སྡུག་གི་མི་ཡུལ་འགྲིམས་པའི་ཟིན་ཐོ།

སློབ་དཔོན་ཚེ་དགའ་དབང་རྒྱལ།

གཅིག

ནམ་ཡང་ཚོད་དཔག་བྱེད་མི་ཤེས་པའི་མི་ཚེའི་བརྒྱུད་རིམ་ནས་ལས་དབང་གི་བཀོད་སྒྲིག་ཁོ་ནའི་འོག་ཏུ་འགྲོ་དགོས་པ་ནི་སེམས་ཅན་ཐུན་མོང་གི་སྤྱོད་སྐལ་ཞིག་ཡིན། མི་ཞིག་གི་མི་ཚེ་ལ་ཆ་མཚོན་ན་སྐྱེས་ནས་མ་ཤིའི་བར་ལྟོ་གོས་དང་ཕུགས་འདུན་གྱི་ཆེད་དུ་ཉིན་མཚན་དབྱེར་མེད་ཐོག་དཀའ་སྡུག་མང་པོ་ཞིག་ལ་གདོང་ལེན་བྱས་ནས་དགའ་སྐྱིད་སྡུག་འཕྲད་ཀྱི་གཏམ་རྒྱུད་མང་པོ་ཞིག་སྐྲུན་གྱི་ཡོད། ཡིན་ནའང་དེ་ལ་ང་ཚོས་ད་ལྟ་བར་དུ་མཚམས་འཇོག་གཏན་ནས་བྱེད་མ་མྱོང་། གང་ཡིན་ཟེར་ན་མི་ཚེའི་ལེགས་གྲུབ་ཐམས་ཅད་དཀའ་སྡུག་གི་ནང་ནས་འགྲུབ་དགོས་པས་སོ། །འཇིག་རྟེན་གྱི་བྱ་བ་ཐམས་ཅད་ལུས་སེམས་དང་དེས་བཞག་པའི་ལས་སྣང་གི་དབང་སྒྱུར་དུ་འགྲོ་དགོས་པས་རེ་བ་དང་སྨོན་འདུན་ཡོད་ཚད་བསྐོས་ཐང་གི་དབང་དུ་ནམ་ཡང་འགྱུར་མི་སྲིད། ཡིན་ནའང་འགྲུབ་མིན་དང་སྨིན་མིན་ལ་མ་ལྟོས་པར་མགོ་ནག་མི་ཞིག་ཡིན་པའི་ཆ་ནས་རེ་བ་ཡོད་དགོས་ལ་དམིགས་ཡུལ་ཡང་ཡོད་དགོས། མི་ཞིག་གི་མི་ཚེའི་རིན་ཐང་དེ་གཉིས་ལ་བརྟེན་ནས་གྲུབ་དགོས་པ་ཡིན།

མ་བཅོས་དུས་བཞིའི་འགྱུར་འགྲོས་ལ་མ་འབད་ལས་ཀྱི་འཐོར་རླུང་དང་བསྡོངས་ནས་ལྷིང་འཇགས་ཀྱི་རྩྭ་ཐང་། ནོར་ལུག་གི་འབའ་སྒྲའི་ཁྲོད་ནས་ངའི་ཚེ་སྲོག་གི་ས་བོན་གངས་རིའི་ཉེ་འདབས་ཀྱི་འབྲོག་ཁྱིམ་ཞིག་ཏུ་འཐོར། རྟ་རྒོད་ཀྱི་རྨིག་རྗེས་དེད་ཅིང་། སྦྲ་ནག་གི་ཆོན་ཐག་ལ་རེག་སྟེ། ངུ་ངག་གི་དབྱངས་རྟ་སྙོམས་པོ་རྩྭ་ཐང་གི་རི་ཆུ་དང་བསྡོངས་ནས་ལང་ཚོའི་ཁ་དོག་རིམ་བཞིན་རྒྱས། ལས་དབང་གི་ཀྱོག་མཚམས་ཁྲོད་ནས་མ་འོངས་མངོན་འདོད་ཀྱི་རེ་བ་རུམ་གང་ཁྱེར་ཏེ་ལྷིང་འཇགས་ཀྱི་རྩྭ་ཐང་དེ་དང་། ནོར་ལུག་ལས་བྱུང་བའི་དཀར་ཟས་དག་རྒྱབ་ཏུ་བསྐྱུར་ནས་འདུ་འཛིའི་རྣམ་གཡེང་རྒོད་པའི་གྲོང་ཁྱེར་ལྷ་སར་འབྱོར། རྒྱལ་ཁབ་ཀྱི་ཚན་རྩལ་ལ་བརྟེན་ནས་ལོ་བཅུ་ཙམ་གྱི་ནང་དུ་ལྷ་སའི་ཉིན་རེའི་འཚོ་བ་ནི་ཡར་རྒྱས་འགྲོ་བ་ཧ་ཅང་མགྱོགས་ཏེ། སྲང་ལམ་བར་གྱི་གཞུང་ལམ་དང་གློག་སྒྲོན། ཐོག་བརྩེགས་ཅན་གྱི་ཁང་ཆེན་བཅས་ནི་ལྷ་སའི་མཛེས་སྡུག་གི་རྣམ་པ་གསར་པ་ཞིག་ཏུ་གྱུར་ཡོད། དེ་བཞིན་མདོ་དབུས་ཁམས་གསུམ་གྱི་བོད་རིགས་དང་། རྒྱ་མི། ཤིན་ཅང་ལ་སོགས་པའི་གནས་སྡོད་ཀྱི་མི་འབོར་ཧ་ཅང་མང་ཞིང་། དེ་དག་གི་འཚོ་བའི་གནས་བབ་ཀྱང་དབུལ་ཕྱུག་སྣ་མིན་སྣ་ཚོགས་ཡོད། འཚོ་བའི་ཆ་རྐྱེན་ཞན་པའི་ཁྱིམ་ཚང་ཞིག་གི་ངོས་ནས་བཤད་ན། འདུ་འཛོམས་ཆེ་བས་གྲོང་ཁྱེར་ལྷ་སར་ཕ་གཞིས་ཆགས་རྒྱུ་དངོས་གནས་ལས་སླ་པོ་མེད། ཡང་སྒོས་ཤེས་འབྱོར་གཉིས་ཀྱིས་དབུལ་བའི་འབྲོག་པའི་ཁྱིམ་ཚང་ཞིག་ལ་བསམས་ན་དེ་བས་ཀྱང་སྤྱི་ཚོགས་དེ་འདྲ་ལ་འཚོ་བ་སྐྱེལ་དཀའ། ཕྱི་མིའི་བརྙས་བཅོས་མྱང་དགོས་ལ་ནང་ཁྱིམ་གྱི་རྡོག་ཁྲེས་འཁྱེར་དགོས། གང་ལྟར་ངས་འགྲན་སེམས་ཀྱིས་འཐབ་རྩོད་བཤམས་པའི་གྲོང་ཁྱེར་དེར་ཕ་སྐད་དང་མ་ཡིག་ལ་དུང་བ་ཅུང་ཙམ་ཡོད་མདོག་གིས་སྒེར་སློབ་ཅིག་ལ་འཛུལ་ཞུགས་བྱས་པ་ཡིན། ཕྱིས་སུ་གནས་ཚུལ་ཞིག་གི་རྐྱེན་པས་སློབ་གྲྭ་དེ་སྒོ་བརྒྱབ་ནས་དེེར་ཡོད་ཀྱི་སློབ་ཕྲུག་ཚང་མ་གཞུང་སློབ་ཏུ་གཟུད་རྒྱུ་ཐག་གཅོད་བྱས་འདུག དུས་སྐབས་དེར་ཏང་དང་རྒྱལ་ཁབ་ཀྱི་ངོས་ནས་རང་སྐྱོང་ལྗོངས་ཁུལ་དུ་སྐད་དང་རིག་གཞུང་ལ་ལྟ་སྟངས་དེ་སྔོན་དང་མི་འདྲ་བ་ཅུང་ཡག་ཏུ་ཕྱིན་ཡོད། ང་ནི་གཞུང་སྒེར་གཉིས་ཀྱི་སློབ་གྲྭར་ལོ་ངོ་དྲུག་ཙམ་འགྲིམས་ཀྱང་ཤེས་རིག་ལ་སྤྲོ་སེམས་དབུལ་བའི་རྐྱེན་གྱིས་རང་རྒྱུད་ལ་ཡོན་ཏན་དེ་ཙམ་མ་འབྱར། ཡིན་ནའང་དུས་སྐབས་དེར་ང་ཚོའི་ནང་གི་འཚོ་བའི་ཆ་རྐྱེན་ཧ་ཅང་སྐྱོ་པོ་ཡོད། འཚོ་བའི་གནས་བབ་ཇི་ཙམ་ཞན་ཡང་། སློབ་དགོངས་ཞུ་དགོས་པའི་སྐད་ཆ་ཚིག་གཅིག་ཨ་མས་བཤད་མ་མྱོང་། བུ་ཕྲུག་མང་བའི་ཐོག་ལ་འཚོ་བའི་ཆ་རྐྱེན་སྐྱོ་བས་སློབ་ཡོན་ཐད་ལ་དུས་རྟག་ཏུ་དཀའ་ངལ་འཕྲད་ཀྱི་ཡོད། ཨ་མས་མི་གཞན་གྱི་ལས་ཀ་ཙག་ཙིག་ཁྲོད་ནས་ང་ཚོའི་སློབ་ཡོན་རག་ཐབས་བྱེད་ཀྱི་ཡོད། ང་ལ་ཆ་མཚོན་ན་སློབ་སྦྱོང་ལ་སྤྲོ་བ་རིང་དུ་དོར་ཞིང་། ཕྱི་དྲོར་སློབ་གྲྭ་གྲོལ་རྗེས་གྲོགས་པོ་དང་མཉམ་དུ་དགོང་མོ་འཕྱི་པོའི་བར་ཕྱི་ལ་འཁྱམས་ནས། རེ་བ་དང་དམིགས་ཡུལ་བོར་བའི་ངའི་ཉིན་རེའི་འཚོ་བ་ནི་དུས་བཞིའི་འགྱུར་ལྡོག་དང་ལྷན་རིམ་པར་རྒུད་བཞིན་མཆིས།

གང་ལྟར་ངས་རང་ཉིད་ཀྱིས་མ་འཇོན་མ་འགྲིགས་པའི་ཕམ་ཁ་ཡོད་ཚད་རང་ཉིད་ཀྱི་གནས་ས་དང་འཁོར་ཡུག་ཅིག་གི་ཁྱད་པར་དུ་བརླམས་ནས་མ་ཡུམ་གྱི་རི་ཀླུང་རྒྱབ་ཏུ་བསྐྱུར་ཞིང་ཡུལ་གྱར་གྱི་ལས་དབང་ལ་གདམ་ཀ་བྱས་ནས་འཕགས་ཡུལ་གྱི་ཚ་བ་དང་མཉམ་དུ་མི་ཚེ་བསྐྱལ་རྒྱུ་བྱས་པ་ཡིན། འཚོ་བའི་གནས་བབ་ཀྱི་དཀའ་ངལ་གང་འདྲ་ཞིག་ཐུག་ཀྱང་འདི་ནི་ངས་རང་ཉིད་ཀྱིས་བདམས་པའི་ལམ་ཁ་ཞིག་ཡིན་པས་སུ་ལ་ཁ་གཡོག་ས་མེད་ལ་ཁག་དཀྲི་རྩིས་ཀྱང་མེད། ཨ་མའི་ངོས་ནས་དེ་ལ་མི་འགྲིག་པའི་ལྟ་སྟངས་གང་ཡང་མི་འདུག ཡིན་ནའང་དཀའ་ངལ་གཅིག་ཡོད་པ་དེ་ནི་འཁྲིད་མཁན་དང་འཁྲིད་གླ་འདི་ཡིན། དེ་ནས་སློབ་དགོངས་ཞུས་པ་དང་། ཉི་མ་གང་འཁྱོལ་གྱིས་ལོ་ཕྱེད་ཙམ་ལྷག ཉི་མ་གཅིག་གློ་བུར་དུ་ཨ་མར་འབྲེལ་བ་གང་ནས་བྱུང་མིན་མ་ཤེས། ཨ་མས་ང་ལ་“སང་ཉིན་བལ་ཡུལ་ལ་ལམ་ཁྲིད་ཀྱི་མི་གསུམ་འདུག དེ་དག་མཉམ་དུ་ཕྱིན་ན་བུ་མོ་གཉིས་ལས་འཁྲིད་རྒྱུ་མི་འདུག” ཟེར། དེ་ནས་ང་དེ་དག་དང་མཉམ་དུ་འགྲོ་རྒྱུར་ཐག་བཅད། ཕྱི་ཉིན་ཉིན་གུང་ཡོལ་ཙམ་ལ་ནང་ནས་འཐོན་རྒྱུ་བྱས། དགོང་ཟས་རོལ་སྐབས་ཨ་མས་“རྒྱ་གར་འབྱོར་རྗེས་རྒྱལ་དབང་རིན་པོ་ཆེ་དང་གྲུབ་དབང་རིན་པོ་ཆེ་དེ་བཞིན་བླ་ཆེན་མང་པོ་མཇལ་ཡོང་གི་རེད། དེ་དུས་སོ་སོ་སྐལ་བ་བཟང་པོ་དང་བསོད་ནམས་ཆེན་པོ་ཡིན་དྲན་ཤེས་དགོས་རེད་ˮཟེར་ནས་གྱེས་ཁའི་བསླབ་བྱ་མི་ཉུང་བ་ཞིག་གནང་། དེ་ནས་ཨ་མས་“ད་ངས་ཤ་བཙོ་ཡོང་། སང་ཉིན་རྩམ་པ་དང་མཉམ་དུ་འཁྱེར་དགོས་རེད།” གསུང་བཞིན་མིག་ཀོང་མཆི་མས་གང་ཞིང་ཐབ་ཚང་དུ་ཕྱིན་སོང་།

དོ་དགོང་གི་མཚན་ཐུན་དེ་ནི་སྔར་དང་མི་འདྲ་བར་ཧ་ཅང་རིང་། ཞོགས་པའི་ཉི་ཟེར་སྒོ་རའི་ནང་གི་དར་ལྕོག་ལ་ཕོག་སྐབས། ལམ་སེང་གཙུག་ལག་ཁང་གི་མདུན་དུ་ཕྱིན་ཏེ་ཕྱག་གསུམ་བཙལ་བ་དང་སྨོན་ལམ་ཚིག་གསུམ་བརྒྱབ་ནས་རང་ཁྱིམ་དུ་ལོག དེ་ནས་ཉིན་ཡོལ་ཙམ་ལ་རླངས་འཁོར་དཀར་པོ་ཞིག་ཏུ་བསྡད་ནས། བརྩེ་བའི་ཨ་མ་དང་སྤུན་མཆེད། དགའ་བའི་གྲོགས་པོ་དང་གྲོགས་མོ། དེ་བཞིན་ལྷ་སའི་ཇོ་ཤཱཀ་རྣམ་གསུམ་དང་། གཙུག་ལག་ཁང་གཉིས། ཕོ་བྲང་དམར་པོ་བཅས་ལ་གྱེས་ཕྱག་ཞུས་ནས་རང་བྱུང་བསིལ་རླུང་དང་བསྡོངས་ནས་བལ་ཡུལ་ཕྱོགས་སུ་བསྐྱོད་པ་ཡིན།

