རིན་ཆེན་གཏེར་མཛོད་ཆེན་མོ་ཇི་ལྟར་ཕྱོགས་སྒྲིག་གནང་བའི་ལོ་རྒྱུས།

སློབ་སྤྲུལ་འཆི་མེད་ཚེ་དབང་།

རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡ་ཡི་བརྒྱུད།།
གང་ཟག་སྙན་བརྒྱུད་མཁའ་འགྲོ་གཏད་རྒྱ་དང་།།
སྨོན་ལམ་དབང་སྐུར་བཀའ་བབས་ལུང་བསྟན་སོགས།།
དགུ་ལྡན་བརྒྱུད་པའི་ཆོས་ལ་ཕྱག་འཚལ་ལོ།།

དེ་ཡང་སྔ་འགྱུར་རྡོ་རྗེ་ཐེག་པ་སྡེ་གསུམ་ཀློང་དགུའི་ཟབ་ཆོས་ཡིད་བཞིན་གྱི་ནོར་བུ་ལྟ་བུ་འདི་ཉིད་བརྒྱུད་ཚུལ་གྱི་དབང་དུ་བྱས་ན་རིང་བརྒྱུད་བཀའ་མ་དང་། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་ཞེས་གསུམ་དུ་འབྱེད་པར་མཛད་པ་ལས། འདིར་མཁའ་ལ་རིག་འཛིན་བརྒྱུད་པའི་གྲལ་མ་ཞིག ས་ལ་སྨན་རཀ་གཏོར་མའི་བཅུད་མ་སྐམ། དམ་ཉམས་དང་འདྲེས་འཁྱེར་གྱིས་ལྷད་མ་ཞུགས་པར་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཆེ་བའི་མ་དང་མཁའ་འགྲོའི་སྙིང་ཁྲག་དྭངས་མ་དྲོད་རླངས་ཐོལ་ལེ་བ། ཉེ་བརྒྱུད་རིན་ཆེན་གཏེར་གྱི་མཛོད་ཆེན་པོ་ཇི་ལྟར་ཕྱོགས་སྒྲིག་མཛད་པའི་སྐོར་མདོ་ཙམ་ཞིག་ཞུ་བར་བྱ་བ་ལགས་ན། རྩ་གསུམ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱིས་བཀའ་ཡི་གནང་བ་བསྩལ་དུ་གསོལ།

དང་པོ་རིན་ཆེན་གཏེར་མཛོད་ཆེན་མོ་ཕྱོགས་སྒྲིག་མཛད་པ་པོའི་ཆེ་བ་བརྗོད་པ་བཙུན་མོ་རིན་ཆེན་ལྟ་བུའི་གཏམ།

རིན་ཆེན་གཏེར་མཛོད་ཆེན་མོ་ཕྱོགས་སྒྲིག་གནང་མཁན་ནི་འཇམ་མགོན་མཁྱེན་ཀོང་མཆོག་གསུམ་ཞེས་དུས་རབས་བཅུ་དགུའི་ནང་ཁམས་ཕྱོགས་སུ་ལྷན་འཛོམས་བྱུང་བའི་རིས་མེད་བསྟན་འཛིན་སྐྱེས་ཆེན་རྣམ་གསུམ་གྱི་ཡ་གྱལ་འཇམ་མགོན་ཀོང་སྤྲུལ་ཏེ། བྱང་ཆུབ་སེམས་སྡོམ་བཞེས་པའི་སྐབས་སུ་གསོལ་བའི་མཚན་བློ་གྲོས་མཐའ་ཡས་དང་། རབ་ཏུ་བྱུང་བའི་མཚན་ལ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ། སྔགས་ཀྱི་གསང་མཚན་པདྨ་གར་དབང་། གུ་རུ་པདྨས་གནང་བའི་གཏེར་སྟོན་གྱི་མཚན་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་ཞེས་སྐུ་གཅིག་ལ་མཚན་དུ་མ་དང་ལྡན་པའི་མཁས་གྲུབ་ཆེན་པོ་དེ་ཉིད། ཡབ་གྲུབ་རིགས་བསྟན་འཛིན་གཡུང་དྲུང་དང་། ཡུམ་རྣལ་འབྱོར་མ་བཀྲ་ཤིས་འཚོ་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༨༡༣ རབ་བྱུང་བཅུ་བཞི་པའི་ཆུ་བྱ། ཧོར་ཟླ་བཅུ་པའི་ཚེས་བཅུ་ལ་ཁམས་སྡེ་དགེ་རུ་སྐུ་འཁྲུངས། དགུང་གྲངས་ལྔ་ཙམ་ནས་ཡི་གེ་འབྲི་ཀློག་སྦྱངས། རྒྱལ་དབང་ཀརྨ་པ་བཅུ་བཞི་པ་ཐེག་མཆོག་རྡོ་རྗེ་དང་། སི་ཏུ་རིན་པོ་ཆེ་པདྨ་ཉིན་བྱེད་དབང་པོས་སྨིན་གླིང་གཏེར་ཆེན་གྱི་ཡང་སྲིད་ཡིན་པའི་ལུང་བསྟན་གནང་། འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཐུགས་དམ་བརྟག་པ་མཛད་པས་འཕྲེང་མགོ་གཏེར་སྟོན་སོགས་ཀྱི་རྣམ་འཕྲུལ་ཡིན་པར་གཟིགས་ཞེས་གསུངས། གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པའི་གཏེར་ཆོས་ཁག་ནས་ལོ་ཆེན་བཻ་རོའི་སྤྲུལ་པར་ལུང་གིས་ཟིན་ཅིང་། མདོ་ལངྐར་གཤེགས་པ་ལས། དེ་ཡི་འོག་ཏུ་བྱས་དུས་ལ། །འདྲེན་པ་བློ་གྲོས་ཞེས་བྱ་བ། །ཤེས་བྱ་ལྔ་རྣམས་སྟོན་པ་པོ། །དཔའ་བོ་ཆེན་པོ་འབྱུང་བར་འགྱུར། །ཞེས་པའི་ལུང་འདི་ཡང་མཁན་ཆེན་ཞི་བ་འཚོ་དང་ཀོང་སྤྲུལ་རིན་པོ་ཆེ་གཉིས་ཀ་ལ་གོ་ཆོག་པར་མཁས་གྲུབ་རྣམ་པས་བཞེད།དགུང་གྲངས་བཅུ་ཙམ་ལ་ཕེབས་སྐབས་ཞེ་ཆེན་དགོན་དུ་རབ་ཏུ་བྱུང་སྟེ་གནས་ལྔ་རིག་པའི་པཎྜི་ཏ་ཟེ་ཆེན་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་སོགས་ཡོངས་འཛིན་དུ་མར་བསྟེན་ནས་མཁས་པ་ཆེན་པོར་གྱུར། ཕྱིས་དཔལ་སྤུངས་ལ་ཕེབས་ནས་བྱམས་མགོན་ཏའི་སི་ཏུ་པདྨ་ཉིན་བྱེད་དབང་པོ་ལས་སླར་ཡང་དགེ་ཚུལ་སློང་གི་སྡོམ་པ་བཞེས། འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གཙོས་རིས་མེད་དགེ་བའི་བཤེས་གཉེན་ལྔ་