སྤྱི་ལོ་ ༢༠༢༠ ལོའི་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་ཟླ་དྲུག་སྔ་མའི་མཛད་རིམ་ཁག

རྩོམ་སྒྲིག་པ།

གྲྭ་ཚང་གི་ཟླ་དྲུག་སྔ་མའི་མཛད་རིམ་སྙིང་བསྡུས།

བོད་རྒྱལ་ལོ་ ༢༡༤༦ བོད་ཟླ་ ༡༢ ཚེས་ ༡༧ སྤྱི་ལོ་ ༢༠༢༠ ཟླ་བ་ ༠༡ ཚེས་ ༡༡ ཉིན་གསང་ཆེན་སྔ་འགྱུར་བའི་ཤིང་རྟ་ཆེན་པོ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཀློང་ཆེན་རབ་འབྱམས་ཀྱི་འདས་མཆོད་འཚོགས། སྔ་དྲོའི་ཆ་ལ་ཀར་གླིང་ཞི་ཁྲོ་དང་། ཕྱི་དྲོའི་ཆར་སྙིང་ཐིག་ཡང་གསང་བླ་སྒྲུབ་ཀྱི་ཚོགས་མཆོད་གསུངས་ཤིང་། དགོང་མོའི་ཆར་མགོན་པོ་གང་ཉིད་ཐུགས་དགྱེས་པའི་མཆོད་སྤྲིན་དུ་འཆད་རྩོད་ཀྱི་མཛད་རིམ་དང་། བཀྲ་ཤིས་ཚིག་བཟང་དང་བཅས་པའི་སྒོ་ནས་འདས་མཆོད་མཐའ་གྲུབ།
བོད་ཟླ་ ༡༢ ཚེས་ ༢༥ ནས་ ༢༩ སྤྱི་ཟླ་ ༠༢ ཚེས་ ༡༨ ནས་ ༢༢ བར་ཉིན་ལྔའི་རིང་དགུ་གཏོར་ཆེན་མོ་དབུ་བཙུགས་ནས་ཚོགས་ཁག་སོ་སོར་ཕུར་པ། གུར་དྲག སེང་གདོང་། བཀའ་བརྒྱད་སོགས་འཚོགས། སྤྱི་ཚེས་ ༢༢ ཉིན་གཏོར་ཟོར་འཕངས་རྗེས་འཆམ་སྣ་ཁག་བདུན་གྱི་མཇལ་ཁ་དང་བཅས་དགུ་གཏོར་མཐའ་གྲུབ་པ་དང་། སྤྱི་ཚེས་ ༢༣ ཉིན་ཚེ་ཆོག་འཆི་བསླུའི་སྒོ་ནས་གླུད་མདོས་བཏང་སྟེ། བོད་རྒྱལ་ལོ་ ༢༡༤༦ མཇུག་རྫོགས།
བོད་རྒྱལ་ལོ་ ༢༡༤༧ བོད་ཟླ་ ༠༡ ཚེས་ ༠༡ སྤྱི་ལོ་ ༢༠༢༠ ཟླ་བ་ ༠༢ ཚེས་ ༢༤ རབ་གནས་ལྕགས་ཕོ་བྱི་བའི་ལོ་གསར་དུ་ཚེས་པའི་ཉིན། ཞོགས་པ་ཆུ་ཚོད་ ༠༥ ཐོག་མཁན་སྤྲུལ་བླ་སློབ་གྲྭ་བཙུན་ཡོངས་འདུ་ཁང་ཆེན་མོའི་ནང་འཚོགས་ནས། མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་དང་། མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ། མཁན་ཆེན་ཚེ་དབང་རྒྱ་མཚོ་བཅས་དབུ་བཞུགས་ཐོག་སྣང་གསལ་མར་མེ་བསྒྲོན་རྗེས། འདུས་ཚོགས་ཡོངས་ནས་བཀྲ་ཤིས་བརྒྱད་པ་དང་། གནས་བརྟན་ཕྱག་མཆོད་སོགས་གསུངས་ཤིང་། ༸གོང་ས་མཆོག་དང་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་བཞུགས་ཁྲིར་མཇལ་དར་ཕུལ་ནས་སྔ་དྲོའི་མཛད་རིམ་མཐའ་གྲུབ་རྗེས་སུ་ཉིན་གསུམ་རིང་ལོ་གསར་བཏང་གནང་ཡོད། སྤྱི་ཚེས་ ༢༧ ཉིན་སྔར་སྲོལ་བཞིན་གྲོང་སྡེ་བཞི་པའི་ན་གཞོན་ཕོ་མོ་རྣམས་ཀྱིས་གླིང་བྲོ་བདེ་ཆེན་རོལ་མོའི་འཁྲབ་སྟོན་གཟིགས་འབུལ་ཞུས།
བོད་ཟླ་ ༠༡ ཚེས་ ༠༨ ནས་ ༡༥ སྤྱི་ཟླ་ ༠༣ ཚེས་ ༠༢ ནས་ ༠༩ བར་སྔར་སྲོལ་བཞིན་སྒྲུབ་ཆེན་འཚོགས། དེ་ཡང་སྤྱི་ཚེས་ ༠༡ ཉིན་ཕྱི་དྲོའི་ཆར་གྲྭ་ཚང་དགེ་སྐོས་ཆེན་མོ་ནས་གྲལ་ཐོ་སྒྲོགས་སྦྱང་གནང་། སྤྱི་ཚེས་ ༠༢ ནས་བཟུང་འདུ་ཁང་ཆེན་མོའི་ནང་ཡང་ཟབ་དཀོན་མཆོག་སྤྱི་འདུས་དང་། འདུ་ཁང་གཞན་རྣམས་སུ་ཚེ་ཆོག རཏ་གླིང་ཕུར་པ། ཀར་གླིང་ཞི་ཁྲོ། གནམ་ཆོས་གསོལ་ཁ། སྙིང་ཐིག་གསོལ་ཁ། དགྲ་ལྷ་བསང་གསོལ་བཅས་འཚོགས་གནང་ཡོད།
སྤྱི་ཟླ་ ༠༣ ཚེས་ ༠༤ ཉིན་ཞོགས་པ་ཆུ་ཚོད་ ༠༧ ཐོག་གུ་རུའི་གོས་སྐུ་མཐོང་གྲོལ་ཆེན་མོ་མཇལ་ཁ་དང་། ཆུ་ཚོད་ ༠༩ ཐོག་གུ་རུ་མཚན་བརྒྱད་ཀྱི་གར་འཆམ་མཇལ་ཁ་གནང་ཡོད། སྤྱི་ཚེས་ ༠༨ ཉིན་གྱི་ཕྱི་དྲོ་ཆུ་ཚོད་གསུམ་པའི་ཐོག་སྒྲུབ་ཆེན་གྱི་ཁ་སྐོང་སྦྱིན་སྲེག་དང་། སྤྱི་ཚེས་ ༠༩ ཉིན་སྔ་དྲོའི་ཆུ་ཚོད་ ༠༧ ཐོག་ཚེ་ལྷ་རྣམ་གསུམ་གྱི་གོས་སྐུ་མཐོང་གྲོལ་ཆེན་མོ་མཇལ་ཁ་གནང་རྗེས། སེར་སྐྱ་མི་མང་ཡོངས་ལ་གར་འཆམ་མཇལ་ཁ་དང་། ཕྱི་དྲོའི་ཆར་དད་ལྡན་མི་སྐྱ་ཡོངས་ལ་སྒྲུབ་དབང་གནང་གྲུབ་རྗེས་མར་མེའི་སྨོན་ལམ་དང་བཅས་ཏེ་སྒྲུབ་ཆེན་མཐའ་གྲུབ་ཡོད།