གཉིས།

ཕྱི་ཉིན་གྱི་ཉིན་རྒྱབ་ཙམ་ལ་གངས་དཀར་ཏི་སེའི་འགྲམ་དུ་འབྱོར་ཞིང་དེ་ནས་རླངས་འཁོར་བཀག་སྟེ་ང་ཚོ་གོམ་པ་སྤོས་ནས་འགྲོ་འགོ་བརྩམས། གངས་རིན་པོ་ཆེ་ནི་དིང་རིའི་ཉེ་འགྲམ་དུ་ཆགས་པའི་གནས་ཤིག་ཡིན་ཞིང་ཡུལ་དེར་ནམ་ཟླ་དགུན་ཁར་གྲང་ངར་དང་རླུང་འཚུབ་ཧ་ཅང་ཆེ། དེ་ནས་ང་ཚོ་མ་ཕམ་གཡུ་མཚོའི་འགྲམ་ནས་གོམ་ཁ་ནུབ་ལ་གཏད་དེ་སྐྱིད་སྡུག་གི་གཏམ་རྒྱུད་གླེང་གིན་ཡོང་བ་ཡིན། འཁྲིད་མཁན་མི་གསུམ་དང་བཅས་ང་ཚོ་ཁྱོན་མི་དྲུག་ཡོད། འཁྲིད་མཁན་ནང་གི་གཙོ་བོ་དེ་བལ་ཡུལ་ནས་ཡིན་ཞིང་མིང་ལ་བླ་མ་ཀརྨ་ཅོ་ར་དང་། གཞན་པ་གཉིས་སྐྱིད་གྲོང་ནས་ཡིན་པ་དང་། ཆེ་བའི་མིང་ལ་བསོད་ནམས་བཀྲ་ཤིས་དང་ཆུང་བ་དེ་ལ་དར་རྒྱས་ཟེར། ཕོ་རྒོད་སྟག་འདྲ་བ་གསུམ་འདུག ཁོང་ཚོ་གསུམ་གྱི་མི་གཤིས་ལ་བལྟས་ན་བླ་མ་དཀོན་མཆོག་ཡོད་ཚོད་སྣང་། ངའི་རོགས་པ་ནི་བུ་མོ་སྤུན་གཉིས་ཡོད་པ་དང་ཁོང་གཉིས་གཅེན་གཅུང་ཡིན། ཕ་ཡུལ་ནི་ཁམས་ཆབ་མདོ་ནས་རེད་འདུག ལོ་ན་ཆུང་བས་གཟུགས་ལ་བལྟས་པ་ཙམ་གྱིས་ཁོང་གཉིས་ཀྱི་ཕ་མར་རང་བཞིན་གྱིས་འཁོན་འགྲས་དང་འཕྱ་སྨོད་བྱེད་ངེས། བལ་ཡུལ་གྱི་ལམ་ཁྲིད་པ་དེའི་སྐད་དང་ཉམས་མྱོང་ལ་གཞིགས་ན་ཁོའི་མི་ཚེའི་འཚོ་བ་རྒྱུན་རིང་དེའི་ཁྲོད་ནས་འདའ་བར་ཤེས་ཐུབ། གངས་རིན་པོ་ཆེའི་རྒྱབ་ཕྱོགས་ཀྱི་སྤྱི་ལེ་རྨི་ ༣༠༠ ཙམ་ལ་བོན་པོའི་མཚམས་ཁང་ཞིག་འདུག་པས་དོ་ནུབ་འདིར་ཞག་སྡོད་བྱས། གངས་རིའི་འགྲམ་དུ་ཆགས་པའི་རྐྱེན་གྱིས་དགོང་མོ་དེར་གྲང་ངར་ཧ་ཅང་ཆེ་བས་མཚན་གང་གཉིད་ཁུགས་མ་སོང་།

ཞོགས་པའི་ཆུ་ཚོད་བརྒྱད་པ་ལ་ལངས་ཤིང་རྡོག་ཁྲེས་ནང་ནས་ཤ་རྩམ་བཏོན་ཏེ་ཞོགས་ཇར་རོལ་བ་དང་། ཆུ་ཚོད་དགུ་པ་ཙམ་ནས་ལམ་ལ་ཆས་པ་ཡིན། ཉི་མའི་ཚ་བས་ཕྱི་ནས་རྡུང་ཞིང་རྒྱབ་ཏུ་ཁྱེར་བའི་རྡོག་ཁྲེས་ཀྱིས་ནང་ནས་མནན་ཏེ་བྱང་ཐང་གི་ཤ་བ་དང་འགྲོགས་ཤིང་“ཧ་ཧ་…..ཧི་ཧི་….”ཟེར་ནས་ཡོང་། བསོད་ནམས་བཀྲ་ཤིས་ཀྱིས་“ད་དེ་རིང་ཡིན་ན་ངས་གླུ་སྐད་གྲགས་ཅན་ཞིག་བླང་རྒྱུ་ཡིན། ཁྱེད་ཚོས་ཡག་པོ་བྱས་ནས་ཉོན་མ་གཏོགས་རྗེས་སུ་མཉན་རྒྱུའི་གོ་སྐབས་མེད་ད་ˮཟེར། ཁོང་ནི་བསྟན་བཤིག་ཚ་ཞིང་མཚར་གཏམ་གླེང་རྒྱུ་སོགས་ལ་དགའ་པོ་འདུག “གླུ་འདིས་ང་སྐྱིད་རོང་རྫོང་ལ་སྐད་གྲགས་ཆོད་ནས་དུས་དེང་སང་བསོད་ནམས་བཀྲ་ཤིས་ལབ་ན་མི་ཚེའི་དྲན་ཐོ་ཞེས་པའི་གླུ་བ་འདི་ཡིན་པ་ཚང་མས་ཧ་གོ་ཡི་རེད། ད་དེ་རིང་ངས་མུ་མེད་ཀྱི་རྩྭ་ཐང་། རི་དྭགས་ཀྱི་ཕ་ས་འདིར་གཞས་འདི་གཏང་རྒྱུ་ཡིན་”ཟེར་ནས་གཙང་གཞས་ཤིག་བཏང་སོང་བས་ང་ཚོ་ཚང་མས་གཞས་དེ་སྙན་པོ་མི་འདུག་བརྗོད་པས་ཁོ་ཏོག་ཙམ་ཁྲོ་ཉམས་དང་བཅས་“བསམ་མེད་ཀྱི་ཕྲུ་གུ་རང་རེད། སྐད་ཀྱི་ཉམས་དང་གཞས་ཀྱི་ཚིག་ཧ་མ་གོ་བ་ལ་བཟང་ངན་དང་ཡག་སྡུག་ག་ལ་ཤེས། མི་ཁྱོད་ཚོ་འདྲ་པོ་ངའི་གཞས་དེ་མཉན་རྒྱུའི་བསོད་ནམས་མི་འདུག” ང་ཚོ་འདི་ལྟར་ཁ་བརྡ་བྱེད་ཀྱིན་བསྐྱོད་པས་ཕྱི་དྲོ་ཟིན་སོང་། བལ་ཡུལ་གྱི་བུ་རྒོད་འདིས་“དེ་རིང་ང་ཚོ་མངའ་རིས་ས་ཁོངས་སུ་འབྱོར་ས་མ་རེད། ད་མ་ཕྱིན་ན་ཡག་ས་རེད། དོ་དགོང་རི་འདབས་ཀྱི་གྲོང་པ་ཞིག་ཏུ་གནས་ཚང་གཡར་ཡོང་། སང་ཉིན་སྔ་པོ་ནས་འགྲོ་ཆོག་གི་རེད། ད་ལྟ་ང་ཚོ་ཁྱིམ་བདག་འགྲམ་ལ་སླེབ་དུས་ཁྱེད་ཚོ་གསུམ་གྱིས་སྐད་ཆ་དྲང་པོ་ཤོད་ཤོག ང་ཚོར་གནས་ཚང་མི་གཡོར་བ་བྱེད་ཀྱི་མ་རེད་”ཟེར། དེ་ནས་ང་ཚོ་རི་འདབས་ཀྱི་གྲོང་པ་དེའི་སར་འབྱོར་སྐབས་ཁང་སྒོ་ན་དར་ལྕོག་དང་བསང་བུམ་ཡོད་མཁན་ཞིག་འདུག་པ་དེའི་ནང་ལ་འཛུལ་བ་ཡིན།

