གློ་བོ་ལྷུན་གྲུབ། (བལ་ཡུལ།)
སྙན་པོ་མེད་ནའང་ཉོན་དང་།
མ་ཡི་མངལ་གྱི་དྲོད་དེ་ཡལ་བ་ནས།།
བྱིས་པའི་རང་བཞིན་དྭངས་མ་ཡིན་པ་ལ།།
མི་གཤིས་ཟེར་བའི་རི་མོ་བྲིས་བྲིས་ནས།།
ཕྲུ་གུའི་སེམས་པར་བཙོག་པ་དོར་དེ་སྐྱོ།།
འདོད་པའི་བདེ་བ་ཤེས་པའི་ཁ་སང་ནས།།
འཇའ་དང་མེ་ཏོག་གསེབ་ནས་བརྩེ་དུང་བཙལ།།
ཤོར་དང་ཐོབ་པའི་དོགས་པས་བསླུས་བསླུས་ནས།།
ལོ་ཆུང་མང་པོའི་མི་ཚེ་འཛད་དེ་ཕངས།།
སྤྱི་ཚོགས་ངོ་བོ་ནམ་ཞིག་ཤེས་པ་ན།།
མདུན་ལམ་ཟེར་བའི་ཐ་སྙད་ཅིག་ལ་ཐོག།
ཐོབ་དང་གོ་སའི་རྗེས་སུ་བསྙེགས་བསྙེགས་ནས།།
དར་མའི་འགུལ་སྐྱོད་ཆོ་མེད་ཡལ་འདི་སྐྱོ།།
མི་ཚེའི་ཉི་མ་ནུབ་ལ་ཉེ་བ་ན།།
འཆི་བ་ཟེར་བའི་སང་ཉིན་ཞིག་ལ་འཇིགས།།
ནམ་ཞིག་དབུགས་ཀྱི་རྒྱུ་བ་འགགས་པ་དང་།།
རྒས་འཁོགས་དག་གིས་རྫོགས་ཚིག་བརྒྱབ་དེ་མཚར།།
༢༠༢༡/༢/༢༡