིག་ལམ་དུ་མཛེས་པ་ཞིག་རེད་ཡ། དྲག་ཏུ་འཚུབ་པའི་གྲང་རླུང་གིས་ནམ་ཟླ་ལྷག་པར་ཇེ་འཁྱག་ཏུ་བཏང་བས། ཞོགས་པར་སློབ་ཕྲུག་རྣམས་ཀྱིས་མདོག་མི་གཅིག་པའི་མཛུབ་མོ་ཕྱིར་བུད་པའི་ལག་ཤུབས་རེ་དང་། ཞྭ་མོ་མཉམ་དུ་ཡོད་པའི་སྟོད་གོས་མཐུག་པོ་རེ་གྱོན་ནས་སླེབས་འདུག སློབ་ཕྲུག་ཀུན་ཀྱི་འགྲམ་ངོགས་ནི་ཁ་བས་ཕྱིད་པ་ཡིན་ནམ་ཆེས་དམར་པོ་ཀུ་ཤུ་ལྟ་བུར་གྱུར་འདུག དེ་རིང་སློབ་ཕྲུག་རྣམས་འདིར་འཛོམས་པ་དེ་ཡང་སློབ་ཁྲིད་ཆེད་དུ་མིན་པར་ལོ་ལྟར་དགུན་ཁར་ཟླ་བ་གཉིས་རིང་གུང་སེང་གཏོང་སྐབས་སློབ་སྤྱིས་གཙོས་དགེ་རྒན་རྣམས་ཀྱིས་ལམ་སྟོན་གནང་སྲོལ་ཡོད་པས་རེད། གཡུ་སྒྲོན་ནི་ཅོག་ཙེ་དང་རྐུབ་སྟེགས་རྣམས་གྲ་སྒྲིག་ཟིན་ཏེ་བྲེལ་འཚུབ་ངང་ནས་འཛིན་གྲྭའི་གོ་རིམ་བཞིན་ཟླ་བ་གཉིས་རིང་ཁྱིམ་དུ་ལས་བྱ་གང་བྱེད་དགོས་ཡོད་མེད་ཀྱི་གསལ་བསྒྲགས་སྦྱོར་བཞིན་པའི་སྒང་རེད། སྐར་མ་ལྔ་ཙམ་གྱི་རིང་གོ་རིམ་བཞིན་དགེ་རྒན་རྣམས་ཀྱིས་གསུང་བཤད་གནང་ཚར་ནས་མཐར་སློབ་སྤྱི་དོན་གྲུབ་མཆོག་ནས་གསུང་བཤད་འགོ་བཙུགས། དུས་རྒྱུན་རྐུབ་སྟེགས་ནས་ཡར་བཞེངས་ཏེ་གསུང་བཤད་གནང་སྲོལ་མེད། དེ་རིང་དལ་མོའི་ངང་ཡར་བཞེངས་ནས་ནམ་རྒྱུན་དང་མི་འདྲ་བར་སྐྱོ་སྣང་ཞིག་གི་ངང་ནས་འདི་ལྟར། “འོ་ཡ་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ། འདི་ལྟར་ལོའི་ཕྲེང་བ་རེ་རེ་བཞིན་ཕར་འདས་ཤིང་ང་ཚོ་ཡང་ཁ་འབྲལ་བའི་དུས་ཚོད་དེ་ཡང་མི་འདོད་བཞིན་སླེབས་སོང་། ད་ང་ཁྱེད་ཚོ་དང་མཉམ་འཛོམས་དེ་ད་ལན་མཐའ་མ་རེད། ང་སློབ་གྲྭ་འདིར་སླེབས་པ་ནས་བཟུང་ད་ལྟའི་བར་རྙོག་འཛིང་དང་འཁྲུག་ལོང་གང་ཡང་མ་བྱུང་བར་མཐུན་ལམ་ལེགས་པོ་ཞེ་དྲག་བྱུང་སོང་། འཛིན་གྲྭ་གོང་འོག་གི་མཐུན་ལམ་དེ་གཞན་གྱི་མིག་དཔེར་འོས་པ་ཞིག་རེད། ཚང་མ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ང་ཚོའི་མི་ཚེ་དེ་རླངས་འཁོར་ཞིག་ཡིན་ན་སློབ་སྦྱོང་ནི་གཞུང་ལམ་ལྟ་བུ་ཞིག་རེད། དུས་རབས་འདིར་མི་ཚེ་ལེགས་པོ་ཞིག་འདོད་ན་གཞུང་ལམ་ལྟ་བུའི་ཤེས་ཡོན་དེ་ཡག་པོ་སྦྱོང་དགོས་པ་ཡིན། མ་འོངས་པར་སྤྱི་ཚོགས་ལ་ཞབས་འདེགས་སྐྲུན་ཐུབ་པའི་མི་གང་མང་ཞིག་སློབ་གྲྭ་འདི་ནས་ཐོན་པའི་རེ་བ་དང་སྨོན་ལམ་ཡོད། དེ་རིང་ལས་ཡོལ་གྱི་དུས་ཚོད་དང་བསྟུན་ནས་ངས་བྲིས་པའི་«དགའ་དགའ་སྤྲོ་སྤྲོའི་ངང་ནས་མི་ཚེ་སྐྱེལ་སྟངས་»ཞེས་པའི་དེབ་དེ་ཁྱེད་རྣམས་ལ་དྲན་རྟེན་ཆེད་རེ་རེ་འབུལ་རྒྱུ་ཡིན་པས། དེའི་ནང་དོན་དེ་སློབ་ཕྲུག་ཡོངས་ལ་ཕན་པའི་སྨོན་འདུན་ཞུ།ˮ ཞེས་མཚམས་བཞག་གནང་སོང་། དེ་མ་ཐག་གཡུ་སྒྲོན་ཡར་ལངས་ནས་འདི་ལྟར། “སློབ་སྤྱི་དོན་གྲུབ་ལགས་ནི་ང་ཚོའི་སློབ་སྦྱོང་ལ་ཕན་པ་ཤིན་ཏུ་ཆེ་བ་མ་ཟད་མངའ་སྡེ་འདིའི་སློབ་གྲྭ་རྩེ་ཕུད་གཟེངས་བསྟོད་ཀྱི་བྱ་དགའ་ལན་གཉིས་ཐོབ་པ་དེ་ཡང་ཁྱེད་ཀྱི་བཀའ་དྲིན་ཡིན། ང་ཚོ་སློབ་ཕྲུག་རྣམས་ཀྱི་ཤེས་རིག་སྐྱེད་པའི་མ་མ་ལྟ་བུ་ཡང་ཡིན། ཁྱེད་ཀྱི་བཀའ་དྲིན་ནི་དུས་ནམ་ཡང་ང་ཚོས་སྙིང་ལ་བཅངས་ནས་ཡོད། ངས་སློབ་ཕྲུག་ཡོངས་ཀྱི་ཚབ་བྱས་ནས་སློབ་སྤྱི་དོན་གྲུབ་མཆོག་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་”བཅས་གསུང་བཤད་ལས་རིམ་མཐའ་བསྡུས་སོ། །རྗེས་ནས་དགེ་རྒན་རྣམས་ནས་སློབ་སྤྱི་མཆོག་ལ་ཨ་ཤེ་ཁ་བཏགས་དང་ལག་རྟགས་ཕུལ། འཛིན་གྲྭ་རེ་རེ་ནས་ལག་རྟགས་གྲ་སྒྲིག་ཡོད་པས་རིམ་བཞིན་ཕུལ་རྗེས་མཉམ་དུ་པར་ཁ་ཤས་བླངས་ནས་ལས་རིམ་དག་འཚབ་འཚུབ་ངང་གྲུབ། སློབ་ཕྲུག་ཚོས་ཕན་ཚུན་ཁ་བ་རྡོག་པོ་གཞུ་རེ་རྩེ་བཞིན་སོ་སོའི་ཁྱིམ་ལ་ལོག