སྒྲུབ་ཆེན་འཚོག་པའི་སྐབས་དགོན་པའི་ཉེ་འཁོར་གཞིས་གྲོང་ཁག་གི་དད་ལྡན་མི་སྐྱ་ཕོ་མོ་རྣམས་ལ་སྤྱི་ཟླ་ ༠༣ ཚེས་ ༠༢ ནས་ ༠༨ བར་ཉིན་གྲངས་བདུན་རིང་ཉིན་རེར་ཆོས་ཐུན་གཉིས་རེ་བྱས་ཏེ། དགོན་པའི་མཁན་སློབ་རྣམ་པས་སྦྱོར་དངོས་རྗེས་གསུམ་དང་། འཆམ་གྱི་སྐོར། གུ་རུ་རིན་པོ་ཆེ་དང་། ༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་རྣམ་ཐར། བློ་ལྡོག་རྣམ་བཞིའི་སྐོར་སོགས་ངོ་སྤྲོད་གནང་ཡོད།
བོད་ཟླ་ ༠༡ ཚེས་ ༡༨ སྤྱི་ཟླ་ ༠༣ ཚེས་ ༡༢ ཉིན་ནས་བཟུང་ཟླ་བ་གཅིག་གི་རིང་སྔར་སྲོལ་ལྟར་རྒྱལ་བ་དཔལ་ཡུལ་བའི་རི་ཆོས་སྔོན་རྩ་རྫོགས་གསུམ་གྱི་ཟླ་ཆོས་དབུ་བཙུགས་གནང་ཡོད་ནའང་། འདི་ལོར་ཏོག་དབྱིབས་ནད་དུག་གིས་རྐྱེན་པས་འཛམ་གླིང་གང་སར་དཀའ་ངལ་བྱུང་བར་བརྟེན། དགོས་པའི་དབང་གིས་རེ་ཞིག་སྤྱི་ཟླ་ ༠༣ ཚེས་ ༢༩ ཉིན་བཀའ་དྲིན་གཏང་རག་དང་བཅས་མཚམས་འཇོག་གནང་ཡོད། ད་ལོའི་ཟླ་ཆོས་འཚོག་སྐབས་སྔོན་འགྲོའི་ཆོས་ཁྲིད་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་ནས་གནང་ཡོད་པ་དང་། རྩ་རླུང་དང་རྫོགས་ཆེན་གཉིས་ཀྱི་ཆོས་ཁྲིད་མཁན་ཆེན་ཚེ་དབང་རྒྱ་མཚོ་མཆོག་གིས་གནང་ཡོད།
ད་ལོ་ནད་ཡམས་ཀྱིས་རྐྱེན་པས་འཛམ་གླིང་གང་སར་དཀའ་ངལ་འཕྲད་བཞིན་ཡོད་པར་བརྟེན་ནད་ཡམས་མཐའ་དག་ཞི་བའི་ཆེད་སྤྱི་ཟླ་ ༠༤ ཚེས་ ༡༠ ནས་བཟུང་རྣམ་གྲོལ་གླིང་གི་གྲྭ་ཚང་། བཤད་གྲྭ། སློབ་གྲྭ། བཙུན་དགོན་བཅས་ཀྱིས་དགེ་འདུན་བཙུན་མ་རྣམ་པས་སོ་སོའི་བཞུགས་ཤག་ཏུ་བཞུགས་ཏེ་བདུན་ཕྲག་གསུམ་ལྷག་ཙམ་རིང་སྔ་དྲོའི་ཆུ་ཚོད་ ༠༨ ནས་ ༠༩ བར་རིི་བོ་བསང་མཆོད་དང་། མནོལ་བསང་ལྷ་ཆབ་སྔོན་མོ་དང་། དགོང་མོ་ཆུ་ཚོད་ ༧:༣༠ ནས་ ༨:༣༠ བར་ཚིག་བདུན་བླ་སྒྲུབ་ཀྱི་སྒོ་ནས་བཛྲ་གུ་རུ་གསོག་སྒྲུབ་གནང་ཡོད།
སྤྱི་ཟླ་ ༠༥ ཚེས་ ༠༤ ནས་ཉིན་གསུམ་རིང་དགོང་མོའི་ཆུ་ཚོད་ ༠༧:༣༠ ནས་ ༩:༣༠ བར་སྙིང་ཐིག་མ་མགོན་དང་སྦྲགས་ཏེ་མ་མོའི་འཁྲུགས་སྐོང་བསགས་གནང་བ་དང་། སྤྱི་ཚེས་ ༠༧ ནས་ཉིན་གསུམ་རིང་དགོང་མོའི་ཆུ་ཚོད་ ༧:༣༠ ནས་ ༩:༣༠ བར་ཙིའུ་དམར་གསོལ་ཁ་བསགས་པ་དང་། སྤྱི་ཚེས་ ༡༡ དགོང་མོར་བསང་གསོལ་དང་བཅས་ཏེ་ཞབས་རིམ་རྣམས་མཐའ་གྲུབ་ཡོད།
སྔར་སྲོལ་ལྟར་ན་བོད་ཟླ་ ༠༤ ནང་བཀའ་མའི་སྒྲུབ་མཆོད་འཚོག་སྲོལ་ཡོད་ནའང་། ད་ལོ་ནད་ཡམས་ཀྱིས་རྐྱེན་པས་འདུ་འཛོམས་བྱེད་མི་རུང་བར་བརྟེན་བཀའ་མའི་སྒྲུབ་མཆོད་འཚོག་ཐུབ་མེད།
སྔར་སྲོལ་ལྟར་སྔོན་འགྲོ་འབུམ་ལྔ་བསགས་སྦྱང་དེ་ད་ལོའི་ཆར་དུས་ཐོག་ཏུ་འཚོག་ཐུབ་མེད་ནའང་། བོད་ཟླ་ ༠༤ ཚེས་ ༡༥ སྤྱི་ཟླ་ ༠༦ ཚེས་ ༠༥ ཉིན་ནས་བཟུང་གནས་སྐབས་རིང་དགེ་འདུན་པ་སོ་སོའི་བཞུགས་ཤག་ཏུ་བསགས་སྦྱང་གནང་རྒྱུ་དབུ་བཙུགས་ཏེ། ད་ལོའི་ཆར་དགེ་འདུན་པ་ ༢༨ ཀྱིས་བསགས་སྦྱང་གནང་བཞིན་ཡོད།

སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་ཟླ་དྲུག་སྔ་མའི་མཛད་རིམ་སྙིང་བསྡུས།