དང་པོ་ང་ཚོ་གསུམ་ནང་དུ་འཛུལ་ནས་ཁྱིམ་བདག་སྐད་བཏང་བས། མོ་ལོ་བཞི་བཅུ་ཡན་མན་གྱི་ཨ་ཅག་ཅིག མཁུར་ཚོས་བྱུ་རུ་ལྟར་དམར་བ། སྐྲ་ལོ་གནམ་ལ་ཟིང་བ། ཕྱུ་པ་ནག་སྨུག་གྱོན་པ། ལག་ཏུ་ཇ་དམ་ཁྱེར་བ་ཞིག་སྒོ་ཕྱི་ལ་སླེབས་བྱུང་། ཨ་ཅག་དེས་“ཁྱེད་ཚོ་ག་ནས་སླེབས་ཡིན། གང་དུ་འགྲོ་ཡ་ཡིན་”ཟེར། ངས་ཨ་ཅག་ལ་“ང་ཚོ་གསུམ་ལྷ་ས་ནས་ཡོང་ཞིང་རྒྱ་གར་དུ་འགྲོ་ཡ་ཡིན། ང་ཚོ་གསུམ་དང་ལམ་ཁྲིད་པ་མི་གསུམ་ཁྱོན་མི་དྲུག་ཡོད། ང་ཚོར་དོ་དགོང་འདིར་གནས་ཚང་ཞིག་གཡོར་རོགས། སང་ཉིན་ཞོགས་པ་སྔ་པོ་ནས་འགྲོ་རྒྱུ་ཡིན་”ཞེས་བརྗོད་པས་ཨ་ཅག་དེས་སྐྱོ་ཉམས་དང་བཅས་“ཡིན་དང་ཡིན། དོ་དགོང་འདིར་སྡོད། ཟ་འཐུང་ངས་སྤྲོད་ཆོག སང་སྔ་མོ་ནས་རྒྱུགས། རོགས་པ་གསུམ་གང་དུ་ཡོད། ནང་དུ་སྐད་ཐོང་ཤོག་”ཟེར། ཉི་མ་སྒྲོལ་དཀར་གྱིས་ཁོང་ཚོ་གསུམ་སྐད་བཏང་ནས་ནང་དུ་བོས་བྱུང་བས། ཨ་ཅག་གིས་ཁོང་ཚོ་གསུམ་མཐོང་བ་དང་ཅུང་མ་བདེ་བའི་རྣམ་འགྱུར་དང་བཅས་“དོ་དགོང་ཁྱེད་ཚོ་འདི་གར་སྡོད། ངས་ཟ་འཐུང་གྲ་སྒྲིག་བྱེད་ཡོང་”ཟེར་ཞིང་དོགས་པའི་ཉམས་དང་བཅས་ནང་དུ་ཕྱིན་སོང་། དེ་ནས་ཨ་ཅག་གིས་ང་ཚོར་ཇ་སྤྲད་པ་དང་། ཨ་ཅག་དེས་བཤད་དོན། “བསམ་ཤེས་མེད་པའི་འདི་འདྲ་ཕ་མ་གཉིས་རང་གི་ཤ་ནས་སྐྱེས་པའི་ཕྲུ་གུ་ས་ཐག་རིང་པོ་དེ་འདྲ་ལ་མངག་ཕོད་པ་དཔེ་རེད་”ཟེར་ནས་ཕ་མའི་ཐོག་ལ་སྡུག་གཏམ་མང་པོ་འཕངས་སོང་བས། ང་ཚོ་གསུམ་ནི་བྱིས་པའི་བརྟུལ་ཞུགས་ཀྱི་ངང་དུ་སྡོད་པ་ལས་དེ་ལ་འདི་ཡིན་འདི་མིན་གྱི་དམིགས་བསལ་གསལ་བཤད་གང་ཡང་མ་བྱས། ཁྱིམ་ཚང་དེར་ནང་མི་ལྔ་ཡོད་ཅིང་ཕ་རྒན་དང་བཟའ་ཚོ་གཉིས་ད་དུང་ཁོང་གཉིས་ལ་ལོ་བཅུ་ཙམ་ཡན་མན་གྱི་ཕྲུ་གུ་གཉིས་འདུག འཚོ་བའི་གནས་བབ་ནི་སྤྱིར་བཏང་ཞིག་རེད་འདུག དགོང་མོ་སྤོ་ལགས་དེས་དུས་འགྱུར་སྐབས་ཀྱི་གནས་སྟངས་དང་། ད་དུང་བཤད་དོན། “ང་ཚོ་བོད་ཀྱི་ད་ལྟའི་གནས་ཚུལ་ལ་གཞིགས་ན་ང་ཚོ་འགྲོ་ས་ཡག་ཤོས་རྒྱ་གར་རེད། དེར་རྒྱལ་དབང་རིན་པོ་ཆེ་དང་ད་དུང་ང་ཚོ་བོད་ཀྱི་བླ་ཆེན་མང་པོ་བཞུགས་ཡོད། ཁྱེད་ཚོའི་ལྟོ་གོས་ལ་དཀའ་ངལ་གང་ཡང་འཕྲད་ཀྱི་མ་རེད། བྱས་ཙང་ཁྱེད་ཚོས་ཕ་མར་འཁོན་འགྲས་ཁྱོན་ནས་བྱ་རྒྱུ་ཡོད་མ་རེད། ཁྱེད་ཚོ་གསུམ་ལམ་ལ་བར་ཆད་སྡུག་ཆགས་མི་ཡོང་བར་ངས་སྨོན་ལམ་འདེབས་ཡོང་”ཟེར།