བཅུ་ཙམ་གྱི་སྐུ་མདུན་ནས་གངས་ཅན་ལྗོངས་ན་བཞུགས་པའི་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་དབང་ལུང་མན་ངག་ཕལ་ཆེར་གསན་ཅིང་ཉམས་སུ་བཞེས་པས་དངོས་གྲུབ་རྣམ་པ་གཉིས་ལ་མངའ་དབང་འབྱོར། མདོ་ལང་གཤེགས་ནས་ཤེས་བྱ་ལྔ་རྣམས་སྟོན་པ་པོ་ཞེས་པའི་ལུང་བསྟན་དང་མཐུན་པར། ཤེས་བྱ་ཀུན་ཁྱབ་མཛོད། གདམས་ངག་རིན་པོ་ཆེའི་མཛོད། བཀའ་རྒྱུད་སྔགས་མཛོད། རིན་ཆེན་གཏེར་མཛོད། རྒྱ་ཆེན་བཀའ་མཛོད་བཅས་མཛོད་ཆེན་རྣམ་ལྔ་ཕྱོགས་སྒྲིག་གནང་བས་རིས་མེད་བསྟན་རྒྱུན་ལ་མར་མེ་འཆི་ཁར་སྣུམ་བླུགས་པ་བཞིན་དུ་སྨན་པར་གྱུར། དེ་ལས་ཤེས་བྱ་ཀུན་ཁྱབ་མཛོད་ནི་ཤེས་བྱ་རིག་གནས་ཆེ་ཆུང་བཅུའི་སྐོར་ཕལ་ཆེ་བ་ཕྱོགས་བསྡུས་གནང་བ་དང་། གདམས་ངག་མཛོད་ནི་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་མན་ངག་དཀོན་རིགས་རྣམས་ཕྱོགས་བསྡུས་གནང་བ་དང་། བཀའ་བརྒྱུད་སྔགས་མཛོད་ནི་བཀའ་བརྒྱུད་པའི་རྒྱུད་སྡེ་ཆ་ཚང་དང་། རིན་ཆེན་གཏེར་མཛོད་ནི་རྙིང་མའི་གཏེར་ཆོས་རྒྱུན་དཀོན་རིགས་ཕལ་ཆེ་བ་ཕྱོགས་སྒྲིག་དང་། རྒྱ་ཆེན་བཀའ་མཛོད་ནི་ཉིད་ཀྱིས་ལྗགས་རྩོམ་གནང་བ་ཁག་ཡིན།

ཁྱད་པར་དུ་ཟབ་གཏེར་གྱི་བཀའ་བབས་ཚུལ་ནི། སྔོན་ཞེ་ཆེན་དུ་བཞུགས་དུས་ནས་དག་པའི་སྣང་བ་དང་གཏེར་ཆོས་འགའ་ཞིག་ཕབ་ཡོད་ཀྱང་། ཕྱིས་བཀའ་བརྒྱུད་ཕྱོགས་ལ་ཕེབས་ནས་བཟུང་དགེ་རྒན་དང་མཆེད་གྲོགས་ཀྱི་རྐྱེན་པས་རེ་ཞིག་གསར་མ་ལ་ཞེན་པ་ཇེ་ཆེ་དང་། དགོངས་གཏེར་སོགས་ལ་ཡི་ག་ལྡོག་ཅིང་། སྔོན་གཏེར་ཆོས་ཐོར་བུ་ཕབ་པ་རྣམས་ལ་བླ་ཆེན་མི་ཆེན་འགས་ཀྱང་སྒྲོ་སྐུར་ཅི་རིགས་གནང་བར་བརྟེན་ཆ་ཚང་མེ་ལ་བསྲེགས་ནས་ཕྱིན་ཆད་གཏེར་ཆོས་ཀྱི་རིགས་ལ་འབད་རྩོལ་བྱེད་མི་དགོས་པའི་སྨོན་ལམ་དང་དམ་བཅའ་ཡང་མཛད་པ་ཡིན་གསུངས། དེའི་རྐྱེན་བྱས་ཏེ་དགུང་གྲངས་སུམ་ཅུ་ཙམ་ནས་སྐུ་སྙུན་གཞིས་ཟིན་ཏེ་དུས་རྟག་ཏུ་འཆི་ས་རེད་དགོངས་པ་ཤ་སྟག་བྱུང་བ་དང་། ཉིན་གཅིག་ཉམས་དང་རྨི་ལམ་གང་ཡིན་ཆ་མ་འཚལ་བར་སྐུ་གཤེགས་པ་ཡིན་སྙམ་པ་ཞིག་གི་ངང་ལ་གུ་རུ་རིན་པོ་ཆེ་མཇལ་ཏེ་བཀའ་མོལ་ཁ་ཤས་ཞུས་ཏེ། སླར་སྐྱེ་སྲིད་བཟུང་དགོས་པའི་བཀའ་གནང་བ་ལྟར་སྔར་གྱི་མལ་ལ་ལོག་འོངས་པའི་སྣང་བ་ཞིག་བྱུང་། དེ་ནས་ཅ་ལག་ཕྲན་བུ་ཡོད་པ་རྣམས་སྤོང་དག་མཛད་དེ་བླ་མ་དགོངས་འདུས་ཀྱི་ཞལ་ཐང་གྲ་ཚར་བཅུ་གསུམ་གཙོས་སྐུ་གསུང་ཐུགས་རྟེན་བཞེངས་པ་སོགས་མཛད་པས་རིམ་པས་སྙུན་གཞི་དྭངས། དགུང་གྲངས་སོ་བདུན་ལ་ཕེབས་སྐབས་བགེགས་འཕྲང་ཆེ་ཞིང་སྙུན་གཞིས་ཀྱང་ཅུང་ཟད་ཟིན་པ་ན། བསྙེན་སྒྲུབ་མང་པོ་གནང་ཞིང་ཁྱད་པར་བླ་མ་དགོངས་འདུས་ཀྱི་བསྙེན་སྒྲུབ་སྐབས་མནལ་ལམ་དུ་གུ་རུ་རིན་པོ་ཆེ་མཇལ་ནས་སྔགས་ཚིག་འགའ་གསུངས་ཤིང་ད་རེས་ཁྱོད་ཀྱི་ཚེ་ཀེག་བསལ་བ་ཡིན། ལོ་ཤས་མཚམས་སུ་ང་རང་དངོས་སུ་ཐུག་ནས་བསླབ་བྱ་རིམ་པར་བྱེད་ཡོང་གསུངས་པའི་ལུང་དོན་ལྟར་དགུང་གྲངས་བཞི་བཅུ་ཙམ་ནས་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པ་དང་མཇལ་འཕྲད་བྱུང་སྟེ་ཕ་བུ་འཕྲད་པ་ལྟར་ཐུགས་ཡིད་གཅིག་འདྲེས་སུ་གྱུར། རྫོང་ཤོད་བདེ་གཤེགས་འདུས་པའི་གནས་སྒོ་འབྱེད་དུས་འཇམ་དབྱངས་མཁྱེན་བརྩེ་དབང་པོ་དང་། མཆོག་གྱུར་གླིང་པ་ལྷན་རྒྱས་ཀྱིས་ཙིཏྟ་གསང་ཕུག་ཏུ་ཆོས་ཁྲི་མཐོན་པོ་ལ་རྗེ་ཉིད་བཞུགས་སུ་གསོལ་ཞིང་འབུལ་བའི་གཏོས་ཆེན་པོ་དང་བཅས། ཨོ་རྒྱན་དུས་གསུམ་མཁྱེན་པས་གསོལ་བའི་མཚན་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་ཡིན་ཞེས་མངའ་གསོལ་དང་དྲིལ་བསྒྲགས་མཛད་པའི་རྟེན་འབྲེལ་གྱིས་སྐུ་ཆུང་དུས་ས་གཏེར་མང་པོ་བཏང་སྙོམས་སུ་འཇོག་པར་མཛད་པའི་རྟེན་འབྲེལ་འཆུགས་པ་ཐམས་ཅད་གསོས་ཏེ། རྩ་གསུམ་དགོངས་པ་འདུས་པའི་ཆོས་སྡེ། གུ་རུའི་སྐུ་ཚབ་བཀྲ་ཤིས་དཔལ་འབར། མཁན་ཆེན་ཞི་འཚོའི་སྐུ་ཆོས་སོགས་གཏེར་ནས་བཞེས། རིན་ཆེན་གཏེར