མཁན་ཆེན་རྣམ་གྲོལ་ཚེ་རིང་མཆོག་གིས་དགོན་འདི་དང་ཕྱོགས་མཐའ་ཁག་ནས་ཕེབས་པའི་མཁན་སློབ་དགེ་བའི་བཤེས་གཉེན་རྣམས་དང་། མཐོ་སློབ་ཆེན་མོ་འདིའི་ལོ་རིམ་བཞི་པ་ཡན་ཆོད་ཀྱི་སློབ་གཉེར་བ་རྣམས་ལ་ཡོན་ཏན་མཛོད་ལས་རྫོགས་ཆེན་སྐོར་གྱི་བཀའ་ཁྲིད་གནང་རྒྱུའི་ཞལ་བཞེས་བཟང་པོ་ཐོབ་པ་ལྟར། བོད་རྒྱལ་ལོ་ ༢༡༤༧ ཟླ་བ་ ༠༡ ཚེས་ ༡༩ སྤྱི་ཟླ་ ༠༣ ཚེས་ ༡༣ ཉིན་ཕྱི་དྲོའི་ཆུ་ཚོད་ ༠༣:༣༠ ལ་བླ་སྒྲུབ་ཐིག་ལེའི་རྒྱ་ཅན་གྱི་སྨིན་བྱེད་དབང་བསྐུར་གནང་ཞིང་། སྤྱི་ཚེས་ ༡༤ ཉིན་ནས་བཀའ་ཁྲིད་དངོས་གཞི་དབུ་བཙུགས་ནས་ཆོས་ཐུན་བདུན་ཕྲག་གཉིས་ལྷག་ཙམ་རིང་བཀའ་དྲིན་བསྐྱངས་གནང་རྗེས། འཛམ་གླིང་གང་སར་ཁྱབ་བཞིན་པའི་ནད་ཡམས་ཀྱི་གནས་ཚུལ་ལ་གཟིགས་ནས་རེ་ཞིག་མཚམས་འཇོག་གནང་ཡོད།
བོད་ཟླ་ ༠༢ ཚེས་ ༠༣ སྤྱི་ལོ་ ༢༠༢༠ ཟླ་བ་ ༠༣ ཚེས་ ༢༧ ཉིན་སྔར་སྲོལ་ལྟར་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་གུང་སེང་རྫོགས་ནས་སླར་ཡང་དབུ་འཛུགས་པའི་དུས་ཚོད་ཁེལ་ཡོད་ནའང་། ད་ལོ་ནད་ཡམས་ཀྱིས་རྐྱེན་པས་དུས་རྒྱུན་ལྟར་སློབ་གཉེར་བ་རྣམས་རེ་ཞིག་ཚང་འཛོམས་གནང་ཐུབ་མེད། སྤྱི་ཚེས་ ༢༧ ཉིན་མཐོ་སློབ་ཆེན་མོར་གསར་ཞུགས་གནང་མཁན་སློབ་གཉེར་བ་རྣམས་ཀྱིས་ངག་རྒྱུགས་ཕུལ་ཡོད་པ་དང་། སྤྱི་ཚེས་ ༢༨ ཉིན་བྲིས་རྒྱུགས་ཕུལ་ཡོད། ད་ལོའི་ཆར་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་སྔོན་འགྲོ་འཛིན་གྲྭར་གསར་ཞུགས་སློབ་གཉེར་བ་གྲངས་ ༨༨ དང་། ལོ་རིམ་དང་པོར་ཐད་ཀར་གསར་ཞུགས་སློབ་གཉེར་བ་གྲངས་ ༡༡ བཅས་བྱུང་ཡོད།
བོད་ཟླ་ ༠༢ ཚེས་ ༠༨ སྤྱི་ཟླ་ ༠༤ ཚེས་ ༠༡ ཉིན་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་དགེ་སློབ་ཚང་འཛོམས་ཐོག་སྤྱི་ལོ་ ༢༠༡༩ ལོའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་གྲུབ་འབྲས་གསལ་བཤད་ཀྱི་ཉིན་ཁེལ་ཡོད་ནའང་། ད་ལོའི་ཆར་འདུ་འཛོམས་མི་བདེ་བས་གྲུབ་འབྲས་ཨང་ཐོབ་རེའུ་མིག་ཏུ་བཀོད་ནས་གྱང་ངོས་སུ་སྦྱར་ཏེ་གསལ་བསྒྲགས་གནང་ཡོད།
སྤྱི་ཟླ་ ༠༤ ནང་སྔ་འགྱུར་མཐོ་སློབ་ཆེན་མོའི་སློབ་གཉེར་བ་ཡོངས་ལ་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་དང་། མཁན་ཆེན་རྣམ་གྲོལ་ཚེ་རིང་། མཁན་ཆེན་ཚེ་དབང་རྒྱ་མཚོ་མཆོག་བཅས་ཀྱིས་ལེགས་སྤེལ་ཉེས་འགོག་གི་བཀའ་སློབ་གནང་།
བོད་རྒྱལ་ལོ་ ༢༡༤༧ ཟླ་བ་ ༠༡ ཚེས་ ༡༣ སྤྱི་ལོ་ ༢༠༢༠ སྤྱི་ཟླ་ ༠༣ ཚེས་ ༠༧ ཉིན་ནས་བཟུང་། སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་ཡན་ལག་སྔ་འགྱུར་རྙིང་མའི་ཞིབ་འཇུག་ལྟེ་གནས་ཁང་གི་སྐབས་གསུམ་པའི་སློབ་བསྡུའི་འོག་ཟབ་སྦྱོང་རིམ་པ་དང་པོ་དུས་ཡུན་བདུན་ཕྲག་གཉིས་རིང་འཚོགས་ཡོད་པ་དང་། ཉིན་དང་པོའི་མཛད་སྒོར་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་དང་། མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཐོག སྤྱི་ལོ་ ༢༠༡༩ ལོའི་སྔ་འགྱུར་མཐོ་སློབ་ཆེན་མོའི་རྒྱུན་ལས་རྣམ་པ་དང་། སྔ་འགྱུར་རྙིང་མའི་ཞིབ་འཇུག་ལྟེ་གནས་ཁང་གི་ཞིབ་འཇུག་སློབ་མ་གསར་རྙིང་བཅས་མཉམ་འཚོགས་གནང་ཞིང་། ད་ལོའི་ཆར་ཞིབ་འཇུག་ལྟེ་གནས་ཁང་གི་སྐབས་གསུམ་པའི་སློབ་མར་མཁན་སློབ་གྲངས་ ༠༥ གསར་ཞུགས་གནང་ཡོད།