ཤར་ཕྱོགས་ནས་རྟ་ལྗང་དབང་པོ་འཛུམ་མདངས་ངོམས་པ་དང་དུས་མཚུངས་ང་ཚོ་ཡང་དེའི་ཁྱིམ་ནས་ཐོན་པ་ཡིན། ཕ་རྒན་གྱིས་ང་ཚོ་གསུམ་ལ་སྒོར་སུམ་ཅུ་བྱིན་པ་དང་། ཨ་ཅག་དེས་ང་ཚོར་ཤ་མར་ཏོག་ཙམ་སྤྲད་བྱུང་། དེ་རིང་དགོང་མོར་ང་ཚོ་མངའ་རིས་ས་ཁོངས་སུ་འབྱོར་བ་དང་། ལུང་ཆུང་ཞིག་གི་ཁུག་ལ་ཡོད་པའི་བྲག་ཕུག་ཅིག་ནང་བསྡད་པ་ཡིན། དེར་འབུ་ཕྲན་མང་བས་མཚན་གང་གཉིད་ཡག་པོ་ཞིག་ཁུགས་མ་སོང་། མངའ་རིས་ནི་བོད་སྟོད་ཕྱོགས་ཀྱི་ས་བབ་མཐོ་ཤོས་ཡིན་ཞིང་རི་བོ་ཧི་མ་ལ་ཡའི་འགྲམ་གྱི་སྤྱི་ལེ་རྨི་ ༡༥༠༠ མཚམས་ལ་ཆགས་ཡོད། ང་ཚོ་ནི་རི་བོ་ཧི་མ་ལ་ཡའི་མདུན་ཕྱོགས་ནས་ཡོང་བས་བལ་ཡུལ་ས་ཁུལ་ལ་ཐད་ཀར་སྣེ་མཐུད་པར་བྱེད། ཧི་མ་ལ་ཡའི་མདུན་རི་དེར་རླུང་རྟ་དང་དར་ལྕོག་གིས་གང་ཞིང་གྲང་ངར་དང་རླུང་འཚུབ་ཀྱང་ཧ་ཅང་ཆེ། ང་ཚོ་འདི་ལྟར་ཡོང་བཞིན་ཉི་མ་བདུན་ཙམ་གྱི་རྗེས་སུ་ཟ་ཆས་རྫོགས་རན་ཡོད་པས། དེ་ནས་ང་ཚོས་ལམ་ཟུར་གྱི་ཁྱིམ་ཚང་དག་ལ་སློང་གིན་སློང་གིན་ཡོང་བ་ཡིན། དེ་རིང་ཞོགས་པ་ཞིང་པའི་འཚོ་བ་དང་ཅུང་འདྲ་བའི་ཁྱིམ་ཚང་ཞིག་ལ་ང་དང་ཉི་མ་སྒྲོལ་དཀར་གཉིས་ཟས་སློང་དུ་ཕྱིན་པ་ཡིན། ཁྱིམ་ཚང་དེར་ནང་མི་བཞི་ཙམ་འདུག ཁོང་ཚོ་སྒོ་རའི་ནང་དུ་ཞོགས་ཇ་འཐུང་བཞིན་ངེད་གཉིས་མཐོང་བ་དང་བུ་རྒོད་རྒྱགས་པ་དེས་ལམ་སང་ངེད་གཉིས་ཀྱི་འགྲམ་དུ་སླེབས་ནས། “ཁྱེད་གཉིས་ག་ནས་སླེབས་ཡིན། ག་པར་འགྲོ་ཡ་ཡིན། ཕ་མ་གང་དུ་ཡོད་”ཟེར། ངས་“ངེད་གཉིས་ལྷ་ས་ནས་ཡོང་ཞིང་རྒྱ་གར་ལ་འགྲོ་ཡ་ཡིན་”ཞེས་ལབ་པས་ནང་མི་ཆ་ཚང་ཧང་སང་ཞིང་གཅིག་གིས་གཅིག་ལ་ཅེར་རེར་བལྟས་ནས་བསྡད་སོང་། གཡས་ཟུར་ལ་བསྡད་པའི་ཨ་ཅག་རྒྱགས་པ་དེས་“ཁྱེད་གཉིས་གཅིག་པུ་རེད་པས་ཕ་མ་ག་པར་ཡོད་”ཟེར། ངས་“ངེད་གཉིས་དང་ད་དུང་གཅུང་མོ་གཅིག ལམ་ཁྲིད་ཀྱི་མི་གསུམ་བཅས་ཡོད། གཅུང་མོ་ཁོང་ཚོའི་མཉམ་དུ་ཡོད་”ཅེས་བཤད་པས། ཁོང་ཚོ་ཚང་མ་གདོང་ལ་མཆི་མས་གང་ཞིང་། བུ་རྒོད་དེས་རང་གི་ཡུལ་སྐད་དང་རྗེས་སུ་མཐུན་པའི་སྒོ་ནས་བཀའ་དྲིན་ཅན་གྱི་ཕ་མ་གཉིས་ལ་ཚིག་རྩུབ་མི་ཉུང་བ་ཞིག་འཕེན་པ་དང་། ངེད་གཉིས་ལ་བཤད་དོན། “ཁྱེད་ཚོ་ལྷ་ས་ནས་འདི་བར་ཉིན་ག་ཚོད་གོམ་པ་བརྒྱབ་པ་ཡིན་”ཟེར། ངས་“ཉིན་བརྒྱད་ཙམ་གོམ་པ་བརྒྱབ་པ་དང་འཚོ་བ་ནི་སློང་གིན་སློང་གིན་ཡོང་བ་ཡིན་”ཞེས་བཤད། སྤྱིར་བཏང་ང་ལ་དངུལ་མེད་པ་མ་ཡིན་ཏེ་ཨ་མས་སྒོར་མོ་སུམ་བརྒྱ་ངའི་གོས་ཐུང་གི་སྦ་ཁུག་ནང་ལ་བླུགས་ནས་ཚེམ་དྲུབ་བརྒྱབ་ཡོད། ཨ་མས་“སྒོར་མོ་དེ་ཁྱེད་ཀྱིས་བཟའ་ཆས་རྫོགས་པའི་རྗེས་སུ་བེད་སྤྱོད་གཏོང་དགོས་པ་དང་། ད་དུང་དངུལ་འདི་ཕོ་གསར་གསུམ་གྱིས་མ་མཐོང་བ་བྱོས་”ཟེར། དེ་ནས་ཁོང་ཚོས་བག་ལེབ་རྐང་གསུམ་དང་མར་རྡོག་རྡོག་གཅིག ངེད་གཉིས་ལ་སྒོར་ ༡༠ སྤྲད་བྱུང་། ང་ཚོས་ལ་རེ་བརྒྱབ་ན་སྡུག་རེ་དང་། ལུང་རེ་བརྒལ་ན་སྐྱོ་བ་རེ་བསང་གིན་ལེ་དབར་སྟོང་ཕྲག་ལ་གོམ་པ་སྤོ་ཐེངས་རེར་སྡུག་གི་གཏམ་རྒྱུད་རེ་རེ་བཞག་ནས་རེ་བ་དང་ཕུགས་འདུན་གྱི་ཕྱོགས་སུ་བསྐྱོད། ང་ཚོས་འདི་ལྟར་བྱས་ནས་ལྷམ་ཟད་རྐང་ལ་མ་ཐུག་བར་ཕྱིན་པའི་མཐར་བོད་ཀྱི་བྱང་ཐང་དང་རྫ་རི་ཕལ་ཆེར་བརྒལ་ཟིན།

