བསྟོད་པ་དབྱངས་ཅན་དགྱེས་པའི་མཆོད་སྤྲིན།

ལོ་རིམ་ལྔ་པའི་སློབ་གཉེར་བ། ཤེས་རབ་བསྟན་འཛིན།

རབ་མཛེས་རྣམ་པར་བཀྲ་བའི་ལྗོན་པའི་སྐུ།།
འགག་མེད་གསུང་གི་བདུད་རྩི་ཆར་དུ་བསྙིལ།།
གཡོ་མེད་ལྷུན་པོ་ལྟ་བུའི་ཐུགས་རྗེའི་གཏེར།།
དབྱངས་ཅན་ལྷ་མོའི་སྐུ་གསུང་ཐུགས་ལ་འདུད།།

སྐྱེ་མེད་ཆོས་སྐུའི་དབྱིངས་ཀྱི་ཕོ་བྲང་ནས།།
འགག་མེད་རོལ་གར་ཤར་བའི་གཟི་བརྗིད་ཀྱིས།།
སྣ་ཚོགས་ཅི་ཡང་ངོམས་པའི་བཀྲག་མདངས་འདི།།
ཚངས་དབྱངས་ལྷ་མོའི་མཛེས་སྡུག་དཔལ་དུ་འཆར།།

རིན་ཆེན་དར་ཟབ་གོས་ཀྱིས་སྐུ་ལ་དཀྲིས།།
མཛེས་འཛུམ་ཞལ་གྱི་འོད་ཟེར་ཕྲེང་བ་བསྟར།།
འཇའ་ཚོན་སྣ་ལྔས་བརྒྱན་པའི་མདངས་བཀྲ་བ།།
མི་འགྱུར་དབྱིངས་ཀྱི་ཀློང་ནས་འཛུམ་གྱིས་བཞད།།

ལང་ཚོ་དཔྱིད་ཀྱི་འདབ་སྟོང་བཞད་པ་ལ།།
དགྱེས་པའི་ཞལ་གྱི་འོད་ཟེར་གུར་ཁྱིམ་ཕུབ།།
དགོད་པའི་མཚར་སྡུག་ཉམས་ཀྱི་རྣམ་འགྱུར་ཡང་།།
སྲིད་ན་བདེ་བའི་མཆོག་གི་དཔལ་དུ་གྱུར།།

གཞོན་ནུ་སྨྲ་བའི་ཉི་མ་འཆར་བ་ན།།
ནག་ནོག་མུན་པ་སྟུག་པོ་དབྱིངས་སུ་ནུབ།།
དབྱངས་སྙན་སྒྲོག་པས་རི་དྭགས་རྣ་བའི་དབང་།།
གླིང་བུའི་སྒྲ་ལ་ཞེན་པའི་འཁྲུལ་པ་སད།།

ལང་ཚོ་རྒྱས་པའི་སྒྱུ་རྩལ་ངོམ་པའི་སྟེང་།།
འོད་དཀར་ཟླ་བའི་བཞིན་རས་དགྱེས་པར་མཛད།།
འཇམ་མཉེན་པུཎྜ་རི་ཀའི་མཚོ་བྱུང་མ།།
མི་འཕྲོག་ཤེས་རབ་མཆོག་སྩོལ་གང་དེ་རྨད།།

རབ་དམར་མཆུ་སྒྲོས་འདབ་སྟོང་བཞད་པའི་དབུས།།
གངས་རིའི་ཚེམས་ཕྲེང་དཀར་པོ་ཚར་དུ་དངར།།
དྲི་བསུང་ཀུན་ཏུ་འཐུལ་བའི་ཞལ་འཛུམ་ཞིང་།།
མཛེས་པའི་གེ་སར་ལྷུག་པོར་ངོམ་པར་བྱེད།།

