ཆུ།

ཀུན་གྲུབ་ཚེ་རིང་། (བོད།)

མཐའ་མེད་ཆུ་གཏེར་ཞལ་གྱི་རླངས་པ་གྱེན་དུ་འཕྱུར་བའི་ཆུ་འཛིན་ཉིད།།
རླུང་གི་བུ་མོས་ཡང་ཡང་དཀྲུགས་ཏེ་ཕྱོགས་བཞིར་བསྐྱོད་པའི་མཁའ་དབྱིངས་ནས།།
ཉི་མའི་འོད་ཀྱིས་ཆུ་རུ་བསྒྱུར་བའི་དྭངས་པའི་ཆུ་རྡུལ་ཁྲི་མ་འབུམ།།
བརླན་གཤེར་ཉིད་གྱུར་མཁའ་ནས་ཟགས་ཏེ་ནགས་དང་ལྗོན་པའི་རྩེ་རུ་འཐོར།།
དེ་ཚེ་རྐང་ཐུང་འདབ་མའི་ཚོགས་ཀྱིས་དགའ་བའི་གར་སྟབས་འཁྲབ་བཞིན་དུ།།
ལོ་མ་རེ་རེའི་ཆུ་ཐིགས་འཐུང་བཞིན་ལྗང་མདོག་ལྗོན་པའི་འདབ་མ་དག།
རླུང་གིས་གཡོ་བའི་རྔ་གཡབ་ཇི་བཞིན་རི་སྐྱེས་བུ་མོ་ཚོགས་རྣམས་ལ།།
རེག་བྱ་བསིལ་བྱིན་དྲི་བསུང་འཐོར་ནས་ལང་ཚོ་འགའ་ཡང་ཟས་སུ་ཕུལ།།
དེ་ལྟར་དབྱིངས་ནས་དལ་གྱིས་འཐོར་བའི་སྤྲིན་གྱི་མེ་ཏོག་ཁྲི་འབུམ་ཡང་།།
ས་ལ་ཟགས་རྗེས་རི་རྩེ་དག་ནས་ཁ་བའི་རྡུལ་དང་འདྲེས་བཞིན་དུ།།
རི་ལུང་གཤོང་དང་ན་ཐང་སྤང་ནས་རིམ་བཞིན་ནོར་འཛིན་ཨ་མའི་ལུས།།
མངལ་དུ་སྦྲུམ་སྟེ་ལོ་ཟླ་འདས་རྗེས་མཐའ་མེད་རྒྱ་མཚོའི་ནང་དུ་འཁྲུངས།།
དེ་ལྟར་རྒྱ་མཚོའི་ཞལ་གྱི་རླངས་པ་གྱེན་དུ་འཕྱུར་བའི་ཆུ་རྡུལ་དེ།།
སྐྱེ་ཁམས་མ་ལག་རྟེན་འབྲེལ་འཁོར་བའི་རང་གཤིས་སྲིད་པའི་འཁོར་ལོ་ཡིས།།
མཐོ་བའི་མཁའ་ནས་དམའ་མོའི་རྒྱ་མཚོར་ལན་གྲངས་བར་མེད་འཁོར་བའི་བར།།
རྒྱ་མཚོའི་རླངས་པ་སྤྲིན་དང་སྦྲང་ཆར་གཙང་པོ་ཆུ་ཕྲན་རྣམས་ཀྱང་དར།།
སྤྲིན་ལས་བྱུང་བའི་གངས་ཆར་དེ་རྣམས་རིམ་བཞིན་ཞུ་ནས་ཐིམ་པ་ཡི།།
ས་གཞིའི་གསེང་ནས་དལ་གྱིས་རྡོལ་བའི་རྫ་ཆུ་གངས་ཆུ་ཕུ་ཆུ་རྣམས།།
བྲག་གི་གསེང་དང་བྱེ་རྡུལ་ནང་ནས་བརྟོལ་ཏེ་རྒྱང་དུ་བསྐྱོད་ན་ཡང་།།
རྙོག་པས་མ་གོས་དྭངས་བསིལ་བརྒྱད་ལྡན་རབ་ཏུ་གཙང་བ་ཨེ་མ་རྨད།།
མེ་ཏོག་སྣ་ཚོགས་ལུས་ཀྱིས་གསོ་བཞིན་རྩྭ་ལྗང་དེ་ཡང་གཅེས་ཤིང་སྐྱོང་།།
ཁམ་བུའི་ཤིང་དང་དཔྱིད་འཁྲུངས་མེ་ཏོག་ཁྱོད་མེད་པས་ན་མི་འབྱུང་ལ།།
སྨྲ་བར་མཁས་པའི་རྐང་གཉིས་རྣམས་དང་ས་ཆེན་གོ་ལ་འདི་དག་ཀྱང་།།
བརླན་གཤེར་གཙང་མའི་ཆུ་ཡིས་བྱིན་པ་ད་ལྟ་མིག་མཐོང་ལག་ཟིན་དངོས།།
ཁྱོད་ཀྱིས་འཁྱུག་པའི་གཤོག་ཟུང་ནང་ནས་གསེར་གྱི་ཉ་མོ་འཁྱུག་བཞིན་ཡོད།།
ཁྱོད་ཉིད་བཞུད་པའི་རྐང་རྗེས་འགྲམ་དུ་མེ་ཏོག་ཚལ་ཆེན་སྐྲུན་བཞིན་ཡོད།།
ཁྱོད་རྡུལ་ཟེགས་མ་རེ་རེའི་ནུས་པས་ཡིད་ཅན་གྲངས་མེད་བདེ་བཞིན་ཡོད།།
ཨེ་མ་ཡིད་ཀྱི་མཛའ་མོ་འཕྲོག་པའི་ཆུ་བོ་ཁྱོད་ཉིད་བདག་གི་གྲོགས།།
འགྲེང་བ་མེད་པར་གཏན་དུ་ཉལ་རུང་མཐའ་མེད་བསྐྱོད་པའི་གོམ་འགྲོས་ཅན།།
སྨྲ་བའི་རོ་འཛིན་ལྡན་པ་མེད་རུང་དབྱངས་ཀྱི་སྒྲ་དབྱངས་ཤག་ཤག་སྙན།།
ས་གཞི་འདི་ནས་དམན་ས་འཛིན་ཏེ་དམའ་ས་དམའ་ནས་བཞུད་ན་ཡང་།།
སྐྱེ་དངོས་ཀུན་ཀྱི་གྲོགས་སུ་གྱུར་ཏེ་ཁྱོད་ནི་ཀུན་ཀྱི་མཆོག་ཏུ་གྱུར།།
སྐྱེ་དངོས་རྙིང་པ་རྒྱང་དུ་སྐྱེལ་བཞིན་སྐད་ཅིག་དལ་མེད་རྒྱུ་ན་ཡང་།།
ཁྲོ་བ་མེད་པར་སྐྱེ་དངོས་ཀུན་ལ་ཞབས་ཞུ་སྐྲུན་བཞིན་ངལ་མེད་ཆས།།
མི་དང་འགྲོ་བའི་སྲོག་ཆགས་ཚོགས་ཀྱིས་རྐང་པའི་རྡུལ་རྣམས་བཀྲུས་ན་ཡང་།།
དེ་ལ་དགའ་བའི་འཛུམ་དཀར་སྟོན་བཞིན་ལུས་ཟུང་སྦྱིན་པའི་བྱམས་ལྡན་མ།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།