ཨ་སྔོན། (དྷ་རམ་ས་ལ།)
ཞེ་གཏིང་ནས་ཡང་ཡང་འཕྱུར་བའི་མེ་ལྕེ་འདིས། གང་ཞིག་བསྲེག་པ་དང་།
སུ་ལ་རྒོལ་བའི་འཚོལ་གཤེར་འོག ངས་ནམ་ཡང་དཔག་མ་ནུས་པའི་རུམ་ཁང་དེར།
ཤོག་དུམ་ཞིག་ལ་མཆེད་པའི་ཡུན་དུ་རྨས་མ་ང་རབ་ཏུ་འབར།
གདུང་ན་བརྩེ་སེམས་ཀྱི་རྩི་ཡིས་བརླན་རུང་།
སྡང་ན་བྱམས་ཆེན་གྱི་མཚོ་མོ་འདྲེན་མོད།
ཅི་སྟེ་ཁོ་བོའི་བློ་གྲོས་ཀྱི་མིག་ལྡོངས་པས་ལན་པ་ཞིག་ན།
ཡིད་སེམས་ཀྱི་སྒོ་མོ་ཕྱེ་ཞིང་ཁྱེད་ལ་མགྲོན་དུ་འབོད་ངེས་ཀྱང་།
ད་དུང་ཞི་མ་ནུས་པར་ཅིའི་དོན་དུ་ང་རབ་ཏུ་འབར།
འཁོན་པའི་ནད་འབུ་བསམ་ཤེས་ཀྱི་རྒོད་ལ་བཏབ་ཟིན།
སྐྱེངས་པའི་སྤྱང་ཀི་ཡངས་པའི་བློ་རྒྱ་རུ་ཚུད་ཐལ།
ཡང་སྙིང་འདས་པའི་མཐུན་སྒྲིལ་གྱི་ཤོག་རྩལ་ངོམས་ཀྱང་།
དཔྱོད་ཤེས་ཀྱི་ལྷགས་པས་ཡོངས་སུ་སྒྲིལ་དུས་ཁྱེད་ཀྱི་མདུན་སར་ང་རབ་ཏུ་འབར།
ནང་སེམས་ཀྱི་སྟོང་ཆ་ཞིག་གམ།
མ་འདྲིས་པའི་ཞིང་ས་གསོན་པོ་ཞིག་ན་གཅིག་མཐུན་གྱི་གྲོས་ཤིག་བཏབ་ཡོད་ལ།
བར་ཐག་གི་སྲད་བུ་ཡང་ཡོངས་སུ་གྲིལ་བའི་ལག་བརྡ་ཞིག་ཡང་ཡང་འཕེན་རུང་།
ངེད་གཉིས་བསྡམས་པའི་འཁྱག་རོའི་ངོགས་ལ།
སྟོན་དུས་ཀྱི་ཉི་མ་བཞིན་ང་རབ་ཏུ་འབར།
ད་ནི་རྣམ་རྟོག་གི་ལན་བུ་ཇི་ཙམ་བསླས་ཀྱང་།
སེམས་གཏིང་གི་མ་ལི་ཀས་བརྒྱན་པའི་ལྷས་མ་དེར་མ་གྱུར་པས།
རེ་འདོད་ཀྱི་མིག་རྩ་ཡོངས་སུ་ངལ་བའི་ཁོ་བོར་ནམ་ཡང་ཡལ་བར་མི་འདོར་བའི་དཔའ་མོ་འདི།
ངའི་ལུས་སེམས་ཀྱི་ཁུང་བུ་རེ་རེར་སིམ་ཞིང་བསིལ་བའི་རླུང་ཞིག་ངང་གིས་སྟེར་དུས།
ང་་་ང་་་དོ་ར་འདིར་གཏན་དུ་ཡུར་ན་འདོད།
༢༠༢༡/ᨀᨅ/ᨂᨀ