བཅུ་དྲུག་ལང་ཚོ་ངོམ་པའི་མཛེས་སྡུག་མ།།
བཞིན་མཛེས་ཟླ་བའི་དཀྱིལ་འཁོར་འོད་ཀྱིས་ཁེངས།།
དཀྱུས་རིང་མིག་ཟུང་ཨུཏྤལ་ལྟར་གཡོ་བའི།།
ཀུན་ཡིད་དགྱེས་པའི་མཚར་སྡུག་དཔལ་དུ་མཆིས།།

ཉི་ཟླ་པདྨའི་གདན་སྟེང་ཡངས་པོ་རུ།།
ལྭ་བ་དར་དཀར་སྣ་ལྔས་རྒྱན་དུ་བཀླུབས།།
འོད་ལྔའི་མདངས་ལྡན་མཛེས་པའི་ཡིད་འོང་མ།།
སྟངས་སྟབས་གར་གྱི་ལྡེམ་མྱུར་མཛེས་ཤིང་སྡུག།

འཇམ་མཉེན་ཕྱག་གིས་པི་ཝང་རོལ་མོ་འཁྲོལ།།
སྟ་ཟུར་སྐེད་པ་ལྡེམ་ལྡེམ་གར་དུ་བསྒྱུར།།
སྙན་པའི་གསུང་དབྱངས་གདངས་སུ་གྱེར་བ་ཡིས།།
ཆོས་ཀྱི་བདུད་རྩིའི་ཟེགས་མ་ཆར་དུ་ཕབ།།

ཞི་སྐུ་མངོན་པར་བརྗིད་པའི་རི་རྒྱལ་བཞིན།།
དམ་ཆོས་སྒོ་མོ་འབྱེད་པའི་ཞལ་འཛུམ་ནས།།
སྒྲ་དབྱངས་སྙན་པོས་དབྱར་རྔ་སྒྲོག་པ་ན།།
ནེའུ་གསིང་གསར་པའི་བུང་བ་དབང་མེད་འཁོར།།

ཚངས་སྲས་ཐུགས་རྗེའི་སྣང་བ་རབ་རྒྱས་ཏེ།།
བདག་བློ་ཟུམ་པའི་འདབ་མ་ཁ་འབྱེད་ཅིང་།།
མི་འཇིགས་སྤོབས་པའི་སྣང་བ་རྒྱས་གྱུར་ཏེ།།
སྡེབ་སྦྱོར་སྙན་པའི་དངོས་གྲུབ་སྩལ་དུ་གསོལ།།

མཛེས་པའི་མདངས་ཀྱིས་ཕྱུག་པའི་ལུས་ཕྲ་མ།།
དཀར་དམར་འོད་ཀྱི་དྲ་བའི་ཕྲེང་བ་བསྟར།།
གཞོན་ནུའི་ཡིད་དབང་གཅིག་ཆར་འཕྲོག་པ་མོ།།
འཇམ་མཉེན་བདེ་བའི་རེག་བྱ་མཆོག་ཏུ་སྟེར།།

ཡངས་ཤིང་མངོན་པར་མཐོ་བའི་གོ་ལའི་ཁྱོན།།
རབ་མཛེས་རྣམ་པར་བཀྲ་བའི་གང་གི་སྐུ།།
གཟི་བརྗིད་ཉིན་མོར་འཕྲོ་བའི་འོད་སྣང་གིས།།
རྫོགས་ལྡན་དཔལ་གྱི་ལྷ་མོ་ཁྱེད་ཉིད་མཚོན།།

དེ་ལྟར་བསྟོད་ཚོགས་བགྱིས་པའི་བསོད་ནམས་ཀྱིས།།
འགྲོ་བའི་བློ་གྲོས་ཕུན་ཚོགས་རབ་ཏུ་རྒྱས།།
སྙན་ངག་དབྱངས་ཀྱི་མགྲིན་པར་ལོངས་སྤྱད་ཅིང་།།
དབྱངས་ཅན་མཆོག་གི་གོ་འཕང་མྱུར་འཐོབ་ཤོག།
༢༠༢༡/༠༥/༢༣

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།