གསུམ་པ།
རྒྱ་བལ་འབྲུག་གསུམ་མ་ཟད་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུའང་ཡོངས་སུ་གྲགས་པ་ལྟར་ན་བཙུན་དགོན་འདི་ནི་མིའི་བཟོ་གྲྭ་ཆེན་པོ་ཞིག་ཏུ་བརྩི་ཆོག གཞན་ཡང་བཙན་བྱོལ་ནང་ནས་བཙུན་མ་གྲངས་འབོར་མང་བའི་བཙུན་དགོན་ཆེ་ཤོས་གྲས་སུ་སོན་ཡོད། དེ་ནས་བསླབ་པ་མཐར་སོན་ནས་ཡུལ་གྲུ་ཁག་གྲངས་ཀྱིས་མི་ལོངས་པ་ཞིག་ལ་རིན་མེད་སློབ་སྟོན་གནང་དང་གནང་མུས་རེད། རྒྱལ་སྒོ་ནས་ཡར་ཐད་ཀར་བལྟས་ན་བརྗིད་ཆགས་མཛེས་སྡུག་དང་ལྡན་པའི་ལྷ་ཁང་མཇལ། ཁང་པ་ཐོག་བརྩེགས་གསུམ་ཅན་གྱིས་མཐའ་ནས་བསྐོར་ཞིང་། རྒྱ་ཆེ་བའི་སྤྱི་གླིང་གི་དབུས་དང་མཐའ་འཁོར་ནས་གྲིབ་བསིལ་མོད་པའི་ཤིང་སྡོང་དང་མེ་ཏོག་སྣ་ཚོགས་ཀྱིས་བརྒྱན། ཞི་བདེ་རང་བཞིན་གྱིས་ཁྱབ་ཅིང་བག་ཕེབས་ལྷིང་འཇགས་སེར་གནས་པའི་ཁོར་ཡུག་དེ་ནས་སྙན་པའི་ཆོས་སྒྲ་དི་རི་རི། དྲི་ཞིམ་སྤོས་དྲི་ཐུལ་ཐུལ་ཆད་མེད་ཡིན། ཟིང་སྐྱ་ཅན་གྱི་མཐིལ་ལྷམ་དང་ཕྲེང་བ་བཏགས། གཟན་གྱི་སྣེ་མོ་དེ་ཕྲག་པ་གཡས་ཕྱོགས་ལ་ཨུ་ཚུགས་ཀྱིས་སྐྱོན་གྱིན་ཡོང་བའི་བཙུན་མ་དེའི་གཟན་གྱོན་ལུགས་ལ་ཕར་བལྟས་ན། ཉིན་ཁ་ཤས་སྔོན་དགོན་པར་འབྱོར་བ་དཔོག་ཐུབ། བཙུན་མ་རྒན་པ་ཞིག་གིས་ལམ་བར་དེར་བཀག་ནས་“ཝ་ཡེ་གཟན་གྱོན་སྟངས་དེ་འདྲ་མ་རེད། ཕྲག་པ་གཡོན་ཕྱོགས་ནས་དཀྲི་དགོས་རེད། ཁྱོད་ཀྱི་མིང་གང་རེད།ˮ ཅེས་དྲིས་པར། “གཡུ་སྒྲོན།” “གསར་པ་ཡིན་པས།” དྲིས་པར། མགོ་བོ་གུག་ཙམ་བྱས། “ཡ་ཡ་སང་ཉིན་ནས་གཟན་ཡག་པོ་གྱོན་ཨ།ˮ མགོ་བོ་གུག་ཙམ་བྱེད་པ་དེ་ཡང་མོ་ལ་ཁག་ཅི་མི་འདུག ཉིན་ཞིག་མོ་ལས་ལོ་གཅིག་སྔོན་ལ་འཛུལ་ཞུགས་བྱས་པའི་ལྷ་མོས་མོ་ལ། “ཁྱོད་བཙུན་མ་བྱེད་དོན་གང་ཡིན་ནམ། ནང་མིས་མངགས་པ་ཡིན་ནམ་རང་མོས་ཡིན།ˮ དྲིས་པས་མོས་“ངའི་ཨ་མས་དུས་རྒྱུན་ཁ་ནས་མ་ཎི་བགྲང་བ་ལྟར་བཤད་རྒྱུ་ནི་འདི་ལྟར། ལས་ལ་གང་བསྐོས་མ་གཏོགས། །སྣང་བ་གང་ཤར་མི་འདུག །ཅེས་པའི་ཚིག་གཉིས་པོ་འདི་ང་ལའང་འབྱར་ཟིན། ངས་ཉིན་ཞིག་ཨ་མར་དེའི་དོན་དག་བཀའ་འདྲི་ཞུས་པས། ཨ་མས་ང་ལ་འདི་ལྟར་བུ་མོ་ཁྱོད་དང་ང་གཉིས་ཀྱི་ལས་ལ་གང་བསྐོས་པ་ལྟར་འགྲོ་རྒྱུ་ལས། འཇིག་རྟེན་འདིའི་ནང་སྣང་བའམ་གང་འདོད་གང་བསམ་འགྲུབ་རྒྱུ་ཁག་པོ་རེད་ཅེས་གསུངས་སོང་། སྐབས་དེ་དུས་དགུན་ཁའི་གུང་སེང་རེད། ང་ཚོའི་གཞིས་གྲོང་གཅིག་པའི་ཨ་ནེ་ཁ་ཤས་གུང་སེང་ལ་ཕེབས་ནས་ཡོད། ཉིན་གཅིག་ཨ་མས་ཁོང་རྣམ་པ་ཁྱིམ་ལ་ཆོས་ཚན་འགའ་ཞིག་འདོན་པར་རེ་སྐུལ་ཞུས་པ་ལྟར་ཕེབས་གནང་སོང་། དེ་དུས་ཆོས་ཀྱི་བྱིན་རླབས་ཡིན་ནམ་ཡང་ན་ངའི་ཚེ་སྔོན་གྱི་ལས་འཕྲོ་སད་པ་ཡིན་ལབ་ཐག་མ་ཆོད། ཁོང་རྣམས་མཇལ་མ་ཐག་ངའི་སེམས་པ་དགའ་བ་འབུམ་གྱིས་ཁེངས་ཤིང་། སེམས་ལ་གསལ་པོར་ཚོར་ཞིང་ཚིག་གི་ལམ་ནས་བརྗོད་མི་ཤེས་པའི་ཚོར་བ་ཞིག་བྱུང་། བདུན་ཕྲག་གཉིས་ཙམ་རྗེས་ནས་ངས་ཨ་མར་རེ་བ་བཏོན་པར་མོས་མཐུན་གནང་སོང་། དེ་རིང་ངས་བསམ་གཞིག་བྱས་ན་སྐབས་དེར་ངའི་ལས་ཀྱིས་ང་ལ་དགོན་འདིར་ཤོག་ཅེས་བོས་པ་རེད་འདུག” ཅེས་ཞུས། སེམས་སྐྱིད་འདོད་ན་ལུས་ཀྱིས་དཀའ་བ་སྤྱོད། །ལུས་པོ་བསམས་ན་སེམས་པ་སྡུག་ལ་སྦྱོར། །ཞེས་པ་ལྟར་གཡུ་སྒྲོན་གྱིས་ཉིན་ནས་ཉིན། ཟླ་བ་ནས་ལོ་ངོ་བརྩེགས་ཏེ་སློབ་སྦྱོང་ལ་ཧུར་བརྩོན་བྱས་པ་ལྟར་གྲུབ་འབྲས་ཀྱང་མི་དམན་པ་ཞིག་བྱུང་། སང་ཉིན་ཨྱོན་རིན་པོ་ཆེའི་འཁྲུངས་སྐར་སྤྲེལ་ཟླའི་ཚེས་བཅུ་ཡིན་པས། གཡུ་སྒྲོན་གྱིས་བྲེལ་འཚུབ་ངང་ལག་ཏུ་རྒྱ་གླིང་གཅིག་ཁྱེར་ཏེ་ལྷ་ཁང་ཕྱོགས་ནས་བརྒྱུགས་ཡོང་། ཤག་སྒོའི་འཁྲིས་སུ་སླེབས་ནས་ངོ་གདོང་དེ་འབྱིད་བཞིན་“ཨ་ཡོ་ཆར་པ་སེམས་ངན་ཁྱོད་ཡིན་ན། རྒྱ་གླིང་སྦྱོང་བརྡར་བྱེད་དུ་བཅུག་མ་སོང་”ཞེས་ཆིག་ལབ་བརྒྱབ། མོ་ཕ་ཡུལ་དང་བྲལ་ནས་ལོ་ངོ་དྲུག་ཙམ་རིང་ཧུར་བརྩོན་གྱིས་འདོན་ཕྱག་ལེན་སོགས་ཀྱང་སྦྱངས་ནས་ད་གཟོད་དགོན་གཞུང་གི་རྒྱ་དཔོན་དུ་བསྐོས། གཏོར་བཅའ་དང་དཀར་རྒྱན་སོགས་ཀྱི་རྒྱུགས་སྤྲོད་ཀྱི་ཁྲོད་ནས་རྩེ་ཕུད་དུ་སོན་པར་བརྟེན། མོ་ལ་སྤུས་ཀ་ལེགས་པའི་གོས་ཆེན་གྱི་གོང་གཤམ་བརྒྱབ་པའི་སྐུ་ཐང་ཞིག་བྱ་དགར་ཐོབ། སྐུ་ཐང་དེ་ཤག་ནང་བཤམས་ནས་བཟུང་ད་བར་ཉིན་གཅིག་ཀྱང་ཡོན་ཆབ་ཆད་མྱོང་མེད། སྐུ་ཐང་དེ་ནི་མོའི་བཟང་ན་མཆོད་རྟེན་དང་ངན་ན་བཤགས་རྟེན་ཞིག་ཏུ་གྱུར།
དུས་ཚོད་ནི་ཅི་འདྲའི་མྱུར་པོ་ཞིག་རེད། བལྟས་བལྟས་རིག་རིག་ལ་ལོ་ངོ་བརྒྱད་བུད་ཟིན། ད་ལོར་གཡུ་སྒྲོན་འཛིན་གྲྭ་བརྒྱད་པར་སླེབས་ཟིན། ཕྱི་ཉིན་དེར་དཔེ་ཁྲིད་དབུ་བཙུགས་གནང་། དགེ་རྒན་གྱིས། “དེ་རིང་ང་ཚོ་ལོ་འདིའི་ཉིན་དང་པོ་རེད། དེ་ཡིན་དུས་ངས་བསམ་ཚུལ་འགའ་ཞུ་འདོད་བྱུང་། དེ་ཡང་རྩ་བའི་བླ་མའི་ཞལ་རྒྱུན་བྱིན་རླབས་ཅན་ཞིག་ཡིན་པས་ཁྱེད་རྣམས་ལ་ཕན་ངེས་ཡིན། སྤགས་ལ་གཏོར་མ། མི་ལ་བླ་མ་ཞེས་པ་རེད། དེའི་དོན་ནི་དཔེར་ན་ལག་བཟོ་མཁས་པ་ཞིག་གིས་སྤགས་ལ་གཏོར་མ་བཟོས་ནས། རྒྱན་ལེགས་པོ་ཞིག་སྤུད་ན། སྤགས་ལས་བཟོས་པའི་གཏོར་མ་དེ་འཇོག་ས་མཆོད་ཁང་། དེ་ཡང་དམིགས་བསལ་གྱིས་མཆོད་སྟེགས་བཤམས་ནས་འཇོག་པར་བྱེད། དེ་ལ་བླ་མས་བྱིན་གྱིས་བརླབས་ནས་གཏོར་མ་དེ་མིའི་མགོ་ལ་དབང་སྐུར་བར་བྱེད། ད་མཐའ་མ་སྤགས་ལས་བཟོས་པའི་གཏོར་མ་དེ་མིའི་མགོ་སྒང་ལ་སླེབས་སོང་ང་། གལ་ཏེ་ལག་བཟོ་མཁས་པ་དེས་སྤགས་གཅིག་པུ་བཟོས་ནས་བཞག་ན། ཉིན་ཁ་ཤས་ནས་སྐྱུར་དྲི་བྲོ་སྟེ་མི་ཕར་ཞོག་ཐ་ན་ཁྱིས་ཀྱང་ཟ་བར་མི་བྱེད། མཐར་གད་སྙིགས་བླུག་སྣོད་ནང་དུ་གཡུག་པ་ལས་འགྲོ་ས་མེད་པ་རེད། དཔེ་དེ་བཞིན་ང་ཚོ་ཡང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་ཆོས་ཡག་པོ་ཞིག་བསྒྲུབས་ན། མི་རྣམས་ཀྱིས་གོང་དུ་བཀུར་བར་མི་ཚད་ཕྱག་དབང་སོགས་ཞུ་རུ་ཡོང་། སྡོད་གནས་ཀྱང་མཆོད་ཁང་། ཀུན་ཀྱི་ཕྱག་འབུལ་སའི་ཡུལ་དུ་གྱུར། དེ་མིན་མི་སྐྱ་ནས་ཚུར་སླེབས་རྗེས་ཆོས་ཡག་པོ་མ་བྱས་ན། མཐར་ཁྱིམ་ལ་ལོག་དགོས་ཐུག དེ་ནས་མི་སྐྱའི་གྲས་སུ་མ་ཡིན་སེར་མོ་བའི་གྲས་སུའང་མ་ཡིན་པར། མི་ཕུང་གསུམ་པ་ཞིག་ཏུ་གྱུར་ཚེ་ད་གཟོད་མི་དེ་མིའི་གད་སྙིགས་ནང་སླེབས་ཟིན་པ་རེད།ˮ སྐབས་དེར་སློབ་ཕྲུག་རྣམས་རི་དྭགས་པི་ཝང་གི་སྒྲ་ལ་ཉན་པ་ལྟར་འཛིན་ཁང་ནི་འཇམ་ཐིང་ཐིང་རེད། “དེ་ཡིན་དུས་ང་ཚོས་སྤགས་ལ་གཏོར་མ་དང་མི་ལ་བླ་མ་བྱེད་དགོས་”ཞེས་བཀའ་ནན་ཏན་གནང་། གཡུ་སྒྲོན་ནི་དགེ་རྒན་གྱི་བཀའ་སློབ་དེ་འབྲི་དེབ་ནང་བཤུ་བཞིན་པའི་སྒང་དེར་འཛིན་གྲྭ་གྲོལ་སོང་། ཨ་ཙི་ཡ་མཚན་དེ་འདྲ་ལྟོས་དང་། ཐོག་དང་པོ་གཟན་གྱི་སྣེ་མོ་དེ་ཨུ་ཚུགས་ཀྱིས་ཕྲག་པ་གཡས་ཕྱོགས་ནས་སྐྱོན་མཁན་གྱི་བུ་མོ་དེ་ཅི་འདྲ་ཞིག་ཏུ་གྱུར་འདུག དེ་ལྟར་ཉིན་མོའི་ཕྲེང་བ་རེ་རེ་བཞིན་ཕར་འདས་ནས་ལོ་མཇུག་དེར་གཡུ་སྒྲོན་གྱིས། གོས་ཆེན་འབྲུག་རིས་ཅན་གྱིས་གོང་གཤམ་བརྒྱབ་པའི་སྐུ་ཐང་གི་མདུན་ལ་ཉེར་སྤྱོད་མཆོད་པ་རྒྱས་པོ་ཞིག་བཤམས་ནས། ལོ་མང་ཞིག་གི་རྗེས་སུ་གོམ་པ་དེ་ཕ་ཡུལ་ཕྱོགས་སུ་སྤོས།
བཞི་པ།
སྤྱི་གླིང་སྔོ་ལྗང་ལྗང་དེ་སྐྱ་བོ་ཞིག་ཏུ་གྱུར་ཅིང་། དགོན་པའི་མདུན་གྱི་ཕྱོགས་བཞི་དཔག་དཀའ་བའི་ཞིང་ཁ་དེར་སྣང་བའི་སྨིག་རྒྱུ་དེ་ནི་ཆུ་བོ་ཆེན་པོ་འབབ་པ་དང་གཉིས་མེད་རེད། ད་ལྟ་གཡུ་སྒྲོན་གྱིས་ནང་ནས་ཁྱེར་བའི་རྔན་པ་རྣམས་འབྲེལ་ཡོད་གྲོགས་མོ་ཚོར་བསྐྱལ། མཐར་བློ་མཐུན་གྲོགས་མོ་ལྷ་མོའི་ཤག་ལ་སོང་ནས། “ཝ་ཡེ་བཀྲ་ཤིས་བདེ་ལེགས། བདེ་པོ་ཡིན་པས།ˮ ཞེས་རྔན་པ་དེ་བྱིན། ལྷ་མོ་ནི་གཡུ་སྒྲོན་མཐོང་ནས་ཡུད་ཙམ་འཐོམས། ཧང་སང་སང་གིས་ “ཁྱོད་ག་དུས་སླེབས་ཡིན།ˮ ཞེས་ཡང་ཡང་དྲིས། “ནང་མི་ཚང་མ་བདེ་པོ་རེད་པས། ནང་ལ་གུང་སེང་སྐྱིད་ལོད་བྱུང་།ˮ ཞེས་དྲི་བ་གཅིག་རྗེས་གཉིས་མཐུད་ཆད་རྒྱུ་མེད་པ་ཞིག་དྲིས། ད་དུང་ལྷ་མོས་“ཁྱེད་ཚོའི་ཕ་ཡུལ་ཕྱོགས་ལ་གནམ་གཤིས་གྲང་མོ་ཞེ་དྲག་ཡོད་ས་རེད།ˮ གཡུ་སྒྲོན་གྱིས་“དེ་འདྲ་གང་ཡིན་ནམ།ˮ ཞེས་དྲིས་པར། “ཁྱོད་རང་གི་དཀར་རིལ་རིལ་གྱི་ངོ་གདོང་ནག་པོ་ཞིག་ཏུ་གྱུར་པ་མ་ཟད། གཟུགས་པོ་ཡང་སྐམ་པོ་ཞིག་ཆགས་འདུགˮཟེར། སྐད་ཆ་དེ་འདྲ་ལབ་མཁན་ལྷ་མོ་གཅིག་པུ་ག་ལ་ཡིན། རྗེས་ནས་ཨ་མས་བཏགས་པའི་ཁུག་མ་དེ་རྒན་ལགས་རྣམས་ལ་རྔན་པར་སྐྱེལ་དུ་ཕྱིན། ཟླ་བ་ཕྱེད་ཙམ་རྗེས་ནས་སྔོན་འགྲོ་འབུམ་ལྔ་བསགས་སྦྱང་དབུ་འཛུགས་རྒྱུ་ཡིན་པས། གཡུ་སྒྲོན་དང་ལྷ་མོ་གཉིས་ཀྱང་འབུམ་ལྔ་བསགས་སྦྱང་བྱ་རྒྱུའི་ཁ་མཐུན་བྱུང་། ཉིན་ཞིག་ལྷ་མོས་ཤག་རོགས་དང་ལྷན་དུ་གླེང་མོལ་འདི་ལྟར་བྱས། “དེང་སང་ངའི་གྲོགས་མོ་གཡུ་སྒྲོན་ནི་དགོན་པའི་སྒྲིག་ཁྲིམས་ལ་སུན་སྣང་བྱེད་ཀྱིན་འདུག དེ་སྔོན་གྱི་གཡུ་སྒྲོན་དེ་མིན་པ་ལྟ་བུར་གྱུར་འདུག མཚམས་རེར་སྔོན་མ་དགོན་འདི་ནས་ལོག་པའི་གྲོགས་མོ་ཚོའི་པར་དག་བསྟན་ནས། མི་ཚེ་སྐྱིད་པོ་རེད། རང་དབང་རེད། གང་དུ་འགྲོ་འདོད་ནའང་འགྲོ་ཆོག་ཆོག་རེད། ཅེས་ཧ་ལམ་མོ་རང་བཙོན་ཁང་བཙན་པོ་ཞིག་ཏུ་ཚུད་པ་ལྟར་སྡུག་སྐད་རྒྱག་པར་བྱེད། ཏན་ཏན་མོའི་སེམས་ལ་དཀའ་ངལ་ཞིག་ཡོད་ཐག་ཆོད་རེད།ˮ ཅེས་བཤད། ཤག་རོགས་ཀྱིས་“མོ་ལ་སྐད་ཆ་དྲིས་མེད་པས།ˮ ཟེར། “ངས་མོ་ལ་ཐེངས་ཁ་ཤས་དྲིས་ཡིན་ཏེ་ལན་སྤྲད་མ་སོང་།ˮ ཞེས་བཤད་སྐབས། ལྷ་མོས་དེ་སྔོན་གཡུ་སྒྲོན་ལ་དེ་རིང་ཟ་ཁང་ལ་ཁ་ལག་བཟའ་རུ་འགྲོ་རྒྱུའི་འཆར་གཞི་བསྒྲིགས་པ་དེ་དྲན་པས་ཧོབ་དེ་ཁ་ལ་གཟན་དེ་ཕྲག་པའི་སྟེང་དུ་བཞག་ནས་བརྒྱུགས་ཕྱིན། བསྐོས་པའི་ལས་ལ་ཆོག་ཤེས་མ་བྱས་ན། །རང་སྡུག་རང་གིས་ཉོ་བ་དོན་མེད་རེད། །ཅེས་པ་ལྟར། ཉིན་ཞིག་ཚོགས་པ་འཚོག་སྐབས་གཡུ་སྒྲོན་གཉིད་དུ་ཡུར་ནས་ཚོགས་ཐུན་གཅིག་ཆད་པས། དགེ་སྐོས་ནས་མོ་ལ་ཚོགས་མང་དཀྱིལ་དུ་ཕྱག་འཚལ་དུ་བཅུག་པས། གཡུ་སྒྲོན་ནི་ཁ་སྐྱེངས་ནས་ཅི་བྱ་གཏོལ་མེད་དུ་གྱུར། ཚོགས་གྲོལ་སྐབས་ཚང་མས་“མོ་ཅི་བྱས་པ་ཡིན།ˮ ཞེས་འུར་སྒྲས་ཁེངས། མོས་མི་རྣམས་ཀྱིས་དྲི་བ་འདྲི་བར་དོགས་ཏེ་གཟན་གྱིས་མགོ་བཏུམས་ནས་ཤག་ལ་བརྒྱུགས་ཡོང་རྗེས། སྐུ་ཐང་གི་མདུན་དེར་མགོ་བོ་བཏུད་ནས་ཡུན་རིང་ངུས། དེ་སྔོན་ནས་མོ་ལ་རང་དབང་མེད་པ་ལྟ་བུ་དང་། རང་སྡུག་གཞན་སྐྱིད་ཀྱི་བསམ་བློ་གུ་དོག་པོ་ཞིག་གིས་བསྡམས་ནས་ཡོད་པའི་ཁར་དེ་རིང་གི་གནས་ཚུལ་བརྩེགས་ནས་ཐ་ན་མེ་ལོང་ནང་རང་གི་ངོ་གདོང་ཡང་ལྟ་འདོད་མེད་པ་ཆགས་ཡོད། ཤ་ཚ། མོ་ནི་བསམ་བློ་ཁྱོན་ནས་མི་གཏོང་བར་རི་བོང་གནམ་རྡིབ་ལྟ་བུའི་ཆོ་མེད་པའི་རྣམ་རྟོག་གི་རྒྱལ་ཁམས་ཤིག་འགྲིམས་ནས་ཡོད།
ཞག་ཁ་ཤས་རྗེས་གཞི་ནས་ལྷ་མོའིི་རྩར་འབྱོར། ལས་ལ་གང་བསྐོས་མ་གཏོགས། །སྣང་བ་གང་ཤར་མི་འདུག །ཅེས་ལག་ཏུ་ཡོད་པའི་ཤོག་བུ་དཀར་པོ་ཞིག་བསྟན། ནང་དོན་ནི་ད་ལྟ་ཕ་ཡུལ་དུ་མ་རྒན་ནད་ཛ་དྲག་ཅིག་གིས་མནར་ནས་ཡོད་ཚུལ་བྲིས་འདུག ལྷ་མོ་ནི་སྐད་ཅིག་དེ་ཉིད་ལ་“ཨ་མ་ག་དུས་ནས་ན་བ་རེད།ˮ ཅེས་འདྲི་དུས། གཡུ་སྒྲོན་གྱིས་ཁྲེལ་དགོད་བྱས་ནས། “གྲོགས་མོ་ང་རང་དབང་གི་གཤོག་རྩལ་བརྐྱངས་ནས་རང་འདོད་ཀྱི་ཡུལ་ལུང་ཞིག་ཏུ་འཕུར་འདོད་ཤིན་ཏུ་ཆེ།ˮ ཞེས་བཤད། ལྷ་མོས་“ངས་དེ་སྔོན་ནས་ཁྱོད་ལ་རང་ནུས་ཅི་ལྕོགས་ཀྱིས་ལམ་སྟོན་བྱས་པ་ཡིན་ཏེ་ད་ལན་ཁྱོད་ཀྱིས་དགོངས་པ་ཡང་ཞུས་ཟིན་འདུག འོན་ཀྱང་ཨ་མའི་སྐོར་ལ་གནས་ཚུལ་དེ་འདྲ་བྲིས་ནས་དགོངས་པ་ཞུས་པ་དེ་རྩ་བ་ནས་ཡག་པོ་མིན། མ་གཞི་ཁྱོད་དུས་རྒྱུན་ལས་འབྲས་ལ་རྩི་འཇོག་བྱེད་མཁན་ཞིག་གིས་དེ་འདྲའི་དུས་སུ། སེམས་ལ་ཞེད་སྣང་དང་མི་བདེ་བའི་ཚོར་བ་གང་ཡང་བྱུང་མ་སོང་ངམ། ངས་ཁྱོད་ཀྱི་ལས་འབྲས་ལ་མནོ་བསམ་གཏོང་སྟངས་དེ་མགོ་འཚོས་མ་སོང་།ˮ ཞེས་ཡིད་སྐྱོ་བའི་ངང་བཤད། གཡུ་སྒྲོན་ནི་མགོ་བོ་བསྒུར་ནས། “ང་ད་ནི་གཞེས་ཉིན་འགྲོ་རྒྱུ་ཡིན། སྐུ་ཐང་དེ་ང་རང་གིས་ཁྱེར་ཡོད། གཞན་ཅ་ལག་རྣམས་ཁྱེད་རང་ལ་ཕན་ངེས་ཡིན།ˮ ཞེས་བཤད་པར། ལྷ་མོས་མིག་ལ་མིག་ཆུས་ཁེངས་ནས་“གཡུ་སྒྲོན་ཁྱོད་དངོས་གནས་དྲང་གནས་འགྲོ་རྒྱུ་ཡིན་ནམ།ˮ ཞེས་ཡང་ཡང་དྲིས། གཡུ་སྒྲོན་གང་མཚམས་རྗེས་ཡར་ལངས་ཏེ་ལྷ་མོའི་ལག་པར་འཇུས་ནས་མིག་ཆུའི་ཕྲེང་རྡོག་འགའ་ས་ལ་ལྷུང་། གཡུ་སྒྲོན་མིག་ཆུ་འབྱིད་ཀྱིན་ཤག་ནས་བརྒྱུགས་ཕྱིན། ལྷ་མོའི་མིག་ལམ་དུ་མོའི་གཟུགས་བརྙན་མཐའ་མ་དེ་ཡིན།
ལྔ་པ།