སྔར་སྲོལ་བཞིན་སྔ་འགྱུར་མཐོ་སློབ་ཆེན་མོའི་ལོ་འགོའི་ཞབས་རིམ་ལ་བཀའ་འགྱུར་དག་ཚར་དང་། སྙིང་ཐིག་བསང་གསོལ་བཅས་འཚོགས་ཡོད་པ་དང་། དེ་བཞིན་ད་ལོའི་དཔེ་ཁྲིད་དངོས་གཞི་དབུ་མ་བཙུགས་སྔོན་དུ་རྒྱུན་ལས་རྣམ་པས་ལོ་གཅིག་རིང་འཛིན་སྐྱོང་བྱེད་ཕྱོགས་དང་འབྲེལ་བའི་བཀའ་སློབ་གནང་ཡོད།
སྔར་སྲོལ་བཞིན་མཐོ་སློབ་ཆེན་མོའི་དཔེ་ཁྲིད་དངོས་གཞི་དེ་བོད་ཟླ་ ༠༢ ཚེས་ ༢༥ ཉིན་དབུ་འཛུགས་མ་ཐུབ་པར་ཕྱིར་འགྱངས་ཀྱིས་བོད་ཟླ་ ༠༣ ཚེས་ ༡༥ སྤྱི་ཟླ་ ༠༥ ཚེས་ ༠༧ ཉིན་དཔེ་ཁྲིད་སྐར་འཛིན་གནང་ཞིང་། སྤྱི་ཚེས་ ༡༥ ཉིན་དཔེ་ཁྲིད་དངོས་གཞི་དབུ་བཙུགས་ཡོད། ད་ལོ་ནད་ཡམས་ཀྱིས་རྐྱེན་པས་སློབ་གཉེར་བ་ཡོངས་ཚང་འཛོམས་མ་ཐུབ་པ་སོགས་གནས་ཚུལ་དུ་མ་ལ་གཞིགས་ནས་རེ་ཞིག་དཔེ་ཁྲིད་དྲ་ཐོག་ནས་འཁྲིད་རྒྱུར་གཏན་ཁེལ་གནང་སྟེ། དགོན་པའི་ཕྱི་ནང་གང་སར་བཞུགས་པའི་སློབ་གཉེར་བ་རྣམ་པ་དྲ་ཐོག་ནས་ཆོས་ཐུན་ལ་མཉམ་ཞུགས་གནང་བཞིན་ཡོད།
ད་ལོའི་ཆར་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་ནས་རང་དགོན་གྱི་གྲྭ་ཚང་ནང་འཛིན་སྐྱོང་གནང་མཁན་མཁན་སློབ་གྲངས་ ༡༨ དང་། སྔ་འགྱུར་མཐོ་སློབ་ཆེན་མོར་དཔེ་ཁྲིད་དང་འཛིན་སྐྱོང་གནང་མཁན་མཁན་སློབ་གྲངས་ ༣༤ དང་། གཞི་རིམ་སློབ་གྲྭ་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་ལ་དཔེ་ཁྲིད་དང་འཛིན་སྐྱོང་གནང་མཁན་མཁན་སློབ་གྲངས་ ༤༣ དང་། བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་དུ་དཔེ་ཁྲིད་དང་འཛིན་སྐྱོང་གནང་མཁན་མཁན་སློབ་གྲངས་ ༢༥ བཏང་གནང་ཡོད་པ་དང་། གཞན་ཡང་མཐོ་སློབ་ཆེན་མོ་འདི་ནས་རྒྱ་གར་ནང་མཁན་སློབ་ ༡༠༦ བལ་ཡུལ་ནང་ ༡༣༢ འབྲུག་ནང་ ༧༨ ཕྱི་རྒྱལ་ Russia ནང་ ༠༡ Swiss ནང་ ༠༡ བཏང་བ་བཅས་ཁྱོན་བསྡོམས་མཁན་སློབ་གྲངས་ ༤༣༨ ཙམ་གྱིས་རང་དགོན་འདིས་མཚོན་པའི་དགོན་སྡེ་ཁག་དང་སློབ་གྲྭ་སོགས་སུ་ཆོས་ཕྱོགས་དང་འབྲེལ་བའི་ཕྱག་ལས་སྒྲུབ་མུས་ལགས་སོ།།
སྤྱི་ཟླ་ ༠༤ ཚེས་ ༢༦ ཉིན་སྔར་སྲོལ་བཞིན་ལོ་གཅིག་རིང་གི་ལས་བྱེད་འཕོ་ལེན་དེ་དགེ་སློབ་ཚང་འཛོམས་ཐོག་གནང་ཐུབ་མེད་ནའང་། མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་དང་། མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ། མཁན་ཆེན་རྣམ་གྲོལ་ཚེ་རིང་། མཁན་ཆེན་ཚེ་དབང་རྒྱ་མཚོ་བཅས་དབུ་བཞུགས་ཐོག་མཐོ་སློབ་ཆེན་མོའི་དཔེ་ཁྲིད་འཁྲིད་མཁན་མཁན་སློབ་རྣམས་མཉམ་ཚོགས་ངང་ནས་ལས་བྱེད་འཕོ་ལེན་གནང་ཡོད་ཅིང་། སྐབས་དེར་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་དང་། མཁན་ཆེན་རྣམ་གྲོལ་ཚེ་རིང་། མཁན་ཆེན་ཚེ་དབང་རྒྱ་མཚོ་བཅས་ཀྱིས་ལེགས་སྤེལ་ཉེས་འགོག་གི་བཀའ་སློབ་ཀྱང་གནང་ཡོད།