གསུམ།

བལ་ཡུལ་གྱི་ལམ་ཁྲིད་པ་དེས་“སང་ཉིན་ཞོགས་པ་ང་ཚོ་གངས་ལ་འགྲིམ་དགོས། གངས་དཀྱིལ་ལ་ཚོང་ཁང་དང་ཞིང་འབྲོག་མེད་པས་ད་ལྟ་ནས་ང་ཚོས་བཟའ་ཆས་རིགས་མང་ཙམ་ཉོ་དགོས་རེད་”ཟེར། དེ་ནས་ང་ཚོས་འཐུང་ཆུ་དང་རྒྱ་ཐུག་སོགས་གང་མང་ཉོས་ནས་ཞོགས་པའི་ཆུ་ཚོད་བརྒྱད་པ་ནས་གངས་ལ་བགྲོད་འགོ་བརྩམས། བྱིས་པའི་རང་གཤིས་དྭངས་མ་ཁ་བའི་འདབ་མ་དང་འདྲེས་པའི་རྐྱེན་གྱིས་ཡིན་ནམ་ཡང་ན་མ་བཅོས་དྭངས་གཙང་གི་ཁ་བའི་མཛེས་སྡུག་ལ་ཆགས་པའི་དབང་གིས་ཡིན་མ་ཤེས་པ་གང་ལྟར་ནོར་འཛིན་གྱི་རི་ཀླུང་ཁ་བས་བཏུམས་པའི་ས་ཆེན་སྟེང་གི་འགྲུལ་བཞུད་དེས་ལུས་ཁམས་ལ་དགའ་སྐྱིད་ཀྱི་ཚོར་བ་ཡང་ཡང་བྱིན། ཉི་མ་གཅིག་འགྲོ། གཉིས་འགྲོ། ཤིང་ནགས་དང་སྤང་ལྗོངས་ཀྱི་སྣང་བ་ཡོངས་སུ་ནུབ་པའི་འཇིག་རྟེན་དེར། སུན་སྣང་དང་གྲང་ངར་གྱི་ཁུར་པོ་སེམས་ལ་ལྷུང་བ་དང་ཕྱོགས་མཚུངས་མིག་གི་མདངས་ཡལ་ཞིང་། ལུས་ཀྱི་རྐང་ལག་ལ་རིམ་བཞིན་འཁྱགས་རྒྱག་འགོ་ཚུགས། དེ་ནི་ཡུལ་གྱར་གྱི་འགྲུལ་བཞུད་ངོ་མ་དེ་བྱེད་འགོ་བཙུགས་པའི་སྣང་བ་འགོག་མེད་དུ་འཆར། དར་རྒྱས་ཀྱིས་“ཁྱེད་ཚོ་གསུམ་ང་ཚོ་གསུམ་ག་པར་འགྲོ་ན་རྒྱབ་ཏུ་ཤོག གལ་སྲིད་ཡར་མར་བརྒྱུགས་ནས་གངས་དཀྱིལ་ལ་ལྷུང་ན་ང་ཚོས་བཞག་ནས་འགྲོ་རྒྱུ་མ་གཏོགས་ཡར་འདོན་ཡའི་ཐབས་ཤེས་མེད།” ང་དང་ཉི་མ་སྒྲོལ་དཀར་ལ་“ཁྱེད་གཉིས་ཀྱི་གཅུང་མོ་འདི་ཏོག་ཙམ་ཁུར་མ་གཏོགས་དེ་རྐང་པ་ཡག་པོ་བྱེད་ས་མ་རེད། ཁྱེད་ཚོ་གསུམ་གྱིས་མིག་ཤེལ་ཡག་པོ་རྒྱོབ། བཟའ་ཆས་མ་ལྷག་པ་བྱོས་མ་གཏོགས་གངས་ཁྲོད་ལ་ལྟོགས་ཤི་ཐེབས་མཁན་མང་པོ་བྱུང་ཚར་རེད་”ཟེར། ང་ཚོས་རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་པར་འཛིན་པའི་སྟོབས་ཤུགས་ཤིག་གིས་རེ་བ་དང་སྨོན་འདུན་ཡོད་ཚད་ལྷ་ལ་བཅོལ་ཞིང་མ་ཎི་དང་བཛྲ་གུ་རུ་སོགས་འདོན་གྱིན་ཡོང་ཞིང་ཉིན་མཚན་གྱི་དབྱེ་བ་མེད་པའི་གངས་ཁྲོད་ཀྱི་འཇིག་རྟེན་དེར་འགྲུལ་བཞུད་ཀྱི་གོམ་ཁ་བསྒྱུར་ནས་ཉིན་མཚན་གསུམ་ཙམ་ཕྱིན་སོང་། ངའི་ལུས་ལ་བསམས་ན་གྱོན་རྒྱུ་ནི་བྱ་སྤུ་སྟོད་ཐུང་མཐུག་པོ་ཞིག་ལས་གཞན་སྨད་ལ་དྲོད་ཁུག་ཙམ་ལས་གང་ཡང་མེད། དེ་ཡང་བོད་ནས་རྒྱ་གར་ལ་འཐོན་རྒྱུ་བྱེད་པའི་དགོང་མོ་དེར་ལྷ་སའི་བར་སྐོར་ལམ་ནས་ཉོས་པ་ཡིན། དགོང་མོར་ང་ཚོ་གངས་དཀྱིལ་ལ་ཉལ་བསྡད་པའི་སྐབས་ཆུ་ཚོད་བཅུ་གཅིག་བཅུ་གཉིས་ཡན་མན་ལ་གློ་བུར་དུ་གངས་རླུང་རྩུབ་མོ་ཞིག་བརྒྱབ་བྱུང་བས་ང་ཚོའི་གདོང་པ་དང་ཐོད་པ་སོགས་གས་གཤགས་བཏང་སོང་སྙམ་པའི་ཚོར་བ་དང་། མགོ་སྐྲ་རྩེ་ནས་འོག་རྐང་མཐིལ་བར་གྱི་དྲོད་ཚང་མ་ག་ལེར་ཡལ་བ་དང་། ངའི་ལམ་རོགས་གཉིས་ནི་ངུ་སྐད་གསལ་ལ་མི་གསལ་བ་ཞིག་གི་ངང་མིག་ཆུ་ཤར་ཤར་དུ་ལྷུང་བཞིན་འདུག གང་ལྟར་བྱིས་པ་ཞིག་གི་ངོས་ནས་བཤད་ན་དལ་འབྱོར་མི་ལུས་རིན་ཐང་མ་ཤེས་ཀྱང་ཚེ་སྲོག་གི་ཕུང་པོ་ལ་ཧ་ཅང་བརྩེ། དེ་ནས་ཁོང་ཚོ་གསུམ་གྱིས་ལམ་སང་ཨ་རག་དཀར་པོ་ཁྱེར་ཡོང་ནས་ཁ་གཅོད་གང་གང་ང་ཚོ་གསུམ་གྱི་ཁ་ནང་བླུགས་བྱུང་བས་སྔར་གྱི་དྲོད་དེ་ཁོག་གཏིང་ནས་ག་ལེར་ག་ལེར་ཡར་སོས་བྱུང་། ནམ་མཁའི་བླ་མ་དཀོན་མཆོག་གི་ཐུགས་རྗེའི་འོག་ནས་ང་ཚོའི་ཚེ་སྲོག་གི་སྒྲོན་མེ་སླར་ཡང་སྤར་བྱུང་ཞེས་བརྗོད་ཆོག