རི་ལུང་དག་སྔོ་ཐིང་ངེར་རེད། མ་གཞི་མིའི་མི་ཚེ་ནི་ལབ་ཐག་མི་ཆོད་པ་ཞིག་རེད། སང་ཉིན་གང་ཡོང་མི་ཤེས་པ་དེ་ནི་མིའི་སྡུག་བསྔལ་ཆེ་ཤོས་རེད། ད་ལྟ་གཡུ་སྒྲོན་ནི་མཆོད་ཁང་ནང་འབྲུག་རིས་ཅན་གྱི་གོང་གཤམ་བརྒྱབ་པའི་སྐུ་ཐང་དེ་བཤམས་ནས་མཆོད་པ་གཤོམ་བཞིན་པའི་སྒང་རེད། ཨ་མ་སྒྲོལ་མས་མཆོད་འབྲུ་དེ་ཁྱེར་ནས་སྐུ་ཐང་མཇལ་མ་ཐག་མགོ་རས་ཕུད་དེ་“སྐྱབས་སུ་མཆིའོ། །བྱིན་གྱིས་རློབས་ཤིག ནད་མེད་ཚེ་རིང་ཡོང་བར་ཤོགˮ ཅེས་སྨོན་ལམ་བཏབ། གཡུ་སྒྲོན་གྱིས་“ཨ་མ་དེ་སྔོན་ངས་རྔན་པ་ཐོབ་ཚུལ་བཤད་ཡིན་པ་འདི་རེད།ˮ ཅེས་ངོ་སྤྲོད་བྱས། བདུན་ཕྲག་ཁ་ཤས་རྗེས་ནས་གཡུ་སྒྲོན་དང་ཨ་མ་གཉིས་ཀྱིས་ཞིང་ཁའི་ནང་ཨ་ཤོམ་འདེབས་འགོ་བཙུགས། གཡུ་སྒྲོན་ནི་དབུགས་ཧལ་ཧལ་ངང་ཨུ་ཚུགས་ཀྱིས་ཞིང་རྨོས། ངོ་གདོང་དམར་པོར་གྱུར་ཅིང་། རྔུལ་ནག་རྡོག་པོ་ངོ་ནས་གཅིག་རྗེས་གཉིས་མཐུད་ཀྱིས་ས་ལ་ཟག སྟོད་གོས་སྔོན་པོ་དེ་རྔུལ་ཆུས་སྦངས་ཟིན། ཨ་མ་སྒྲོལ་མས། “བུ་མོ། འཇིག་རྟེན་ནི་འདི་འདྲ་རེད། ཟས་གོས་བཏུང་གསུམ་ནི་གནམ་ནས་མི་འབབ་ས་ནས་མི་སྐྱེ་རང་རང་སོ་སོས་དཀའ་ལས་བརྒྱག་རྒྱུ་རེད།ˮ ཅེས་བཤད། ད་གཟོད་གཞིས་གྲོང་ནང་གི་མི་རྣམས་གཅིག་ལས་གཅིག་བྲེལ་ཚུབ་ཆེ་བ་རེད། ཨ་མས་“གཡུ་སྒྲོན་སང་ཉིན་ཨ་ཁུ་དོན་གྲུབ་ནང་ལ་ལག་པོད་སོང་ཨ། ང་རྩམ་པ་འཐག་ཏུ་འགྲོ་དགོས་འདུགˮ ཟེར། ཕྱི་ཉིན་ཨ་ཁུའི་ནང་ལ་ལག་པོད་པ་མི་བཅུ་གྲངས་ཤིག་གིས་ཞིང་རྨོད་འགོ་ཚུགས། གཡུ་སྒྲོན་ནི་ཞིང་རྨོད་པ་ལས་མང་བ་ངལ་གསོ་དགོས་བྱུང་། ས་རུབ་གྲབས་ཡིན་ཡང་ཨ་མ་སྒྲོལ་མ་མ་སླེབས་པར་རྟེན་གཡུ་སྒྲོན་གྱི་བྲང་ཁོག་གི་སྙིང་ཆུང་དེ་ཕར་ལྡིང་ཇེ་ཆེ་ཇེ་ཆེར་རེད། གང་མཚམས་ཤིག་ནས་ཨ་མ་དབུགས་ཧལ་ཧལ་ངང་ནང་ལ་འབྱོར། མོས་ལམ་སང་ཨ་མའི་ཁུར་པོ་དེ་བླངས་ནས་ཆུ་གྲང་མོ་ཞིག་དྲངས། “དེ་འདྲ་འཕྱི་པོ་གང་ཡིན་ནམ།ˮ ཞེས་དྲིས་པར། “ཉིན་གུང་མགོ་བོ་འཁོར་ནས་རྩམ་པ་འཐག་ཐུབ་མ་སོང་། ཨུ་ཚུགས་ཀྱིས་ཉིན་གསུམ་ཙམ་གྱི་ཆེད་བཏགས་པ་ཡིན། ཁྱོད་དེ་རིང་ལས་ཀ་ལས་ཐུབ་སོང་ངམ། གནངས་ཉིན་ཨ་ཅག་སྒྲོལ་དཀར་ནང་ལ་ཡང་འགྲོ་དགོས་ཡོད་རེད།ˮ ཅེས་བཤད། ཡུན་རིང་པོ་ཞིག་གི་རྗེས་སུ་ཉི་མ་ཤར་སོང་ཞེས་བུད་ཤིང་ལེན་སྐབས། ཨ་ཁུ་དོན་གྲུབ་ནི་བྲེལ་ཤིག་ཤིག་ངང་ལམ་ལ་ཆས། ཨ་མ་སྒྲོལ་མས་“ཨ་ཁུ་དོན་གྲུབ་ལགས། ག་བ་ཕེབས་ཀྱི་ཡོད།ˮ ཅེས་དྲིས་པར། “ང་སྒྲོལ་དཀར་ནང་ལ་འགྲོ་ཡི་ཡོད།ˮ ཨ་མས་“ནང་ལ་ཤོག ཇ་ཞིག་མཆོད་དང་།ˮ ཞེས་ཞུས། དུས་ཚོད་མེད་ཚོད་ཕེབས་མ་སོང་། ཨ་ཁུ་དོན་གྲུབ་ཀྱིས་ཨ་ཅག་སྒྲོལ་དཀར་ལ་“ང་སང་ཕོད་ཕྲུ་གུ་སློབ་གྲྭར་སྐྱེལ་བའི་དུས་ཁེལ་བས་ཁྱོད་ཀྱི་ལག་པོད་རྗེས་མ་ཞིག་ལ་འཚབ་རྒྱུ་ཡིན། སང་ཉིན་ཁྱོད་ཀྱི་ལག་པོད་པ་སུ་སུ་ཡོད།ˮ ཅེས་དྲིས་པར། ཨ་ཅག་སྒྲོལ་དཀར་གྱིས་མི་རེ་རེ་བཞིན་ངོ་སྤྲད་ནས། “ཨ་ཅག་སྒྲོལ་མ་སླེབ་ཀྱི་ཡོད་དམ། བུ་མོ་གཡུ་སྒྲོན་གཏོང་གི་ཡོད་མི་ཤེས།ˮཞུས། “ཨོ་འོ་སྒྲོལ་དཀར་ཁྱོད་རང་ཅི་ནས་ཀྱང་སྒྲོལ་མ་མོ་རང་སྐད་ཐོང་མ་གཏོགས། ཨ་ལོག་གཡུ་སྒྲོན་དེ་རྩ་བ་ཉིད་ནས་སྐད་མ་གཏོང་། དེ་སྔོན་ངའི་ནང་ལ་མོ་ཡོང་སྐབས་དེ་དུས་ལས་ཀ་ལས་རྒྱུ་ལས་ཀྱང་མང་བ་ངལ་གསོ་བྱས་སོང་།ˮ ཞེས་བཤད། དགོང་མོ་དེར་གཡུ་སྒྲོན་གྱིས་“ཨ་མ་གང་ཡིན་ནམ། ལག་པོད་དེ་ཡིན་གཅིག་མིན་གཅིག་འགྲོ་དགོས་སམ།ˮ ཞེས་དྲིས། ཨ་མས་“དེ་སྔོན་ཁོང་ཚོས། ང་ཚོའི་ཞིང་རྨོད་རོགས་བྱས་པ་རེད་དེའི་ཚབ་ཏུ་འགྲོ་དགོས་རེད། སང་ཉིན་ཡང་ཁྱོད་རྒྱུགས། ང་ཞེ་དྲག་བདེ་པོ་མི་འདུགˮ ཅེས་ཤོད་ཀྱིན་གཉིད་དུ་ཡུར།