བོད་ཟླ་ ༠༤ ཚེས་ ༢༩ སྤྱི་ཟླ་ ༠༦ ཚེས་ ༢༠ ཉིན་གསང་ཆེན་སྔ་འགྱུར་བའི་ཤིང་རྟ་ཆེན་པོ་འཇམ་མགོན་མི་ཕམ་ཕྱོགས་ལས་རྣམ་རྒྱལ་གྱི་འདས་མཆོད་དེ་སྔར་སྲོལ་ལྟར་དགེ་སློབ་མཉམ་འཛོམས་ཐོག་ཟབ་རྒྱས་ཤིག་འཚོག་ཐུབ་མེད་ནའང་། དགོང་མོའི་ཆུ་ཚོད་ ༠༧ ནས་ ༡༠ :༣༠ བར་བཤད་གྲྭའི་འདུ་ཁང་ཆུང་བའི་ནང་སྤྱི་ལོ་ ༢༠༢༠ ལོའི་སྔ་འགྱུར་མཐོ་སློབ་ཆེན་མོའི་ཚོགས་གཙོ་མཁན་རིན་པོ་ཆེ་ཀུན་བཟང་བདེ་ཆེན་དབུ་བཞུགས་ཐོག་མཐོ་སློབ་ཆེན་མོའི་མཁན་སློབ་དགེ་བའི་བཤེས་གཉེན་རྣམ་པས་རྒྱུད་ལུགས་འཇམ་དཔལ་ཞི་སྒྲུབ་ཀྱི་ལས་བྱང་གི་གཞུང་བསྲངས་ནས། ཚོགས་ཀྱི་མཆོད་པ་སྤྲོས་ཏེ་འདས་མཆོད་འཚོགས་གནང་ཞིང་། སློབ་གཉེར་བ་རྣམ་པས་ཀྱང་སོ་སོའི་བཞུགས་ཤག་ནས་དེ་བཞིན་ཆོ་ག་མཉམ་དུ་གསུང་གནང་མཛད་ཡོད།

ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་གི་ཟླ་དྲུག་སྔ་མའི་མཛད་རིམ་སྙིང་བསྡུས།

བོད་རྒྱལ་ལོ་ ༢༡༤༧ རབ་གནས་ལྕགས་ཕོ་བྱི་བའི་ལོ་བོད་ཟླ་ ༠༢ ཚེས་ ༠༣ སྤྱི་ལོ་ ༢༠༢༠ ཟླ་ ༠༣ ཚེས་ ༢༧ ཉིན་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་གི་གུང་སེང་མཐའ་གྲུབ་ནས་སླར་ཡང་དབུ་བཙུགས།
ད་ལོ་རིམས་ནད་ཀྱིས་རྐྱེན་པས་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་གྲུབ་འབྲས་གསལ་བཤད་དེ་ནམ་རྒྱུན་དང་མི་འདྲ་བར་ཚོགས་ཁག་གསུམ་དུ་བགོས་ནས་ཚོགས་ཁང་སོ་སོར་སྤྱི་ལོ་ ༢༠༡༩ ལོའི་རྒྱུན་ལས་དབུ་བཞུགས་ཐོག་སྤྱི་ཟླ་ ༠༣ ཚེས་ ༣༡ དགོང་མོའི་ཆུ་ཚོད་ ༠༧ ཐོག་གསལ་བཤད་གནང་ཡོད།
སྔར་སྲོལ་ལྟར་ན་བོད་ཟླ་ ༠༢ ཚེས་ ༢༥ སྤྱི་ཟླ་ ༠༤ ཚེས་ ༡༧ ཉིན་དཔེ་ཁྲིད་དབུ་འཛུགས་པའི་དུས་ཚོད་ཁེལ་ཡོད་ཀྱང་། ད་ལོའི་ནད་ཡམས་ཀྱིས་རྐྱེན་པས་ཟླ་དྲུག་སྔ་མའི་དཔེ་ཁྲིད་སྤྱི་ཟླ་ ༠༥ ཚེས་ ༡༥ བར་དུ་དབུ་འཛུགས་ཐུབ་མེད།
སྤྱི་ཟླ་ ༠༤ ཚེས་ ༢༤ ཉིན་ལས་བྱེད་འཕོ་ལེན་གྱི་དུས་ཚོད་ཁེལ་ཡོད་ནའང་། ད་ལོ་ནད་ཡམས་ཀྱིས་རྐྱེན་པས་མི་མང་འདུ་འཛོམས་མི་ཆོག་པར་བརྟེན་ཚོགས་འདུ་དངོས་གཞི་འཚོག་མ་ཐུབ་པས་གསལ་བསྒྲགས་སྦྱར་ནས་ལས་བྱེད་གསར་རྙིང་འཕོ་ལེན་གནང་ཡོད།
ད་ལོའི་ཆར་དཔེ་ཁྲིད་འཛིན་སྐྱོང་གནང་མཁན་ལ་མཁན་སློབ་ཁྱོན་བསྡོམས་ ༤༣ བསྐོ་གཞག་གནང་ཡོད་ཀྱང་། ནད་ཡམས་ཀྱིས་རྐྱེན་པས་ཚང་འཛོམས་མ་ཐུབ་པར་བརྟེན་རྒྱུན་ལས་ཀྱིས་གཙོས་ད་ཡོད་མཁན་སློབ་ ༣༦ ནས་དཔེ་ཁྲིད་དང་འཛིན་སྐྱོང་གནང་བཞིན་ཡོད། གཞན་ཡང་བཤད་གྲྭ་དང་གྲྭ་ཚང་གཉིས་ནས་བོད་ཡིག་ཀློག་སློབ་མཁན་དང་། དབྱིན་ཡིག་གི་དགེ་རྒན། ཆོ་ག་ཕྱག་ལེན་དགེ་རྒན་བཅས་ཡོངས་བསྡོམས་ ༣༣ བཏང་ཡོད། ཟླ་རེའི་བོད་ཚེས་ཉེར་ལྔའི་དགོང་མོར་གསུར་དང་། གཞན་ཡང་ཞབས་བརྟན་གསུང་དགོས་རིགས་རྣམས་སྒྲུབ་བཞིན་ཡོད་པ་ནི་སྔར་སྲོལ་ལྟར་ཡིན།
ད་ལོའི་ཆར་གནས་སྐབས་རིང་སློབ་གཉེར་བ་རྣམས་འཛིན་གྲྭ་འཚོག་སྟངས་དེ་སྔར་སྲོལ་དང་མི་འདྲ་བར་སྔ་དྲོའི་ཆར་ཐུན་གཅིག་དང་། དགོང་མོའི་ཆུ་ཚོད་ ༠༧ ནས་ ༠༩ པའི་བར་བཅས་ཉིན་རེར་ཐུན་གཉིས་ལས། གཞན་སློབ་གཉེར་བ་སོ་སོའི་བཞུགས་ཤག་ཏུ་རང་སྦྱོང་གནང་བཞིན་ཡོད།
སྤྱི་ཟླ་ ༠༦ ཚེས་ ༡༩ ཉིན་སློབ་གཉེར་བ་རྣམས་ཀྱིས་ཟླ་དྲུག་སྔ་མའི་བོད་ཡིག་ཟླ་རྒྱུགས་ཐེངས་དང་པོ་བཏང་ཞིང་། སྤྱི་ཟླ་ ༠༦ ཚེས་ ༢༤ ཉིན་འཛིན་རིམ་གསུམ་པ་མན་ཆད་ཀྱི་ཟླ་དྲུག་སྔ་མའི་ཨང་རྩིས་ཟླ་རྒྱུགས་ཐེངས་དང་པོ་བཏང་ཡོད།
དེ་བཞིན་སྤྱི་ཟླ་ ༠༧ ཚེས་ ༠༡ ནས་ཉིན་གསུམ་གྱི་རིང་འཛིན་རིམ་དང་པོ་ནས་བརྒྱད་པའི་བར་གྱི་སློབ་གཉེར་བ་རྣམས་ཀྱིས་བོད་སྐད་རྒྱུགས་སྤྲོད་ཐེངས་དང་པོ་བཏང་བ་དང་། སྤྱི་ཟླ་ ༠༧ ཚེས་ ༡༨ ཉིན་ཟླ་དྲུག་སྔ་མའི་བོད་ཡིག་རྩ་བའི་སློབ་ཚན་གྱི་ཟླ་རྒྱུགས་ཐེངས་གཉིས་པ་དང་། སྤྱི་ཟླ་ ༠༧ ཚེས་ ༢༦ ཉིན་འཛིན་གྲྭ་གསུམ་པ་མན་ཆད་ཀྱིས་ཟླ་དྲུག་སྔ་མའི་ཨང་རྩིས་ཟླ་རྒྱུགས་ཐེངས་གཉིས་པ་དང་། གོང་མ་རྣམས་ཀྱིས་དབྱིན་ཡིག་གི་ཟླ་རྒྱུགས་ཐེངས་དང་པོ་བཏང་ཡོད།
དུས་རྒྱུན་གཞི་རིམ་སློབ་གྲྭ་འདིར་སློབ་ཕྲུག་ ༨༠༠ ལྷག་ཙམ་གྱིས་སློབ་སྦྱོང་གནང་བཞིན་ཡོད་ནའང་། ད་ལོའི་ཆར་ནད་ཡམས་ཀྱིས་རྐྱེན་པས་ཚང་འཛོམས་བྱེད་མ་ཐུབ་པར་བརྟེན་ད་ཡོད་སློབ་ཕྲུག་ ༦༧༨ ཀྱིས་སློབ་སྦྱོང་གནང་བཞིན་ཡོད། སྤྱི་ཟླ་ ༠༨ ཚེས་ ༠༧ ཉིན་ཟླ་དྲུག་སྔ་མའི་དཔེ་ཁྲིད་མཚམས་འཇོག་དང་། ཉིན་གསུམ་རིང་གུང་སེང་བཏང་ནས་སླར་ཟླ་དྲུག་ཕྱི་མའི་དཔེ་ཁྲིད་དབུ་འཛུགས་གནང་རྒྱུ་བཅས་སོ།།

སྔ་འགྱུར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་གི་ཟླ་དྲུག་སྔ་མའི་མཛད་རིམ་ཁག


བཙུན་དགོན་གྲྭ་ཚང་གི་ཟླ་དྲུག་སྔ་མའི་མཛད་རིམ་སྙིང་བསྡུས།

བོད་རྒྱལ་ལོ་ ༢༡༤༧ མཆུ་ཟླ་བའི་ཚེས་ ༠༡ སྤྱི་ལོ་ ༢༠༢༠ ཟླ་ ༠༢ ཚེས་ ༢༤ གནམ་ལོ་གསར་དུ་བཞད་པའི་ཉིན་སྔ་དྲོའི་ཆུ་ཚོད་ ༠༣ ཐོག་བཙུན་དགོན་གྱི་འདུ་ཁང་ནང་སྒྲོལ་ཆོག་དང་ལྷ་བསང་སོགས་འཚོགས་ནས། དགོན་པ་སྤྱིའི་འདུ་ཁང་ཆེན་མོ་ཨོ་རྒྱན་མདོ་སྔགས་བཤད་སྒྲུབ་འོད་གསལ་དར་རྒྱས་གླིང་ནང་དུ་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་དང་། མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ། མཁན་ཆེན་ཚེ་དབང་རྒྱ་མཚོ་མཆོག་གིས་དབུས་མཁན་སྤྲུལ་བླ་སློབ་དགེ་འདུན་བཙུན་མ་དང་བཅས་ལྷན་འཛོམས་ཐོག་ལོ་གསར་རྟེན་འབྲེལ་སྲུང་བརྩི་གནང་ཡོད།
སྤྱི་ཟླ་ ༠༣ ཚེས་ ༠༢ ནས་ ༠༩ བར་ཡི་དམ་དཔལ་ཆེན་འདུས་པའི་དཀྱིལ་འཁོར་ཞལ་ཕྱེ་སྟེ་སྒྲུབ་མཆོད་འཚོགས། གཞན་ཡང་དཔལ་ཡུལ་རིག་འཛིན་གོང་མའི་ཕྱག་སྲོལ་མི་ཉམས་རྒྱུན་སྐྱོང་གིས་སྤྱི་ཟླ་ ༠༣ ཚེས་ ༡༢ ནས་རྣམ་གླིང་དགོན་སྤྱི་དང་གཅིག་མཐུན་གྱིས་རྒྱལ་བ་དཔལ་ཡུལ་བའི་རི་ཆོས་སྔོན་རྩ་རྫོགས་གསུམ་དབུ་བཙུགས་ཤིང་ལོ་ལྟར་ཟླ་གཅིག་རིང་འཚོག་གི་ཡོད་ཀྱང་ད་ལོའི་ཆར་ནད་ཡམས་ཀྱིས་རྐྱེན་པས་སྤྱི་ཟླ་ ༠༣ ཚེས་ ༢༩ ཉིན་གཏང་རག་ཚོགས་འཁོར་དང་བཅས་མཐའ་གྲུབ་པར་མཛད་ཡོད།
༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་ཐུགས་དགོངས་ལྟར་འཛམ་གླིང་སྤྱི་དང་དགོན་པའི་ཞབས་རིམ་ཆེད་རྒྱུན་དུ་སྔ་དྲོའི་ཆར་སྒྲོལ་ཆོག་དང་ཕྱི་དྲོར་བསྐང་གསོ་ཆད་མེད་དུ་འཚོག་བཞིན་པ་དང་། དེ་བཞིན་ཚེས་བཅུ་ཉེར་ལྔ་སོགས་ཀྱི་དུས་ཆེན་རྣམས་སུ་བླ་མ་རིག་འཛིན་འདུས་པ་དང་མཁའ་འགྲོ་ཡུམ་ཀ་བདེ་ཆེན་རྒྱལ་མོའི་ཚོགས་མཆོད་དང་། དད་ལྡན་ཡོན་བདག་རྣམས་ཀྱི་རེ་འདོད་ལྟར་དམིགས་བསལ་ཞབས་རིམ་གང་དགོས་རྣམས་སྒྲུབ་བཞིན་ཡོད།
ད་ལོའི་ཛ་དྲག་གི་ནད་ཡམས་འདི་ཉིད་མྱུར་དུ་ཞི་བའི་ཆེད་རྣམ་གླིང་དགོན་པ་སྤྱི་དང་མཐུན་པར་སྤྱི་ཟླ་ ༠༤ ཚེས་ ༡༠ ནས་བཟུང་བདུན་ཕྲག་གསུམ་རིང་སོ་སོའི་ཤག་ཏུ་བཞུགས་ཏེ། སྔ་དྲོའི་ཆར་རི་བོ་བསང་མཆོད་དང་མནོལ་བསང་ལྷ་ཆབ་སྔོན་མོ། དགོང་མོའི་ཆར་ཚིག་བདུན་བླ་སྒྲུབ་ཀྱི་སྒོ་ནས་བཛྲ་གུ་རུ་བསགས་གནང་ཡོད་པ་དང་། སྤྱི་ཟླ་ ༠༥ ཚེས་ ༠༤ ནས་ཚེས་ ༡༡ བར་བསྐྱར་དུ་བདུན་ཕྲག་གཅིག་གི་རིང་སྔ་དྲོའི་ཆར་རི་བོ་བསང་མཆོད་དང་མནོལ་བསང་ལྷ་ཆབ་སྔོན་མོ། དགོང་མོའི་ཆར་མ་མགོན་དང་སྦྲགས་ཏེ་མ་མོའི་འཁྲུགས་སྐོང་དང་ཙིའུ་དམར་གསོལ་ཁ་སོགས་ཀྱང་གསོག་སྒྲུབ་གནང་ཡོད།
སྤྱི་ལོ་ ༢༠༢༠ ཟླ་བ་ ༠༤ ཚེས་ ༢༨ ཉིན་དགེ་རྒན་ལྷན་འཛོམས་ཐོག་ལས་བྱེད་གསར་རྙིང་འཕོ་ལེན་གནང་ཡོད། ལོ་ལྟར་བོད་ཟླ་ ༠༣ ཚེས་ ༡༠ ཉིན་འབུམ་ལྔ་བསགས་སྦྱང་དབུ་འཛུགས་ཀྱི་ཡོད་ཀྱང་། ད་ལོའི་ཆར་ནད་ཡམས་ཀྱིས་རྐྱེན་པས་དུས་ཐོག་ཏུ་འཚོག་མ་ཐུབ་ནའང་། སྤྱི་ཟླ་ ༠༦ ཚེས་ ༠༥ ས་ག་ཟླ་བའི་བོད་ཚེས་ ༡༥ ཉིན་ནས་དངོས་གཞི་དབུ་བཙུགས་ཏེ་བཙུན་མ་ ༠༨ ཀྱིས་བསགས་སྦྱང་གནང་མུས་ཡིན།
སྤྱི་ལོ་ ༢༠༢༠ ཟླ་ ༠༦ ཚེས་ ༠༩ ཉིན་གྱི་དགོང་མོར་མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ་དང་། མཁན་ཆེན་རྣམ་གྲོལ་ཚེ་རིང་མཆོག མཁན་ཆེན་ཚེ་དབང་རྒྱ་མཚོ་མཆོག སྔ་འགྱུར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་དུ་ཞབས་སོར་འཁོད་ནས་བཙུན་མ་ཡོངས་ལ་བཀའ་སློབ་ལམ་སྟོན་གནང་ཡོད།
ལོ་ལྟར་བཙུན་དགོན་སྤྱིའི་ཞབས་རིམ་གནང་མུས་ལྟར་སྤྱི་ཟླ་ ༠༦ ཚེས་ ༡༥ ནས་ ༡༧ བར་ཉིན་གསུམ་གྱི་རིང་བཙུན་མ་ཡོངས་ཀྱིས་རང་རང་སོ་སོའི་ཤག་ཏུ་བཞུགས་ནས་ཉིན་དང་པོར་བཀའ་འགྱུར་དག་ཚར་དང་། ཉིན་གཉིས་པར་གསོལ་ཁ་དང་སྒྲོལ་ཆོག ཉིན་གསུམ་པར་བསང་གསོལ་བཅས་འཚོགས་གནང་ཡོད།
ད་ལོའི་ཆར་ཕྱོགས་མཐའ་ཁག་ནས་བཙུན་དགོན་འདིར་བཙུན་མ་གསར་ཞུགས་ ༣༤ ཕེབས་ཡོད། སྤྱིར་བཙུན་དགོན་འདིར་གཏན་འཇགས་སུ་བཞུགས་མཁན་བཙུན་མ་ ༦༠༠ ལྷག་ཙམ་ཡོད་ཀྱང་། ད་ལོ་ནད་ཡམས་ཀྱིས་རྐྱེན་པས་ཚང་འཛོམས་མ་ཐུབ་པར་བརྟེན་ད་ལྟའི་ཆར་བཙུན་མ་ ༤༨༠ ཡིས་ཆོས་ཕྱོགས་ཀྱི་བྱ་བར་བརྩོན་བཞིན་ཡོད།

བཙུན་དགོན་བཤད་གྲྭ་ཐོས་བསམ་དགའ་བའི་ཚལ་གྱི་ཟླ་དྲུག་སྔ་མའི་མཛད་རིམ་སྙིང་བསྡུས།

བོད་རྒྱལ་ལོ་ ༢༡༤༧ བོད་ཟླ་ ༠༢ ཚེས་ ༠༣ སྤྱི་ལོ་ ༢༠༢༠ ཟླ་བ་ ༠༣ ཚེས་ ༢༧ ཉིན་གུང་སེང་མཐའ་གྲུབ་ནས་བཤད་གྲྭ་སླར་ཡང་དབུ་བཙུགས་ཤིང་། སྤྱི་ཟླ་ ༠༣ ཚེས་ ༢༧ ཉིན་གསར་ཞུགས་སློབ་གཉེེར་བ་རྣམ་པས་ངག་རྒྱུགས་དང་། དེའི་ཉིན་ཕྱི་མར་བྲིས་རྒྱུགས་ཕུལ་ཡོད། ད་ལོའི་ཆར་བཤད་གྲྭའི་སྔོན་འགྲོ་འཛིན་གྲྭར་སློབ་གཉེར་བ་གསར་ཞུགས་ ༡༣ དང་། ལོ་རིམ་དང་པོར་ ༡༧ བཅས་ཁྱོན་བསྡོམས་གསར་ཞུགས་སློབ་གཉེར་བ་ ༣༠ ཐམ་པ་བྱུང་ཡོད།
སྤྱི་ཟླ་ ༠༤ ཚེས་ ༠༡ ཉིན་སྔ་འགྱུར་མཐོ་སློབ་ཆེན་མོ་དང་གཅིག་མཚུངས་སུ་སྤྱི་ལོ་ ༢༠༡༩ ལོའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་གྲུབ་འབྲས་གསལ་བཤད་དེ། ད་ལོ་རིམས་ནད་ཀྱིས་རྐྱེན་པས་དགེ་སློབ་ལྷན་འཛོམས་ཐོག་མ་བྱུང་ནའང་སློབ་གཉེར་བ་སོ་སོའི་མཚན་དང་ལྷན་དུ་ཨང་ཐོབ་བརྒྱ་ཆ་དང་བཅས་པ་སྦྱར་ནས་གསལ་བཤད་གནང་ཡོད།