དེ་རིང་ཞོགས་པར་ང་ཚོའི་ནུས་ཤུགས་ཚང་མ་ཉམས་ནས་གོམ་པ་འཁྱར་འཁྱོར་མ་གཏོགས་སྤོ་ཐུབ་ཀྱི་མི་འདུག ཕྱོགས་བཞི་ཁ་བས་བཏུམས་པས་རྩི་ཤིང་དང་བྱ་བྱིའུའི་གྲིབ་གཟུགས་ཙམ་ཡང་མཐོང་རྒྱུ་མི་འདུག དེ་ནས་ང་ཚོར་བཟའ་རྒྱུ་ཞན་པའི་རྐྱེན་གྱིས་བསོད་ནམས་བདེ་སྐྱིད་ན་འགོ་ཚུགས་ཤིང་དང་ཐོག་རྐང་པ་ག་ལེར་སྐྲངས་བྱུང་བས་ང་ཚོས་རིམ་པས་མོ་རྒྱབ་ཏུ་ཁྱེར་ནས་ཡོང་བ་ཡིན། དེ་ནས་མོའི་ལུས་ཀྱི་མདོག་ཉམས་ནས་མཆུ་སྒྲོས་ལ་རྨས་གང་བྱུང་། ངས་ད་ཕལ་ཆེར་ཚར་སོང་། བལ་ཡུལ་བར་དུ་ཆོད་ས་མ་རེད་བསམས་བྱུང་། མོའི་གཅེན་མོས་ང་ལ་“ཅོ་ཅོ། སྐུ་མཁྱེན།  གཅུང་མོ་མ་གཡུག་རོགས། ངེད་གཉིས་དཀའ་ལས་ག་ཚོད་རྒྱག་དགོས་བྱུང་ཡང་། རྒྱ་གར་བར་དུ་འཁྱེར་ཐུབ་པ་བྱེད་རོགས་”ཟེར། ངས་“ཡིན་ད་ཡིན། རང་སེམས་ཁྲལ་མ་བྱེད། གཅུང་མོ་གལ་བྱེད་ཀྱི་མ་རེད། ང་ཚོའི་ལམ་གྲོགས་ཚང་མ་མི་བཟང་རེད་འདུག ཁོ་ཚོས་རོགས་པ་བྱེད་ཀྱི་རེད་”ཅེས་བརྗོད་པ་ཡིན། གལ་སྲིད་སྟབས་མ་ལེགས་པ་བྱུང་ནས་ལམ་བར་དུ་སྐྱོན་ཤོར་བའི་དབང་དུ་བཏང་རུང་ཕུང་པོ་གངས་ཁྲོད་དུ་ག་ལ་གཡུག་ཕོད། ང་ཚོ་དེ་ལྟར་བྱས་ནས་རེ་བ་དང་སྨོན་འདུན་ཡོད་ཚད་དཀོན་མཆོག་ལ་བཅོལ་ནས་གངས་ལ་འགྲིམས། དེ་རིང་ང་ཚོ་གངས་དཀྱིལ་ལ་གོམ་པ་བརྒྱབ་ནས་ཉི་མ་བདུན་ཙམ་སོང་བས་བལ་ཡུལ་གྱི་བུ་རྒོད་དེས་“དེ་རིང་ང་ཚོ་བལ་ཡུལ་གྱི་ས་ཁོངས་ལ་སླེབ་ཀྱི་རེད། ད་ཁྱེད་ཚོ་ཉི་མ་གཅིག་ལ་སྡུག་རུས་རྒྱག་རོགས་”ཟེར། ཁོང་ཚོས་སྐད་ཆ་དེ་འདྲ་བཤད་བཤད་ནས་ང་ཚོ་སྔ་ས་ནས་སེམས་གཏིང་ནས་ཡིད་ཐང་ཆད་སོང་། དེ་རིང་ཕྱི་དྲོ་ཆུ་ཚོད་བཞི་པ་ལ་གཞི་ནས་ཤིང་ནགས་དང་ཁང་པ་རབ་བེ་རོབ་བེ་མཐོང་བྱུང་བས་ངུ་དགོད་མི་ཤེས་པའི་ཚོར་བ་ཞིག་གིས་ལུས་ཁམས་ཡོངས་ལ་ཁྱབ་ནས་མི་ཡུལ་གྱི་འཇིག་རྟེན་གསར་པ་ཞིག་ལ་སླེབས་སོང་སྙམ་པ་བྱུང་།

བཞི།

ཚེ་སྲོག་གི་མཛེས་སྡུག་མ་རྒྱས་གོང་ནས་ལས་དབང་གི་སྟོབས་ཤུགས་དང་། ཕུགས་འདུན་གྱི་གསོན་ཤུགས་ཤིག་གིས་དཀའ་སྡུག་གི་འགྲུལ་བཞུད་འདི་ལྟར་བྱས་ནས་རྒྱ་གར་ལ་ཡོང་བ་ཡིན། མཚམས་སུ་གངས་དཀྱིལ་དུ་ལྟོགས་སྐོམ་གྱིས་མནར་ཞིང་རྐང་པས་རྐང་པ་མི་ཐེག་པའི་སྐབས་ལམ་ཁྲིད་པས་སེམས་གསོའི་ཚུལ་དུ་ལ་འདི་མཐའ་མ་ཡིན་པས་དེའི་རྒྱབ་ལ་ཚོང་ཁང་དང་ཟ་ཁང་ཡོད། ང་ཚོས་ཁ་ལག་ཞིམ་པོ་ཞིག་ཟ་ཆོག་གི་རེད་ཟེར་ནས་སེམས་ཤུགས་བྱིན་པ་ཉུང་ཉུང་མིན། ང་ཚོས་ཟ་འདོད་དང་འཐུང་འདོད་ཀྱི་རེ་བ་ཁོག་ལ་བཅངས་ཤིང་ལ་མོ་གཅིག་གི་རྒྱབ་ཏུ་ཡང་ལ་མོ་གཅིག་གི་མགོ་མཐོང་སྐབས་རེ་བས་རེ་བར་བཅོལ་ཏེ་མཐར་བལ་ཡུལ་ས་མཚམས་ལ་སླེབས་ཐུབ་སོང་། ཕར་ལ་བལྟས་ན་གངས་རི་དང་ཚུར་ལ་བལྟས་ན་རྫ་རི་གཉིས་ཀྱི་བར་དེར་སྐྱོ་གདུང་གི་ཀློང་ནས་འདས་ཟིན་ལོ་ཟླ་ལ་ཕྱིར་དྲན་ཉི་མ་གཉིས་བྱས། དེར་ང་ཚོ་འབྲོག་པའི་འཚོ་བ་དང་འདྲ་བའི་ནང་ཚང་ཞིག་ལ་གནས་ཚང་གཡར་ནས་ཉི་མ་གཉིས་བསྡད། ཁོང་ཚོ་ནང་མི་གསུམ་ལས་མི་འདུག མ་རྒན་དེར་ལྷ་སྒྲོན་འབོད་ཅིང་། སྐྲ་ལོ་དུང་ལྟར་དཀར་བ། དཔྲལ་བ་གཉེར་མས་གང་བ། གཟུགས་པོ་གཞུ་ལྟར་གུག་པ། ལག་མགོ་སེར་གས་ཁེངས་པ། འབྲོག་པའི་ལས་ལ་བྱང་བ། ཁྱིམ་ཐབ་གནས་ལ་མཁས་པ། དུས་གསར་ཤེས་རིག་གི་ཀླད་པ་སྟོང་ཡང་དུས་རྙིང་ཤེས་བྱའི་གནས་ལ་ཕྱུག་ཚུལ་བལྟས་ན། ལང་ཚོའི་མེ་ཏོག་གི་འདབ་མ་རྫ་རོང་གཉིས་ཀྱི་བར་དུ་ཆགས་པའི་གྲོང་ཆུང་དེར་བསྐམས་ཡོད་པ་ཤེས་ཐུབ། དེ་ནས་བསོད་ནམས་བདེ་སྐྱིད་འདི་གངས་ཁྲོད་ནས་ན་སྟེ་སྐད་ཆ་ཤོད་མི་ཐུབ་པར་གྱུར་པས་བྱམས་བརྩེ་ལྡན་པའི་ཨ་མ་དེས་འབྲོག་པའི་གཡག་ལྤགས་ཀྱིས་བཟོས་པའི་གོས་ཆས་ཤིག་གི་ནང་བཏུམས་ཏེ་མེ་ཐབ་ཀྱི་འགྲམ་དུ་ཆུ་ཚོད་གཉིས་ཙམ་བཞག་པ་དང་། དེའི་རྗེས་འོ་མ་ཁོལ་མ་སྤྲད་སོང་བས་མདོག་གི་མདངས་ཀྱང་ག་ལེར་འགྱུར་བྱུང་། དེར་ཉི་མ་གཉིས་བསྡད་རིང་དངོས་གནས་ཨ་མ་དྲན་བྱུང་། རིགས་མི་མཚུངས་ཤིང་། རུས་མི་མཉམ་པའི་ས་མཐའ་དེ་འདྲ་ཞིག་ལ་ངོ་ཤེས་པ་གནམ་ས་གཉིས་དང་། རྒྱུས་ཡོད་པ་མེ་ཆུ་གཉིས་ལས་མེད་པའི་རྒྱང་རིང་འདི་འདྲ་ཞིག་ལ་སླེབས་པ་དྲན་དུས་ནང་སྟོང་སིང་སིང་། ཕྱི་སྐྱོ་ལྷང་ལྷང་ཆགས་སོང་། རང་ཉིད་ཀྱིས་བདམས་པའི་མ་འོངས་ལ་ངེས་བརྟན་མེད་པ་དང་། ཕུགས་བསམ་གྱི་འགྲུལ་བཞུད་ལ་དཀའ་སྡུག་ཡོད་པ་དེ་དུས་ཤེས་བྱུང་། མ་ཡུམ་གྱི་རི་བྲག་མཚོ་གསུམ་ལ་རྒྱབ་གཏད་པའི་ཉིན་དེ་ནས་བཟུང་། ཕ་ཡུལ་ཞེས་པའི་ཚིག་འབྲུ་གཉིས་དེ་དྲན་པའི་རྨི་ལམ་དུ་འཆར་བའི་གཟུགས་བརྙན་ཞིག་ལས། དགའ་སྤྲོའི་ལོངས་སྤྱོད་ཀྱི་མཛེས་སྡུག་མྱང་རྒྱུ་མེད་པ་ངས་དེ་ནས་དངོས་དཔག་བྱས་པ་ཡིན། ཉིན་གཉིས་ཀྱི་རྗེས་སུ་གནས་བདག་ལ་གྱེས་ཕྱག་ཞུས་ཏེ་ཉི་མ་གཅིག་རྐང་ཐང་ལ་ཡོང་ནས་མཐར་རླངས་འཁོར་གྱི་གཞུང་ལམ་ཆུང་ཆུང་ཞིག་ཏུ་སླེབས། གཞུང་ལམ་ཐོག་གོམ་པ་ཆུ་ཚོད་གཉིས་ཙམ་སྤོས་མཐར་སུམ་མདོ་ཞིག་ལ་འབྱོར་བ་དང་གྲོང་གསེབ་ཀུ་ཤལ་ན་གར་[1]ཙམ་ཞིག་འདུག དེར་ཉིན་གཅིག་བསྡད་པ་དང་དགོང་མོ་བལ་ཡུལ་སྣེ་ལེན་ཁང་ནས་ང་ཚོ་ལེན་དུ་སླེབས་སོང་། དེ་ནས་བོད་ཀྱི་ཡུལ་ལྗོངས་ལ་རྒྱབ་ཕྱོགས་ཤིང་། བལ་ཡུལ་རྫ་གྲོང་ལ་མདུན་གཏད་ནས་བྱ་ལྟར་འཕུར་བས། ཕྱི་དྲོར་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར།

