ལོ་རིམ་བཞི་པའི་སློབ་གཉེར་བ། ཀུན་བཟང་ཉི་མ།
ལྗོན་པའི་བསིལ་གྲིབ་འཐུས་ཏེ།།
ཉི་མའི་འོད་ལ་འཐབས་ནས།།
རྟོག་འགྱུ་དབྱིངས་སུ་བསྣུབས་ཏེ།།
ནམ་མཁའི་འཇིངས་སུ་ཡན་པ།།
སྤྲིན་གྱི་བང་རིམ་བརྟོལ་ན།།
ལ་ལ་ལྷ་མོའི་དབྱིབས་འདྲ།།
དར་དཔྱངས་རྒྱན་གྱིས་སྤུད་པ།།
ལ་ལ་འཕྱོན་མའི་དབྱིབས་འདྲ།།
ལུས་ཀྱི་གཞོན་ཤ་རྫོགས་པ།།
ལ་ལ་དཔའ་བོའི་དབྱིབས་འདྲ།།
གྲི་དང་མཚོན་ཆ་ཐོགས་པ།།
ལ་ལ་རྒན་པོའི་དབྱིབས་འདྲ།།
འཁར་དང་ཕྲེང་བ་ཐོགས་པ།།
དེ་བཞིན་བྱ་དང་རི་དྭགས།།
གྲོང་དང་གཞལ་ཡས་ཁང་ཁྱིམ།།
མི་དང་དམྱལ་བའི་ཚོགས་ཀྱང་།།
ལ་ལ་གཡུལ་དུ་ཆས་འདྲ།།
ལ་ལ་དཔལ་གྱིས་ཚིམས་འདྲ།།
ལ་ལ་བྱམས་པར་འཕྲད་འདྲ།།
ལ་ལ་གཉེན་དང་བྲལ་འདྲ།།
ལ་ལ་རྒྱལ་ཁ་ཐོབ་འདྲ།།
ལ་ལ་སྙན་པ་འབར་འདྲ།།
ལ་ལ་རྒུད་ལ་ཕྱོགས་འདྲ།།
ལ་ལ་བསྟོད་པས་སྤུད་འདྲ།།
ལ་ལ་སྨད་པས་བཏུད་འདྲ།།
སྲིད་པ་གསུམ་གྱི་ས་ཁྲ།
མིག་གི་མདུན་ལ་བསྟར་འདྲ།།
སྤྲིན་པ་ཁེར་འགྲོ་གཉིས་འགྲོ།།
རྒྱུས་ཡོད་ཡུལ་དུ་ཆས་སོང་།།
ང་ཡི་ཚོགས་དྲུག་ཤེས་པ།།
དེ་ཡི་དབྱིངས་སུ་ཐིམ་ཡང་།།
རླུང་བུ་འུར་འུར་ལྡང་སྟེ།།
ལྗོན་ཤིང་ཡམ་ཡོམ་འགུལ་ནས།།
རྟོག་འགྱུ་དབྱིངས་ནས་བཤིག་ན།།
བར་སྣང་སྤྲིན་གྱི་བང་རིམ།།
བལྟས་ན་སྲིད་པའི་འཁོར་ལོ།།
བརྟགས་ན་གང་ཡང་མེད་པས།།
འཇིག་རྟེན་སྣང་བའི་གྲིབ་རིས།།
དེ་ཡི་མཚུངས་ཆོས་ཤིག་དང་།།
སྒྱུ་མའི་བཟོ་གྲྭ་ཞིག་སྟེ།།
བསམ་ཞིང་ཡིད་ལ་གོམས་ན།།
ཡིད་རྟོན་འཇའ་ཡི་རི་མོ།།
མི་རྟག་གཡར་མའི་ཕུང་པོ།།
ཆུ་ཡི་ལྦུ་བར་མཚུངས་ཏེ།།
སྙིང་པོ་བཅུད་ཀྱིས་སྟོང་པས།།
རྩྭ་འགོའི་ཟིལ་པ་ཙམ་མོ།།