ལོ་རིམ་བདུན་པའི་སློབ་གཉེར་བ། ངག་དབང་བློ་གྲོས།
ཨི་མིང་ཅན་གྱི་རིགས་སུ་མ་སྐྱེས།།
ཨུ་དུམ་ཝ་རའི་ཚལ་དུ་སྐྱེས་པ།།
ཨེ་མ་བདག་ཅག་སྐལ་ལྡན་བུ་ལ།།
ཨོ་རྒྱན་པདྨས་བྱིན་གྱིས་རློབས་ཤིག།
ཀ་ཁ་ག་ངའི་དབྱངས་རྟའི་ཁྲོད་ནས།།
ཁ་བ་བོད་རྒྱུད་ནང་བསྟན་གཞུང་ལ།།
ག་ལེར་ཐོས་བསམ་སྒྲོ་འདོགས་གཅོད་འདི།།
ང་དང་ཁྱེད་ཀྱི་མདུན་ལམ་བཟང་ངོ་།།
ཅ་ཟིང་འཁོར་བའི་ཁྱིམ་ནས་བྲོས་ཤིང་།།
ཆ་འཇོག་དགོན་པའི་སྒྲིག་ལ་ཞུགས་ཏེ།།
ཇ་ཐང་མདོག་གི་ལྭ་བ་ཀླུབ་འདི།།
ཉ་མོ་གྲྭ་བཙུན་འདི་ཕྱི་སྐྱིད་དོ།།
ཏ་ལེར་མཆོག་གསུམ་རྟག་ཏུ་དྲན་ཅིང་།།
ཐ་མལ་སྒོ་གསུམ་ཉེས་སྤྱོད་སྡོམ་བྱེད།།
ད་ཆོག་སོར་སྡོམ་རྒྱུད་ལ་མངའ་འདི།།
ན་གཞོན་ང་ཚོ་གཟི་བརྗིད་ཆེ་འོ།།
པ་སངས་ལྷ་མོས་བསླུ་བྲིད་མ་བྱས།།
ཕ་གཅིག་སྟོན་པའི་ལུང་རིགས་བདུད་རྩི།།
བ་གྲུས་འོ་ལྟར་རིག་པས་འཐུང་འདི།།
མ་བོས་མགྲོན་པོ་སྐལ་བ་བཟང་ངོ་།།
ཙནྡན་ནགས་རླུང་འཁྲིགས་པའི་ལྷོ་ཕྱོགས།།
ཚ་གྲང་སྙོམས་པས་ལུས་བདེ་སེམས་སྐྱིད།།
ཛ་དྲག་འར་འུར་སློབ་གཉེར་འབུངས་འདི།།
ཝ་སྐྱེས་ཚོགས་ལས་རྣམ་པར་འཕགས་སོ།།
ཞ་བོ་འོན་ལྐུགས་རིགས་སུ་མ་སྐྱེས།།
ཟ་ཚོ་བུ་ཕྲུག་སྐྱོང་དགོས་མེད་པར།།
འ་ཅག་སྟོན་པའི་རྣམ་ཐར་སྙེག་འདི།།
ཡ་གི་དཔོན་ལས་ང་ཅག་བདེ་འོ།།
ར་བ་འདུལ་ཁྲིམས་ལྕགས་རི་མཛེས་ལ།།
ལ་རྒྱའི་བསླབ་གསུམ་ནོར་བུས་ཕྱུག་ཅིང་།།
ཤཱཀྱ་ཐུབ་པའི་རྗེས་སུ་འབྲང་འདི།།
ས་ས་སོ་སོའི་རང་དབང་རེད་དོ།།
ཧ་ཅང་རྙེད་དཀའ་དལ་འབྱོར་ལུས་འདི།།
ཨ་རི་སོགས་ཀྱི་བྲན་གཡོག་མ་གྱུར།།
ཧ་ཅང་འཕྲད་དཀའི་བླ་མ་མཇལ་འདི།།
ཨ་ནེ་གྲྭ་པའི་བསོད་ནམས་ཡིན་ནོ།།
མདོར་ན་ཡུལ་དུས་གང་ལ་བལྟས་ཀྱང་།།
གྲྭ་བཙུན་མི་ཚེ་བདེ་ཞིང་སྐྱིད་དེ།།
ཚེ་འདིའི་ལྟོ་གོས་རྩོལ་སྒྲུབ་མེད་ལ།།
ཕྱི་མའི་ལམ་རྒྱགས་ལག་ཏུ་ཡོད་དོ།།