དཔལ་རིག་པ་འཛིན་པ་ཆེན་པོ་ཚེ་དབང་ནོར་བུའི་གསུང་མགུར་ཞལ་གདམས་ཀྱི་ཚོགས་ཇི་སྙེད་པ་བཞུགས་སོ།།

(ཚན་བཤུས།)

ཀ῝ཐོག་རིག་འཛིན་ཚེ་དབང་ནོར་བུ།

ཨེ་མ།
སྙན་གསོན་དང་ཚེ་དབང་ནོར་བུ་ལགས།།
ལུས་དལ་འབྱོར་ཐོབ་པ་ད་རེས་ཙམ།།
དེ་སྙིང་པོའི་དམ་ཆོས་མི་བརྩོན་པར།།
ལས་སྟོང་ལོག་ཕོད་དམ་སྙིང་ནས་སོམས།།

ད་ཁོ་བོའི་བསླབ་བྱ་སྙིང་ཁྲག་ཅིག།
བུ་ཁྱོད་ལ་བཤད་ཀྱི་ཡིད་ལ་ཟུངས།།
ལུས་བག་མེད་རོ་ཉལ་བྱས་པ་འདི།།
ཆོས་ཐར་པའི་དགྲ་བོ་འདི་བས་སུ།།

ཚིག་བསྟོད་སྙན་དཀོར་གྱི་འདུ་ལོང་འདི།།
ལམ་དཀར་པོའི་ལམ་གེགས་འདི་བས་སུ།།
ཚེ་འདི་སྣང་ཁེངས་དྲེགས་ཆོས་བཤད་འདི།།
ལས་ལོག་པའི་གཡང་ས་འདི་བས་སུ།།

རང་སྐྱིད་འདོད་ཞེན་པ་ཆེ་བ་འདི།།
ཚེ་སྟོང་ཟད་བདེ་དབྱེན་འདི་བས་སུ།།
སེམས་ཕྱོགས་འཛིན་ཆགས་སྡང་སྣང་བ་འདི།།
དམྱལ་སྡུག་བསྔལ་ས་བོན་འདི་བས་སུ།།
རང་སེམས་རྒྱུད་མ་དུལ་ཁེངས་པ་འདི།།
དགེ་ས་བོན་བསྲེག་མེ་འདི་བས་སུ།།

གཞན་རྣམས་ལ་ཟུར་ཟ་ཕྲག་དོག་འདི།།
གཏན་བྱུས་ཕུང་བྱུར་སྲི་འདི་བས་སུ།།
གྲོགས་འཁོར་ལ་ཞེན་པ་སྐྱེ་བ་འདི།།
མཆོག་བསྒྲུབ་ལ་བར་ཆད་འདི་བས་སུ།།
ཇ་ཤ་ཆང་ཞིམ་ཟས་སྲེད་པ་འདི།།

གནས་དབེན་འཇོམས་ཇག་པ་འདི་བས་སུ།།
སྨན་ཤར་མཛེས་གཟུགས་ལ་ཆགས་པ་འདི།།
མར་འཐེན་པའི་གཏིང་རྡོ་འདི་བས་སུ།།
ནོར་ཟང་ཟིང་གསོག་འདོད་འཛིན་པ་འདི།།

བདེ་བཅོམ་པའི་ཆོམ་པོ་འདི་བས་སུ།།
ཆོས་བཤད་མཁས་རང་རྒྱུད་མ་དུལ་འདི།།
རང་རང་གིས་མགོ་སྐོར་འདི་བས་སུ།།
ཚིག་སྙན་སྙན་གནད་ཐོག་མ་ཁེལ་འདི།།

དོན་སྟོང་ལས་མདོ་མེད་འདི་བས་སུ།།
ཆོས་སང་བྱེད་གནངས་བྱེད་བཤོལ་བ་འདི།།
བདུད་ནག་པོའི་བསླུ་བ་འདི་བས་སུ།།
གཞན་ངོ་བསྲུང་རང་དབང་མ་ཐོབ་འདི།།

རང་རང་འཆིང་ཞགས་པ་འདི་བས་སུ།།
ཁ་ཆལ་ཆོལ་བྲེ་མོ་རྩེ་དགའ་འདི།།
འཕགས་ནོར་འཕྲོག་རྐུན་མ་འདི་བས་སུ།།
སེམས་ངང་ཐུང་ཁོང་ཁྲོ་སྐྱེ་བ་འདི།།
བཟོད་འཇིག་བྱེད་ཕུང་འདྲེ་འདི་བས་སུ།།

དེ་ཀུན་ནི་ཆོས་ཀྱི་དགྲ་བོ་སྟེ།།
དགྲ་དེ་ཚོས་འཕྲལ་དུ་འཕེན་པ་ལྟར།།
ཁྱོད་མགོ་བོ་བསྐོར་བ་མ་ཤེས་ཏེ།།
དབང་དེ་ལ་སོང་བ་ཡ་རེ་ང་།།

ད་མི་རྟག་ཆོས་ཀྱི་བྱ་བྱུང་བས།།
དགྲ་དེ་དག་ལག་ནས་ཐར་ཙམ་ཞིག།
དུས་ད་ལྟ་འབད་ན་རན་ཏེ་གདའ།།
དུས་ད་ལྟ་ཉིད་ལ་མ་འབད་ན།།

ལས་སྡུག་བསྔལ་རྒྱ་མཚོའི་བཙོན་དོང་དུ།།
ལམ་ཡང་ཡང་འཁོར་བའི་ཞགས་པས་བསྡམས།།
རང་བྱ་བྱས་མཚོན་ཆས་གློ་སྙིང་འབིགས།།
སྐྱབས་མགོན་མེད་གྱུར་ཚེ་ཅི་དྲག་ཕྱིས།།

དོན་དེ་བས་ད་ལྟ་བྲོས་ན་ཐར།།
གནས་རི་སུལ་དབེན་པའི་བཙན་རྫོངས་སུ།།
ཁོང་སྐྱབས་གཅིག་མཚན་ལྡན་བླ་མ་བཞུགས།།
དགྲ་འཁོར་བ་འཇོམས་པའི་མཚོན་ཆ་ཡོད།།

རྐྱེན་དུག་ལྔ་ཞི་བའི་བདུད་རྩི་ཡོད།།
སེམས་སྡུག་བསྔལ་ཞི་བའི་དཔའ་བོ་མཆིས།།
དཔུང་ཉོན་མོངས་བཅོམ་པའི་གོ་ཡང་བཙན།།
གནས་དེ་རུ་བྲོས་ན་དེ་ནས་ཐར།།

བུ་ཁྱོད་ཀྱིས་ང་ཡི་ཚིག་ཉན་ན།།
དུས་ད་ལྟ་འཆི་བ་སྒྲུབ་རེ་རན།།
འཆི་ཐོག་བབས་ནམ་ཡོང་ཆ་མེད་ཀྱིས།།
དེ་དུས་སུ་འགྱོད་མེད་དེང་མཛད་འཚལ།།

ཁུངས་གཏུག་སའི་ཡིག་ཆ།
ཀ῝ཐོག་རིག་འཛིན་ཚེ་དབང་ནོར་བུའི་གསུང་འབུམ། དཔེ་རིང་ཤོག་གྲངས། ༢༠
སིམ་ལ་པར་མ། དབུ་མེད་བྲིས་མ། དཔེ་རིང་། 1976 _1977

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།