དུས་སྐབས་དེར་བོད་ནས་གསར་འབྱོར་མང་བས་སྣེ་ལེན་ཁང་དུ་ཟང་ཟིང་དང་འཚང་ཁ་ཧ་ཅང་ཆེ། ང་ཚོ་གསུམ་ཞོགས་པ་འབྱོར་ཐོ་བཀོད་པ་དང་སྡོད་ས་དང་ཁ་ལག་ཁོ་ཚོས་བཀོད་སྒྲིག་བྱས་བྱུང་། (དེར་ངས་གནས་ཚུལ་གསལ་པོ་ཞིག་རྟོགས་པ་ནི་ང་སྐྱེ་སའི་མི་རིགས་དེ་ལ་དོན་དངོས་ཀྱི་རང་དབང་མེད་པ་དེ་དུས་ཤེས་བྱུང་།) བལ་ཡུལ་གྱི་སྣེ་ལེན་ཁང་ནི་བལ་ཡུལ་གྱི་རྒྱལ་ས་ཀ་ཋ་མན་ཌུའི་ནང་དུ་ཡོད་ཅིང་བོད་ནས་བྲོས་བྱོལ་དུ་ཡོང་མཁན་རྣམས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་ས་ཞིག་ཡིན་པ་དང་། ཁོང་ཚོས་ང་ཚོར་ཟས་གོས་དང་སྨན་བཅོས་སོགས་ཀྱི་མཐུན་འགྱུར་རོགས་རམ་གང་ལེགས་གནང་གི་ཡོད། དེར་རྒྱུན་ལྡན་མི་ ༢༠༠ ནས་ ༣༠༠ བར་ཟླ་བ་གཉིས་གསུམ་ཙམ་སྡོད་དགོས་ཀྱི་ཡོད། དེ་ནས་ཁོང་ཚོས་དཀའ་ངལ་གང་ཡང་མེད་པའི་ཐོག་ནས་རྒྱ་གར་ལ་གཏོང་བ་དང་། ང་ཚོར་ཕྱི་སྤྱོད་ལག་ཁྱེར་དང་སྐྱབས་བཅོལ་ལག་ཁྱེར་མེད་མཁན་རྣམས་ལ་ཁོང་ཚོས་འདི་ག་བལ་ཡུལ་དམིགས་བསལ་ལས་ཁུངས་སུ་གནས་སྡོད་ཆོག་པའི་ཆོག་མཆན་དང་། དེ་བཞིན་རྒྱ་གར་ལ་འགྲོ་ཆོག་པའི་ཆོག་མཆན་སོགས་སྤྲོད་ཀྱི་ཡོད། སྤྱིར་སྣེ་ལེན་ཁང་ནས་ཤོག་འཛིན་འདོན་ཡ་ལ་ཟླ་བ་གསུམ་ཡན་མན་སྡོད་དགོས་མོད། དུས་སྐབས་དེར་ནམ་ཟླ་དགུན་ཁ་སླེབ་ལ་ཉེ་ཞིང་། གནས་མཆོག་རྡོ་རྗེ་གདན་དུ་རྙིང་མའི་སྨོན་ལམ་འགོ་བཙུགས་ནས། དེར་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་ཕེབས་ཡོད་པར་གོ་ཐོས་བྱུང་བས། བླ་མ་ལ་དང་བའི་དད་པ་ཞིག་གམ། ལྡོག་ཏུ་མེད་པའི་ལས་རླུང་ཞིག་ཡིན། གང་ལྟར་ལུས་སེམས་ཀྱི་རེ་འདུན་ཡོད་ཚད་རྡོ་རྗེ་གདན་ལ་ཕྱོགས་ཤིང་སང་ཉིན་དགོང་མོར་རླངས་འཁོར་གྱི་འཛིན་བྱང་ཉོས་ནས་རྡོར་གདན་ལ་འགྲོ་རྒྱུ་ཐག་བཅད་པ་ཡིན།


[1] རྒྱ་གར་ལྷོ་ཕྱོགས་ཀྱི་ས་གནས་ཤིག་གི་མིང་ཡིན།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།