དགོན་སྡེ་རྣམས་ལ་གཏམ་དུ་བྱ་བ་བཞུགས་སོ།།

འཇམ་མགོན་མི་ཕམ་རྣམ་རྒྱལ་རྒྱ་མཚོ།

བླ་མ་འཇམ་པའི་དབྱངས་ལ་ཕྱག་འཚལ་ནས།།
འདྲིས་པའི་གྲོགས་པོ་རྣམས་ལ་འཐད་ཅིག་གླེང་།།
ཟབ་དོན་བརྗོད་ཀྱང་ཤེས་ཤིང་ཉམས་ལེན་དཀའ།།
འདི་དག་རྣམས་ལ་མི་གོ་ཅང་མཆིས་སམ།།

ཟས་མང་ཟོས་པ་མི་གཙང་ཕུང་པོར་འགྲོ།།
གསོས་པའི་ལུས་ཀྱང་རྒ་ན་འཆི་བས་འཇོམས།།
དེ་བས་འཚོ་བ་ཙམ་གྱི་ཟས་བསྟེན་ནས།།
དལ་འབྱོར་དོན་ཡོད་བགྱིས་ན་མི་འཐད་དམ།།

གཏམ་མང་སྨྲས་པས་རྣམ་གཡེང་འཁོར་ལོ་བསྐོར།།
ཆགས་སྡང་ཟ་ཟིས་རང་རྒྱུད་རྟག་ཏུ་དཀྲུགས།།
ཅི་ཙམ་སྨྲས་ཀྱང་སྙིང་པོ་ཏིལ་ཙམ་མེད།།
དོན་ཆེན་བཟླས་པར་འབད་ན་མི་འཐད་དམ།།

རྣམ་རྟོག་ཆུ་ཡི་གཉེར་མ་ཟད་མཐའ་མེད།།
རང་མགོ་རང་བསྐོར་རྨི་ལམ་ཉོ་ཚོང་འདྲ།།
དོན་མེད་ཟུག་རྔུའི་རྦ་རླབས་འདི་བཏང་ནས།།
རྩེ་གཅིག་བསམ་གཏན་བསྒོམས་ན་མི་འཐད་དམ།།

ནོར་མང་བསགས་པ་སེར་སྣ་ཕོང་སེམས་རྒྱུ།།
བསགས་དང་སྲུང་དང་བརླག་པའི་གདུང་བ་མང་།།
ཇི་ཙམ་བསགས་ཀྱང་ནམ་ཞིག་འདོར་ངེས་པས།།
ནོར་གཏང་དམ་ཆོས་སྒྲུབ་ན་མི་འཐད་དམ།།

གཉེན་མང་སྡུད་པ་སེམས་སྲུང་སོ་ཚིས་དཀའ།།
གཉེན་ཕྱིར་མྱ་ངན་ཟུག་རྔུ་སྣ་ཚོགས་འབྱུང་།།
ཅི་ཙམ་འདུས་ཀྱང་ཐ་མ་འབྲལ་བའི་རྒྱུ།།
འཁོར་སྤང་དབེན་པར་བསྡད་ན་མི་འཐད་དམ།།

གཉིད་དང་རྩེད་མོ་ཆང་དང་འཁྲིག་པ་སོགས།།
བསྟེན་ཞིང་བསྟེན་ན་ཕྱིར་ཡང་ཇེ་ཆེར་འཕེལ།།
སྤངས་ཤིང་སྤང་ན་ཇེ་བས་ཇེ་ཆུང་འགྲིབ།།
དེ་བས་རན་ཚོད་བཟུང་ན་མི་འཐད་དམ།།

འཁོར་བའི་ཕུན་ཚོགས་ཀུན་ལ་སྙིང་པོ་མེད།།
ཇི་ཙམ་འབྱོར་ཀྱང་མི་ངོམས་སྲེད་པ་འཕེལ།།
དེ་ཤེས་བྱ་བཏང་རང་སེམས་བག་ཡངས་རྣམས།།
ཚངས་དབང་འཁོར་སྒྱུར་བདེ་བ་ལས་ཀྱང་འཕགས།།

འཇིག་རྟེན་ཆོས་བརྒྱད་རོ་ལ་གཡེང་ཆེས་ན།།
བདུད་ཀྱིས་རྨོངས་བྱས་ཆོས་ཀྱི་བྱ་བ་འཆོར།།
ཚེ་འདི་གློག་གི་ཟློས་གར་ནུབ་པའི་ཚེ།།
མི་བཟད་འགྱོད་པ་དུ་མས་མདུན་ནས་བསུ།།

བཟློག་མེད་འཆི་བ་ཀུན་གྱི་ཆོས་ཉིད་ལ།།
ནམ་འཆི་ཆ་མེད་འདི་ཡང་ཀུན་ལ་ཡོད།།
ཤི་ནས་ལས་ཀྱི་རྗེས་འབྲངས་རང་དབང་མེད།།
ད་ལྟ་རང་དབང་ཡོད་དུས་མ་ལགས་སམ།།

བདག་ལ་བདག་ནི་མི་བརྩེའི་མ་སྲིད་ལ།།
བདག་བདེ་འདོད་ཕྱིར་བདེ་བའི་དོན་ཆེན་པོ།།
སྒྲུབ་པའི་ཐབས་ཀྱང་རྒྱལ་བས་བསྟན་ལགས་ན།།
ཀྱེ་མ་བག་མེད་ངང་དུ་མ་སྡོད་ཅིག།

འདུས་སྡེའི་བཅའ་ཁྲིམས་རང་དོན་མཛེས་རྒྱན་ཡིན།།
བཤེས་གཉེན་བསྟེན་པ་ལམ་གྱི་རྩ་བར་བསྔགས།།
ཡོན་ཏན་སློབ་པ་རང་ཉིད་ཕུན་ཚོགས་རྒྱུ།།
དེ་གསུམ་དང་དུ་བླང་ན་བདེ་ལེགས་འཕེལ།།

དམ་པའི་ཆོས་འདི་སྟོན་པ་མཆོག་གིས་ཀྱང་།།
སྐུ་སྲོག་ལན་མང་བཏང་ནས་བཙལ་བ་ཡིན།།
ཐོས་ན་དོན་ཆེ་འདི་དང་འདྲ་གཞན་མེད།།
ཐོས་དུས་ལེགས་པར་ཉན་ན་མི་འཐད་དམ།།

ཚེ་གཅིག་ཆོས་ལ་བརྩོན་པར་མ་ནུས་ཀྱང་།།
རྒྱལ་བའི་བསྟན་ལ་ཞུགས་པའི་དོན་སྒོ་ལ།།
མདོ་སྔགས་ལམ་གྱི་ཉམས་ལེན་སྣ་རེ་ཙམ།།
དུས་དང་རྒྱུན་དུ་ཅུང་ཟད་བརྩོན་ན་འཐད།།

མེ་སྤྲེལ་ཟླ་ ༠༢ ཚེས་ ༢༠ ལ་མི་ཕམ་པས་བྲིས་པ་མངྒལཾ།།

ཁུངས་གཏུག་སའི་ཡིག་ཆ།
ནང་བསྟན་དཔེ་ཚོགས་ལྟེ་གནས། W2DB16631 མི་ཕམ་བཀའ་འབུམ། ལྕགས་པར།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།