༸སྐྱབས་རྗེ་རིན་པོ་ཆེ་མཆོག་གི་བཀའ་དགོངས་གཞིར་བཟུང་ཐོག་འཛིན་སྐྱོང་དང་། སྒྲིག་གཞི། སློབ་ཚན་རྣམས་ནི་སྔ་འགྱུར་མཐོ་སློབ་ཆེན་མོ་དང་གཅིག་མཚུངས་ཡིན། མཐོ་སློབ་ཆེན་མོའི་འཛིན་སྐྱོང་འོག་འདི་ལོར་བཤད་གྲྭ་ནས་མཁན་སློབ་ ༠༦ དང་བཙུན་དགོན་གྱི་སློབ་དཔོན་མ་ ༡༩ བཅས་ཀྱིས། ད་ལོའི་དཔེ་ཁྲིད་དེ་ནད་ཡམས་ཀྱིས་རྐྱེན་པས་སྔར་སྲོལ་ལྟར་དུས་ཐོག་ཏུ་དབུ་འཛུགས་མ་ཐུབ་ཀྱང་། ཆེས་མཐོའི་རྒྱུན་ལས་ཀྱི་བཀའ་ལྟར་དྲ་ལམ་བརྒྱུད་ནས་དཔེ་ཁྲིད་འཁྲིད་རྒྱུར་ཐག་ཆོད་བྱུང་བ་བཞིན། བོད་ཟླ་ ༠༣ ཚེས་ ༡༥ སྤྱི་ཟླ་ ༠༥ ཚེས་ ༠༧ ཉིན་དཔེ་ཁྲིད་སྐར་འཛིན་གནང་བ་དང་། བོད་ཟླ་ ༠༣ ཚེས་ ༢༣ སྤྱི་ཟླ་ ༠༥ ཚེས་ ༡༥ ཉིན་དྲ་ལམ་བརྒྱུད་ནས་དཔེ་ཁྲིད་དངོས་གཞི་དབུ་འཛུགས་གནང་སྟེ་ད་ལྟའི་ཆར་འཁྲིད་མུས་ཡིན།
སྤྱི་ལོ་ ༢༠༢༠ ཟླ་ ༠༥ ཚེས་ ༠༧ ཉིན་ཚོགས་གཙོ་མཁན་རིན་པོ་ཆེ་ཀུན་བཟང་བདེ་ཆེན་མཆོག་གིས་དགེ་སློབ་ཡོངས་ལ་བཀའ་སློབ་གནང་ཡོད།
བོད་ཟླ་ ༠༤ ཚེས་ ༢༩ སྤྱི་ཟླ་ ༠༦ ཚེས་ ༢༠ ཉིན་སྔ་འགྱུར་བའི་བསྟན་པའི་ཤིང་རྟ་ཆེན་པོ་འཇམ་མགོན་མི་ཕམ་ཕྱོགས་ལས་རྣམ་རྒྱལ་རྒྱ་མཚོའི་འདས་མཆོད་ཉིན་ད་ལོ་ནད་ཡམས་ཀྱིས་རྐྱེན་པས་སྔར་སྲོལ་ལྟར་དགེ་སློབ་ལྷན་འཛོམས་ངང་ནས་འཚོག་མ་ཐུབ་ནའང་དགེ་རྒན་རྣམས་འདུ་ཁང་ནང་མཉམ་འཚོགས་གནང་ཞིང་། གཞན་སློབ་གཉེར་བ་རྣམས་སོ་སོའི་ཤག་ཏུ་བཞུགས་ནས་འདས་མཆོད་འཚོགས་ཡོད།
ད་ལོའི་ཆར་བསླབ་པ་མཐར་སོན་པའི་སློབ་དཔོན་མ་གྲངས་ ༡༨ བྱུང་ཞིང་། སྤྱི་ལོ་ ༢༠༠༤ ནས་ད་ལྟའི་བར་བཙུན་དགོན་བཤད་གྲྭ་ནས་བསླབ་པ་མཐར་སོན་པའི་སློབ་དཔོན་མ་གྲངས་ཁྱོན་བསྡོམས་ ༡༩༡ བྱུང་ཡོད། ད་ལོའི་ཆར་ཕྱོགས་མཐའ་ཁག་ནས་སྙན་ཞུ་བྱུང་བ་ལྟར་རྒྱ་བལ་འབྲུག་གསུམ་གྱི་དགོན་སྡེ་དང་སློབ་གྲྭ་ཁག་ལ་སློབ་དཔོན་མ་གྲངས་ ༣༠ ཆོས་ཕྱོགས་ཀྱི་བྱ་བའི་ཆེད་དུ་བཏང་གནང་ཡོད།

བཙུན་དགོན་གཞི་རིམ་སློབ་གྲྭ་ཐུབ་བསྟན་པད་ཚལ་གླིང་གི་ཟླ་དྲུག་སྔ་མའི་མཛད་རིམ་སྙིང་བསྡུས།

བོད་རྒྱལ་ལོ་ ༢༡༤༧ བོད་ཟླ་ ༠༢ ཚེས་ ༡༠ སྤྱི་ལོ་ ༢༠༢༠ ཟླ་བ་ ༠༤ ཚེས་ ༠༣ ཉིན་ནད་ཡམས་ཀྱིས་རྐྱེན་པས་དགེ་སློབ་ཡོངས་རྫོགས་ལྷན་དུ་འདུ་འཛོམས་གནང་མ་ཐུབ་ནའང་། རྒྱུགས་སྤྲོད་དོ་དམ་པ་རྣམ་པས་ཚོགས་ཁག་བགོས་ཏེ་སློབ་ཕྲུག་སྒེར་ལ་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་གྲུབ་འབྲས་ཨང་ཐོབ་ཤོག་ལྷེ་དང་། ཨང་དང་པོ་གཉིས་པ་གསུམ་པ་བཅས་དང་། བློ་རྒྱུགས་ཤོག་གྲངས་བརྒྱ་ཡན་འབུལ་མཁན་གྱི་སློབ་གཉེར་བ་རྣམས་ལ་བྱ་དགའ་གསོལ་རས་གནང་ཡོད།
སྤྱི་ལོ་ ༢༠༢༠ ཟླ་བ་ ༠༥ ཚེས་ ༡༥ ཉིན་ནས་དཔེ་ཁྲིད་དབུ་བཙུགས་ཏེ་ད་ལྟའི་ཆར་སློབ་ཁྲིད་གནང་བཞིན་ཡོད་པ་དང་། གཞི་རིམ་སློབ་གྲྭའི་སྒྲིག་གཞི་དང་སློབ་ཚན་རྣམས་ནི། རྣམ་གླིང་གཞི་རིམ་སློབ་གྲྭ་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་དང་གཅིག་མཚུངས་ཡིན།
གཞི་རིམ་སློབ་གྲྭར་ད་ལོའི་ཆར་གསར་ཞུགས་གནང་མཁན་སློབ་གཉེར་བ་གྲངས་ ༢༣ བྱུང་ཡོད་ཅིང་། ད་ལྟའི་ཆར་སློབ་གཉེར་བ་ཁྱོན་བསྡོམས་ ༡༣༦ ཙམ་གྱིས་སློབ་སྦྱོང་གནང་བཞིན་པ་དང་། སློབ་དཔོན་མ་ ༢༢ ཀྱིས་དཔེ་ཁྲིད་དང་འཛིན་སྐྱོང་གནང་བཞིན་ཡོད་པ་བཅས་སོ།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།