ཕྱི་ཉིན་གཡུ་སྒྲོན་ལས་ཀ་ནས་ལོག་དུས་ཨ་མ་ནི་མལ་ཁྲིའི་སྟེང་ཁ་དབུགས་ཀྱང་ལེན་མི་ཐུབ་པ་ཆགས་འདུག གཡུ་སྒྲོན་ཏོག་ཙེ་དེ་ས་ལ་གཡུགས་ནས་ཨ་མའི་གམ་དུ་ངུ་བཞིན། བྲེལ་ཚབས་ངང་མཆོད་ཁང་ནས་བླ་མའི་བྱིན་རླབས་དང་བདུག་རྫས་སོགས་བྱིན། དེ་ནས་ཨ་མ་སྒྲོལ་མ་ནི་ཉིན་མོ་ཡར་ལངས་རེ་མེད་པ་ན། ནད་ནི་ཉིན་རེ་ནས་ཉིན་རེ་བཞིན་ཇེ་སྡུག་དང་། ད་ནངས་ལས་དོ་དགོང་ཇེ་སྡུག་རེད། མཐར་ཨ་མ་སྒྲོལ་མ་ནི་ནད་ཀྱིས་ལང་མི་ཐུབ་པར་བརྟེན་ཉལ་ས་དང་གསང་སྤྱོད་གཅིག་ཏུ་གྱུར། གཡུ་སྒྲོན་ནི་མཚམས་རེར་ཞོགས་པ་དང་མཚམས་རེར་དགོང་མོ་སོགས་སུ་ཨ་མའི་གཅིན་སྐྱག་འབྱིད་དུས་དྲི་མས་མི་བཟོད་པར་ཁ་གང་རེ་སྐྱུག་པ་ཤོར་བ་དེ་ལན་གཅིག་ག་ལ་ཡིན། མཚམས་སུ་དེ་སྔོན་ལག་པོད་སྐབས་ངོ་ཤེས་ཆགས་པའི་བུ་ཉི་མ་དེ་ཚལ་དང་ཤིང་ཏོག་རེ་སྐྱེལ་དུ་ཡོང་། ཉི་མས་རོགས་པ་དགོས་སམ་ཞེས་དང་། མཚམས་རེར་སེམས་གསོ་གང་མང་བྱས་པར་བརྟེན། གཡུ་སྒྲོན་གྱིས་ཉི་མའི་དམིགས་ཡུལ་དང་བསམ་བློ་ཅི་ཡོད་མི་ཤེས་ཀྱང་། མོ་རང་གི་ངོས་ནས་ཚེ་སྔོན་ལས་ཀྱིས་བསྐོས་པའི་ཚེ་གྲོགས་གཅིག་ཏུ་ངོས་འཛིན་བྱས། ཨ་མས་“ངས་བུ་མོ་ཁྱོད་ལ་དཀའ་ངལ་བཟོས་སོང་། འདི་འདྲ་འདུག་པ་ལས་ཤི་ན་ཡག རང་གཞན་གཉིས་ཀ་ལ་སྡུག་པོ་བཟོས་སོང་།ˮ ཞེས་མིག་ཆུ་ཆད་མེད་བཏང་། “ཨ་མ་དེ་འདྲ་མ་གསུང་དང་།ˮ ཞེས་མཉམ་དུ་ངུས། ཉི་མ་ནི་གཡུ་སྒྲོན་གྱིས་མངགས་པའི་ཅ་ལག་རྣམས་མཚམས་མཚམས་ལས་ཀས་རྐྱེན་པས་མཚན་མོར་སྐྱེལ་དུ་ཡོང་བ་ནི་ལན་གཅིག་ག་ལ་ཚད། སྐབས་དེ་དུས་ཉི་མ་གཡུ་སྒྲོན་ནང་ལ་ཞག་སྡོད་བྱས། གཡུ་སྒྲོན་སྔ་དགོང་གཉིས་ལ་སྐུ་ཐང་དྲུང་དུ་ཨ་མའི་ནད་པ་དྲག་སྐྱེད་ཡོང་བའི་སྨོན་ལམ་ཞུ་མུས་ལྟར། དེ་རིང་ཡང་སྐུ་ཐང་མདུན་དུ་སྨོན་ལམ་འདེབས་བཞིན་པའི་སྐབས་མགོ་བོ་འཁོར་བཞིན་ཞེ་མེར་ལངས་ནས་སྡོད་མ་ཚུགས་པར་ལན་འགའ་ཁྲུས་ཁང་ནང་འགྲོ་དགོས་ཐུག དེའི་དགོང་མོར་མོས་གནས་ཚུལ་རྣམས་ཨ་མར་ཞུས་པར། ཨ་མས་“ཁྱོད་ལ་ལུས་འཁོར་བའི་རྟགས་རེད། གནས་ཚུལ་འདི་ཉི་མ་ལ་བཤད་ཡིན་པས། བཤད་མེད་ན་དོ་དགོང་ཅ་ལག་སྐྱེལ་དུ་ཡོང་སྐབས་ཤོད་ཨ།ˮགསུངས། དགོང་མོར་ཉི་མ་ལ་བཤད་པས། ཉི་མས་མི་བདེ་བའི་རྣམ་འགྱུར་ཞིག་གི་ངང་ཅ་ལག་རྣམས་རྩིས་སྤྲོད་བྱས་ནས་ལོག་ཕྱིན། དེ་ནས་བཟུང་ཉི་མས་ཁ་ཡ་མི་བྱེད་པར་བརྟེན། ཨ་མ་ནད་ཀྱིས་མནར། བུ་མོ་སེམས་སྡུག་གིས་མནར་དགོས་བྱུང་། ད་གཟོད་གཡུ་སྒྲོན་བུ་ལ་ནུ་མ་སྣུན་བཞིན་ཨ་མར་བཞེས་ལག་འདྲེན་པར་བྱེད། མོས་ད་དུང་ཡང་སྐུ་ཐང་ལ་མཆོད་འབུལ་ཆད་མེད་ཅིང་བཤགས་འབུལ་བྱེད་བཞིན་པ་དང་། དེ་སྔོན་ལྷ་མོའི་ཁ་ལ་མ་ཉན་པའི་འགྱོད་པས་མནར་ཞིང་། མཚམས་རེར་རྨི་ལམ་དུ་དགོན་པར་འབྱོར་བ་རྨིས་པ་གྲངས་མེད་རེད། ད་ལྟ་ཡུལ་ལུང་འདིར་གཡུ་སྒྲོན་ནི་ཨ་ལོག་ཡིན་པ་མི་ཚད་མོ་ལ་ཉལ་བུ་ཡོད་པའི་གཏམ་ངན་ཞིག་ཁྱབ་བཞིན་རེད། གཡུ་སྒྲོན་ནི་མཚན་མོར་ཕྲུ་གུ་ཡི་ངུ་ཅོར་གྱིས་གཉིད་མེད། ཉིན་གུང་ནི་ཨ་མའི་སྐྱག་གཅིན་གྱི་དྲི་མ་དང་སྡུག་སྐད་ཀྱིས་བདེ་བ་མེད། དེ་སྔོན་ཐག་ཆོད་དེ་ནོར་བར་ཤེས་ནས་འགྱོད་གདུང་གིས་སེམས་ལ་བདེ་བ་མེད། མཚམས་རེར་མ་བུ་གཉིས་གཉིད་དུ་ཡུར་སྐབས།
བྲག་ལ་སྐྱོ་རོགས་འུག་པ། །ཆུ་ལ་སྐྱོ་རོགས་ཉ་མོ།།
ལས་ངན་སྤྲང་མོ་རང་ལ། །སྐྱོ་རོགས་བྱེད་མཁན་མི་འདུག།
ང་རང་གཅིག་ལས་མེད་ན། །པདྨའི་གླིང་དུ་འགྲོ་ཆོག།
ཕ་མ་བུ་ཚ་བཞག་ནས། །ཆོས་ལ་འགྲོ་ས་མི་འདུག།
ཅེས་འབྲུག་གླུ་ཞིག་ལེན་གྱིན་ངུས། ཉིན་ཞིག་གཡུ་སྒྲོན་གྱིས་སྐུ་ཐང་གི་མདུན་དེར་བསྡད་ནས་གྲོགས་མོ་ལྷ་མོའི་ཆེད་ཡི་གེ་ཞིག་བྲིས་ཏེ་གུང་སེང་ལ་ཕེབས་པའི་བཙུན་མ་འགའ་ཞིག་གི་ལག་ཏུ་བསྐུར། ཡི་གེའི་ནང་དོན་ནི་འདི་ལྟར།
ཀྭ་ཡེ་སྙིང་ཉེ་ལྷ་མོ། །ལན་གཅིག་ཚུར་ལ་གསོན་དང་།།
སྔོན་གྱི་ཐག་ཆོད་དོན་དེ། །སེམས་ཀྱི་དུག་ཏུ་གྱུར་སོང་།།
གསུང་སྙན་རྣ་བའི་བདུད་རྩི། །ལྷང་ལྷང་རྒྱ་གླིང་སྒྲ་དེ།།
མི་སྙན་རྣ་བར་གཟན་པའི། །ཕྲུ་གུའི་ངུ་སྐད་གྱུར་སོང་།།
དྲི་མཆོག་སྣ་ཡི་བདུད་རྩི། །ཞིམ་ཞིམ་ཙན་དན་སྤོས་དེ།།
ཞེ་མེར་སྐྱུག་མེར་ལང་བའི། །གཅིན་སྐྱག་དྲི་རུ་གྱུར་སོང་།།
མེ་ཏོག་བརྒྱན་པའི་ཁོར་ཡུག །བདེ་སྐྱིད་ལྷ་ལ་འགྲན་དེ།།
སྡོད་འདོད་སྙིང་ནས་མེད་པའི། །ཁང་ཆུང་ཁྲིམས་རར་ཚུད་སོང་།།
ད་རེས་གྲོགས་མེད་ཁེར་རྐྱང་། །སྡུག་བསྔལ་བཙོན་རར་ཚུད་དུས།།
བཙུན་དགོན་གུ་ཡངས་ཅན་དེ། །ལྷ་ཡུལ་ཤེས་པ་འཕྱིས་སོང་།།
རང་དབང་ནང་ནས་རང་དབང་། །སྐྱིད་པོའི་ནང་ནས་སྐྱིད་ཤོས།།
ཆོས་པའི་མི་ཚེ་འདི་ཡིན། །ད་དུང་ལྷག་པའི་མི་ཚེ།།
དམ་པའི་ཆོས་ལ་འཆོལ་རོགས།།
ཡི་གེ་འཁུར་མཁན་བཙུན་མ་དེས་“ད་ལྟ་ཨ་ནེ་ལྷ་མོ་ལགས་དགོན་པར་བཞུགས་ཡོད་མ་རེད།ˮ སྨྲས། གཡུ་སྒྲོན་གྱིས་བློ་འཚབ་ཅིག་གི་ངང་ནས་“ད་ལྟ་མོ་ག་བར་བཞུགས་ཡོད་རེད།ˮ ཅེས་དྲིས་པར། “ལོ་ཁ་ཤས་སྔོན་ནས་དགོན་པའི་སྒྲུབ་ཁང་ཐོན་རྗེས་དགོན་པའི་ནང་ལོ་ཁ་ཤས་རིང་ཞབས་ཏོག་ཞུས། དེའི་རྗེས་བླ་ཆེན་ཁག་ནས་སེམས་ཁྲིད་གདམས་ངག་ཞུས་ནས། ད་ལྟ་རི་ཁྲོད་སོགས་གནས་ངེས་མེད་འགྲིམས་ནས་བཞུགས་ཡོད་རེད། དེ་སྔོན་ཨ་ནེ་ལྷ་མོ་ལགས་རི་ཁྲོད་ཅིག་ལ་སྐུ་མཚམས་བཞུགས་སྐབས་ཚེས་བཅུའི་ཉིན་ཞིག་མཚམས་ཁང་དེ་ནས་འཇའ་ཤར་བ་སོགས་གྲོང་མི་དག་གིས་མངོན་སུམ་དུ་མཐོང་བ་བྱུང་ཡོད། ན་ནིང་ཨ་ནེ་ལགས་ཀྱིས་ཀུན་བཟང་བླ་མའི་ཞལ་ལུང་གི་ལྗགས་ལུང་གནང་སོང་། ད་ལོར་ཆོས་ལུང་ཡོད་པའི་སྐད་ཆ་གོ་སོང་། ངས་དེ་དུས་བཅར་ནས་ཁྱོད་ཀྱི་ཡི་གེ་དེ་འབུལ་ཆོགˮ ལབ།
དགོང་མོ་དེར་གློ་བུར་དུ་ཆར་སྨུག་འཁྲིགས། ཕྱོགས་གང་ས་ནས་རྣ་བར་མི་བཟོད་པའི་འབྲུག་སྒྲ་ལྡིར། ཆར་པ་ནི་འབབ་བཞིན་འབབ་བཞིན་ཇེ་ཆེར་རེད། མིག་རྡེབ་ཡུན་ཙམ་ལ་གྲོང་པའི་ཡུར་ཆུ་དེ་རྒྱུག་ཆུ་ཆེན་པོ་ཞིག་ཏུ་གྱུར། གློག་དམར་གཅིག་རྗེས་གཉིས་མཐུད་ཀྱིས་འཁྱུག་པའི་དཀར་འོད་ཁྲོད་ནས། གྲོང་ཚོའི་སྒོ་དར་དང་ཤིང་སྡོང་སོགས་ཆར་རླུང་གིས་ལྷབ་ལྷུབ་ཏུ་རྡེབ་བཞིན་པ་དག་གསལ་ཙམ་གསལ་ཙམ་མཐོང་ཐུབ། དེ་དུས་ཕྲུ་གུ་ལ་གདོན་ཞིག་གིས་ཟིན་པ་ལྟར་བར་མཚམས་མེད་པར་ངུས། ཨ་མ་ཡང་ནད་ཇེ་སྡུག་ཏུ་ཕྱིན་ཏེ་སྐད་ཆ་ཤོད་མི་ཐུབ་པ་ཞིག་ཏུ་གྱུར་ནས་གཡུ་སྒྲོན་གང་ཡང་བྱེད་ཐབས་མེད་པར་གྱུར། མཐར་གོས་ཆེན་འབྲུག་རིས་ཅན་གྱིས་གོང་གཤམ་བརྒྱབ་པའི་དེའི་མདུན་དུ་མཆོད་མེ་ཞིག་སྤར་ནས་བཤགས་པ་དང་སྨོན་ལམ་བཏབ་དང་འདེབས་བཞིན་པའི་སྒང་ཪེད།
སྙིང་ཉེ་བའི་ཀློག་པ་པོ་ལགས་ཁྱེད་དང་ང་གཉིས་ཀྱི་བསམ་བློ་དེ་མཐུན་ལགས་སམ།