ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ།
ཡང་སྟོན་པ་འོད་མའི་ཚལ་ན་བཞུགས་པའི་ཚེ། ལྷས་བྱིན་གྱིས་བསྐུལ་ནས། རྒྱལ་པོ་མ་སྐྱེས་དགྲས་རྒྱལ་པོའི་ཁབ་ཀྱི་མི་རྣམས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འགྲོ་བ་དང་བསོད་སྙོམས་འབུལ་དུ་མི་ཆོག་པའི་ཁྲིམས་བཅས་པས། དགེ་བསྙེན་དད་པ་ཅན་རྣམས་མྱ་ངན་གྱིས་ནོན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་གསོལ་བས། བཀའ་སྩལ་པ། འདི་ལ་དེ་བཞིན་གཤེགས་པ་ཉིད་དུས་མཁྱེན་གྱིས་ཁྱོད་སྙིང་མ་ཆུང་ཞིག
གཞན་ཡང་ངའི་བསྟན་པ་ཇི་སྲིད་ཡོད་ཀྱི་བར་དུ་ཡང་ཉན་ཐོས་རྣམས་ཀྱི་ཡོ་བྱད་མེད་པར་མི་འགྱུར་ན་ད་ལྟར་ལྟ་ཅི་སྨོས། དེར་བརྒྱ་བྱིན་ལྷའི་དབང་པོས་སྐབས་དེ་ལྟར་གྱུར་པར་རིག་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལྷགས་ཏེ་ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་བྱ་བར་ཞུས་པས། བཀའ་སྩལ་པ། ཀཽ་ཤི་ཀ་འཇིག་རྟེན་ན་བསོད་ནམས་འདོད་པ་མང་གིས་འདི་ལྟར་ང་ལ་སེམས་དད་པར་བྱས་པ་ཉིད་ཀྱིས་ཆོག་གོ །དེ་ནས་བརྒྱ་བྱིན་གྱིས་ལོ་ལྔའི་བར་དུ་ཞུས་ཀྱང་སྔར་ལྟར་གསུངས་ཤིང་། དེ་ནས་དགུང་ལྔར་ཞུས་པས་གནང་སྟེ། བརྒྱ་བྱིན་གྱིས་འོད་མའི་ཚལ་དེ་ཁང་བཟང་རྣམ་པར་རྒྱལ་བྱེད་དང་འདྲ་བར་བསྟན་ཏེ་ལྷའི་གདན་ཆ་རྣམས་དང་། ལྷའི་རྫིང་བུ་དང་། ལྷའི་བདུད་རྩིའི་ཞལ་ཟས་དག་ཀྱང་བསྟན་ཏེ། ལྷ་འབུམ་ཕྲག་དུ་མའི་འཁོར་དང་བཅས་ཏེ་འོངས་ནས་མངོན་པར་མཆོད་ཅིང་ཆོས་ཉན་པར་བྱས་སོ། །དེར་རྒྱལ་པོ་མ་སྐྱེས་དགྲ་ཁང་བཟང་གི་སྟེང་ན་འཁོད་པས་མཐོང་ནས་འགྱོད་པ་སྐྱེས་ཏེ་དད་པར་གྱུར་ཅིང་འཁོར་རྣམས་ཀྱིས་ཀྱང་གསོལ་བས། རྒྱལ་པོ་མ་སྐྱེས་དགྲས་ནང་ཁྲིམས་བཤིགས་ཏེ་ཐམས་ཅད་ལ་དྲིལ་བསྒྲགས་ནས་བཅོམ་ལྡན་འདས་ལ་བཀུར་སྟི་ཅི་དགའ་བ་གྱིས་ཤིག་ཅེས་བྱས་པས། སྐྱེ་བོ་དཔག་ཏུ་མེད་པ་འདུས་ནས་ལྷ་མི་ཐམས་ཅད་ཀྱིས་མཆོད་ཅིང་བཀུར་སྟི་ཆེན་པོ་བྱས་སོ། །དེར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པས་ལྷ་དང་མི་དུ་མས་བདེན་པ་མཐོང་ངོ་། །དེའི་ཚེ་དགེ་སློང་རྣམས་ངོ་མཚར་དུ་གྱུར་པ་ན། སྔོན་འདས་དུས་སངས་རྒྱས་རིན་པོ་ཆེའི་རི་བོ་ཞེས་བྱ་བ་འཇིག་རྟེན་དུ་བྱོན་པའི་ཚེ། བཅོམ་ལྡན་འདས་ཉིད་ཡུལ་དེའི་རྒྱལ་པོ་རྒྱལ་རིགས་ཀྱི་སྤྱི་བོ་ནས་དབང་བསྐུར་བ་ཞིག་ཏུ་འཁྲུངས་ཏེ། དེའི་ཚེ་རྒྱལ་པོའི་ཕོ་བྲང་གི་འཁོར་དེ་ན་ཡམས་ཀྱི་ནད་བྱུང་བས། དེ་ཞི་བའི་ཕྱིར་རྒྱལ་པོ་དེས་སངས་རྒྱས་འཁོར་དང་བཅས་པ་ཟླ་བ་གསུམ་གྱི་བར་དུ་གདུགས་ཚོད་ལ་སྤྱན་དྲངས་པས། ཟླ་བ་གསུམ་ནས་ནད་ཡམས་རྒྱུན་ཆད་པས་རྒྱལ་པོ་དང་གྲོང་ཁྱེར་གྱི་མི་རྣམས་སེམས་དད་པར་གྱུར་ནས་སངས་རྒྱས་འཁོར་དང་བཅས་པ་ལ་ལོ་ལྔའི་བར་དུ་དགའ་སྟོན་བྱས་སོ། །རྒྱུ་དེས་འཁོར་བར་བདེ་བ་ཆེན་པོ་ཉམས་སུ་མྱོང་ཞིང་ད་ལྟར་སངས་རྒྱས་ནས་ཀྱང་འདི་ལྟ་བུའི་བཀུར་སྟི་བྱས་ལ། ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ཡང་ངའི་བསྟན་པ་ལ་ལོ་ལྔ་བའི་དགའ་སྟོན་བརྒྱ་ཕྲག་དུ་མ་བྱེད་པར་འགྱུར་རོ་གསུངས།
ཁུངས་གཏུག་སའི་ཡིག་ཆ།
ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་མཛད་པའི་(མདོ་ལས་བྱུང་བའི་གཏམ་རྒྱུད་སྣ་ཚོགས།)ཞེས་པ་ལས་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་པས་བཏུས།