ལོ་རིམ་དྲུག་པའི་སློབ་གཉེར་བ། པ་སངས་ཚེ་རིང་།
སྐད་ཅིག་ཏུ་འཁྱུག་པའི་གློག་གིས་རྣ་དབང་འཕྲོག་ཅིང་།
ཆར་ཐིགས་ཀྱི་སྨྲེང་གླུ་སྙིང་དུ་ལྷུང་བའི་མཚན་གཞུང་འདིར།
ངས་དྲག་ཆར་འཐུང་ཞིང་འཁྱག་བསྡམས་ཀྱི་རླུང་འཚུབ་འགམས་ནས།
མུན་ནག་གི་གཏིང་རུམ་གཏིང་རུམ་ནས་འདྲུད་དུས།
མ་བཅོས་སྣང་བའི་ཀློང་ནས་ངང་གིས་གསལ་འོང་བ་ནི།
འཇིག་ལ་ཉེ་བའི་དུད་ཚང་ཆུང་ཆུང་ཞིག་གི་སྒོ་ཁར་ཀྲོང་ངེར་ལངས་པའི།
ངའི་ཤ་གསེང་རུས་གསེང་ལ་འཇགས་པའི་མ་གཅིག་སྒྲོལ་མའི་སྐུ་རྟེན་ཏེ།
དོ་ནུབ་ཧད་ཀྱིས་མཇལ་བའི་བགོ་སྐལ་དེས།
ངའི་མིག་ཟུང་གི་མཆི་མ། བརྩེ་གདུང་གི་གངས་ཆུར་བཞུར་ནས།
གྲང་བའི་སྙིང་ལ། འཁྱག་གི་དར་ཁ་འགྲིགས་སོང་།
འབྲུག་སྒྲས་སྤྱང་ཀི་དཀྲོགས་ཤིང་།
སྤྱང་ཀིའི་འུར་གྱིས་འདབ་ཆགས་སྤུར་བའི་ནམ་གུང་འདིར།
ཁྱེད་ཀྱིས་ཕྱག་ཟུང་གི་ལོ་མས་རྣ་བའི་པདྨོ་བཀབ་ཅིང་།
སྙིང་རྩ་ཕར་ལྡིང་གི་གསང་གཏམ་དེ་པི་ཝང་གི་གདངས་སུ་མོས་ནས།
མུན་པར་མིག་ཟུང་ཅེར་གྱིན་སུ་ལ་བསྒུགས་ནས་ཡོད།
ངའི་སྙིང་གི་སྐུ་རྟེན་བྱིན་ཅན་མ།
ཁྱེད་ཀྱི་དབུ་སྐྲའི་ལན་བུ་དག་ནི།
སྟོན་མཇུག་གི་ལོ་འདབ་ལ་དགུན་གསུམ་གྱི་ཁ་བ་ཆགས་པ་ལྟར་སྣང་ལ།
ཕྱག་སོར་གྱི་གཏིང་དུ་བབས་པའི་སེར་ཁ་དང་།
རྔུལ་ནག་གིས་དེད་པའི་འགྲམ་ངོས་ཀྱི་ཐལ་རྡུལ།
ཚིལ་དྲེག་དང་ལྷན་པས་བཙངས་པའི་གོས་ལྭ་དག་ཀྱང་།
ཁྱེད་ལ་ཡིད་ཐང་ཆད་ནས་འདུག
ཁྱེད་ད་དུང་ལྷོད་དལ་གྱིས་དོ་ནུབ་གཟིམ་གྱི་མིན་པས།
མདུན་ཅོག་སྟེང་གི་སྒྲོན་མེ་ཡང་ཟད་ལ་ཁད་དུ་འདུག
སྨུག་སྤྲིན་གྱིས་ཟླ་འོད་འཐུང་ཞིང་དྲག་ཆར་གློད་པའི་མཚན་གུང་འདིར།
རྒས་ཤིང་འཁོགས་པའི་ཁྱེད་ཀྱི་ལུས་པོ་འདི།
གངྒཱ་ལ་སྡིག་འཁྲུས་བྱས་པ་ལྟར་བརླན་ཅིང་།
ཁྱེད་ཀྱི་ལང་ཚོས་བྲིས་པའི་སྲང་ལམ་ཡོད་དོ་ཅོག
