ལོ་རིམ་བཞི་པའི་སློབ་གཉེར་བ། ཨོ་རྒྱན་བསྟན་འཛིན།
མི༌ཚོགས༌མང༌པོ༌འདུས༌པའི༌སྲང༌ལམ༌བར༌ནས།།
འཁྱར་འཁྱོར་གོམ་སྟབས་ཞན་པའི་ཉམ་ཆུང་རྒས་པོས།།
གར་འགྲོའི་ལམ་བུ་མ་ཤེས་མགོ་ཡུ་འཁོར་ཡང་།།
གཞན་ཕན་བརྩེ་བས་སྐྱོང་བའི་གཤིས་བཟང་དཀོན་རེད།།
དཔའ༌བློ༌འཇོན༌ཐང༌ལྡན༌པའི༌གྲགས༌ཅན༌ཕོ༌རྒོད༎
དགྲ༌འདུལ༌གཉེན༌སྐྱོང༌སྐེད༌པར༌རལ༌གྲི༌ཅན༌པོ༎
ནུས༌མེད༌རང༌ཁྱིམ༌ཐབ་ཕུགས༌གོ༌ཁར༌ལྷུང༌དུས༎
ཉེ་རིང་གྲོགས་པོ་ཟེར་བ་ཤིན་ཏུ་དཀོན་རེད།།
ནོར་ལུག་བརྒྱ་ཕྲག་མང་པོའི་མཐའ་ནས་སྲུང་ཞིང་།།
སྨག་ནག་གྲང་རླུང་ཁྲོད་དུ༌ངར་ཞིང་ཟུག་སྟེ།།
རྐུན་ཇག་དགྲ་བོའི་གནོད་པ་རྒྱང་ནས་འགོག་པའི།།
ཁྱི་བཟང་སྒོ་ཁར་ལྷུང་དུས་ཟ་མ་དཀོན་རེད།།
ཡུལ་གྲུ་གང་དུ་ཆས་ཀྱང་རླུང་ལྟར་མགྱོགས་ལ།།
ཇི་ཙམ་རྒྱུགས་པ་དེ་ཚོད་སྤྲོ་སྣང༌སྦྱིན་པའི།།
རིན་ལྡན་ལས་ཀྱིས་བསྐོས་པའི་འདོ་རིགས་རྟ་མཆོག།
ཉེར༌གཅིག༌འཕྲུལ༌རྟའི༌དུས༌འདིར༌བདག༌པོ༌དཀོན༌རེད༎
ཡིད༌འོང༌ལྟ༌ན༌སྡུག༌པའི༌ཀུན༌དགའ༌ར༌བར༎
སྣ༌ཚོགས༌དྲི༌བཟང༌མེ༌ཏོག༌དཀར༌སེར༌དམར༌ལྗང༌༎
རིམ༌པས༌དུས༌བཞིའི༌འགྱུར༌འགྲོས༌སད༌ཀྱིས༌བཅོམ༌དུས༎
བཅུད༌ལེན༌བུང༌བ༌དེ༌ཚོས༌ཕྱིར༌མིག༌དཀོན༌རེད༎
དབྱར་གསུམ་སྤང་ལྗོངས་སྟེང་ན་རྩི་བཅུད་རོལ་ཞིང་།།
བཅུད་ལྡན་འོ་ཞོ་སྦྱིན་པའི་འབྲི་མོའི་ཚོགས་རྣམས།།
བཀའ་དྲིན་ཆེ་ཡང་ཤོག་སྒོར་དམར་པོར་དགའ་བའི།།
ཨ་ཁུ་འབྲོག་པས་ཚེ་ཐར་གཏོང་བ་དཀོན་རེད།།
ཕུན་ཚོགས་དཔལ་གྱིས་ཕྱུག་པའི་འཛམ་བུའི་གླིང་དུ།།
དལ༌འབྱོར༌ལུས༌སྦྱིན༌བརྩེ༌བས༌རབ༌ཏུ༌སྐྱོང༌མཁན༎
དྲིན༌ཆེན༌ཕ༌མ༌རྒས༌ཤིང༌མལ༌སར༌ལྷུང༌དུས༎
དྲིན༌ལན༌འཇལ༌མཁན༌བུ༌ཕྲུག༌བཟང༌པོ༌དཀོན༌རེད༎
དེ༌རིང༌དཀར༌ནག༌ལས༌འབྲས༌བདེ༌སྡུག༌རྣམ༌གཞག།
ཕར༌བཤད༌ལྕེ༌བརྒྱར༌སྤྲུལ༌ལ༌ངལ༌མེད༌མཁས༌ཀྱང་།།
སང༌ཉིན༌རང༌ཁེ༌རྩྭ༌རྩེའི༌ཟིལ༌པ༌ཙམ༌ལ༎
ལས་འབྲས་ཨ་མའི་འཛུམ་མདངས་དྲན་མཁན་དཀོན་རེད།།