འདམ་རྫབ་ཀྱི་རྫིང་དུ་གྱུར་ནས་འདུག
ཁྱེད་ད་དུང་རང་གི་བདེ་སྡུག་ལ་མི་འཛེམ་པར།
སྙིང་ལ་ཟུག་པའི་སེམས་སྡུག་གི་ཁབ་གཙགས་ཡོད་ཚད་མུན་ནག་ཏུ་བསྐུངས་ནས།
གང་དུ་ཆས་པར་བརྩམས་ནས་ཡོད།
ངའི་ཚེ་སྲོག་གི་སྒྲོལ་མའི་སྐུ་རྟེན་ཡ།
དོ་ནུབ་ལྷོད་ཀྱིས་བཞུགས་དང་རྗེ་བཙུན་མ།
ཕྱུགས་རྫི་དང་ཞིང་ལས།
བུད་ཤིང་དང་མེ་ཐབ་ཀྱིས་གཡོགས་པའི།
ཁྱེད་ཀྱི་གཉེར་མ་དག་རེ་རེ་བཞིན་མཇལ་དུས།
ངའི་རྣམ་ཤེས་ཀྱི་སྲོག་རྩ་རེ་རེ་ནས།
སྙིང་རྗེ་དང་སྐྱོ་གདུང་འདྲེས་མའི་ཟུངས་ཁྲག་རབ་ཏུ་འཕྱུར།
ཨེ་མ། ཁྱེད་ཉིད་ངའི་དོན་དུ།
དཀའ་ཚེགས་ཀྱི་མ་ཎི་བགྲང་བགྲང་བྱས་ནའང་།
ངས་ཁྱེད་ལ་སྐོམ་པ་སེལ་བའི་ཆུ་ཞིག་འབུལ་མྱོང་མེད་ལ།
ཞིམ་པའི་ཟས་དང་དྲོ་བའི་གོས་ཕར་བཞོག
ཐ་ན་ཞབས་ཀྱི་རྡུལ་ཙམ་ཡང་འབྱིད་མྱོང་མེད།
ཀྱེ་ཧུད། ང་ནི་དེ་འདྲའི་ཐ་ཤལ་ཞིག་རེད་ཨང་།
ཁྱེད་ཀྱིས་ཨེ་དྲན་ནམ། དང་ཐོག་ངར།
ཐོས་པ་དགའ་མཐུ་སློབ་སར་བཏང་བ་ལྟར་སྐྱེལ་མ་བྱས་ཤིང་།
ང་སོང་བའི་སྐར་ཆ་རེ་རེའང་།
སེར་སྣས་ངང་སྒུག་བྱེད་ཀྱིན་པ་གསུངས་སོང་།
འོན་ཀྱང་། ད་ལྟ་ང་རྒྱང་རིང་གི་རས་པར་མ་གྱུར་ཅིང་།
ཞབས་དྲུང་གི་པེ་ཏ་ཡང་མ་ཆགས་སྔོན་ནས།
ཁྱེད་ཉིན་རེ་བཞིན་མི་རྟག་དུས་ཀྱི་མཆེ་བའི་འོག་ནས་རྒས་པ་མཐོང་དུས།
དངངས་སྐྲག་གི་ཚེར་མ་རྣོན་པོ་ཞིག་ངའི་སྙིང་ལ་གཏད་ནས།
མིག་ཟུང་ནས་མཆི་མ་ཤོར་བ་ཉུང་ཉུང་ག་ལ་ཡིན།
ང་ནི་གཡའ་དང་བཙའ་ཡིས་ཟིན་པའི།
སྐྱ་མིན་སེར་མིན་གྱི་ལན་ཆགས་ཤིག་སྟེ།
ཁྱེད་ལ་བློ་ཕམ་གྱི་རྡོག་ཁྲེས་ཁོ་ན་ལས།
དྲིན་ལན་དུ་སོང་བའི་ལས་སྐད་ཅིག་གིས་སྟོངས་ནའང་།
ཁྱེད་ད་དུང་ཤི་མ་གསོན་གྱི་དབུགས་རིང་དང་ལྷན་དུ།
རྨི་ལམ་དང་སྐྱོ་གདུང་བསྲེས་པའི་མཚན་མོ་འདིར།
ང་ལ་འཛུམ་དོན་ཅི། ངའི་སྙིང་གི་ཚི་ལུ་མ།
ཁྱེད་ད་དུང་ང་ལ་འཛུམ་དོན་ཅི་ཡིན་ནམ།