་མཛོད་ཆེན་མོ་ཕྱོགས་སྒྲིག་མཛད་རྗེས་ཀ῝དཔལ་ཞེ་རྫོགས། ས་དགེ་འབྲི་སྟག་ཀཾ་ཚང་དང་བཅས་པའི་སྐྱེས་ཆེན་རྣམ་པའི་དབུས་སྐལ་ལྡན་ཡོངས་ལ་སྨིན་གྲོལ་ལྗགས་ལུང་མང་དུ་བསྩལ་བ་སོགས་རིས་སུ་མ་ཆད་པའི་བསྟན་པ་ལ་ཞབས་ཞུ་རླབས་པོ་ཆེ་བགྱིས་ཏེ།
སྐུ་དངོས་ཀྱི་གདུལ་བྱ་རེ་ཞིག་རྫོགས་ནས་མཐར་དགུང་གྲངས་གྱ་བདུན་ལ་ཕེབས་པ་ཕྱི་ལོ་ ༡༨༩༩ ལོར་ཞིང་ཁམས་བརྗེས་སོ།

གཉིས་པ་གཏེར་མཛོད་ཕྱོགས་སྒྲིག་གནང་བའི་དགོས་པ་བརྗོད་པ་བློན་པོ་རིན་ཆེན་ལྟ་བུའི་གཏམ།

གཏེར་མཛོད་ཕྱོགས་སྒྲིག་གནང་བའི་དགོས་པ་དང་དམིགས་ཡུལ་ནི་ཀོང་སྤྲུལ་ཉིད་ཀྱིས་མཛད་པའི་རིན་ཆེན་གཏེར་མཛོད་ཆེན་མོའི་དཀར་ཆག་ལས། བདག་ལྟ་བུ་ཤིན་ཏུ་མ་སྦྱངས་ལ་མི་མཁས་ཤིང་མ་སྡོམ་པའི་སོ་སྐྱེ་བྱ་བྲལ་ཉམ་ཆུང་བསྟན་པའི་ཁུར་མི་ཐེག་པ་ཞིག་གིས་སྐབས་སུ་བབས་པ་བྱ་བ་རླབས་ཆེན་རྩོམ་པ་འོས་སུ་མ་གྱུར་ཀྱང་། བྱིས་པའི་དུས་ནས་རྒྱལ་དབང་པདྨ་འབྱུང་གནས་ལ་མི་ཕྱེད་པའི་དད་པ་བརྟན་པོ་ལྷན་སྐྱེས་སུ་མངའ་བས་དེའི་གསུང་གསང་རིས་སུ་མ་ཆད་པ་ལ་འདུན་རྩོལ་ཆོག་ཤེས་མེད་པ་ཤུགས་འབྱུང་དུ་གྲུབ་པ་དང་། བོད་སྤྱིའི་མཚན་ཉིད་གསར་ངས་ཀྱི་དབང་དུ་སོང་བས་གཏེར་རྙིང་ཕལ་ཆེར་ཞི་བར་མནལ་ལ་ཉེ་ཞིང་རྒྱུན་དཀོན་པ་འགའ་ཡང་ཆད་དུ་ཕོངས་པ་དང་། གཏེར་རྙིང་གསར་དུ་འབྱོན་པ་རྣམས་ནི་མཚན་ཙམ་ལས་ཆེན་པོ་རྣམས་ཀྱི་གསན་ལམ་དུའང་འབྱོན་མ་བཏུབས་པས་སྙིང་ལྟར་གཅེས་པ་དང་། གཏེར་གསར་ཕལ་མོ་ཆེ་ཡང་རང་གཞན་ལ་ཉེ་བར་མཁོ་བ་ཤས་ཆེ་ཞིང་དཀོར་སྡུད་ཀྱི་ཕྱག་ཆ་དང་། ལྟོ་ཕྱིར་བོན་གྱེར་མཁན་རྣམས་ཀྱིས་ཀྱང་རྗེས་གནང་དང་མདོས་གཏད་སོགས་ཞུ་ཐོབ་དཀོན་པས་དཀྱུས་གཅིག་ཏུ་བཀོད་ན་དེ་ཙམ་ལའང་ཕན་པར་རེ་བ་དང་། ཚད་མའི་གཏེར་ཆོས་ཕྱོགས་རེ་བའི་ཕྲིན་ལས་ཅན་དུ་གྱུར་པ་དག་ཀྱང་གུ་རུ་རིན་པོ་ཆེའི་རྗེས་འཇུག་ཡོངས་ཀྱི་སྤྱི་ནོར་དུ་གྱུར་ན་ཅི་མ་རུང་སྙམ་པ་སོགས་སྒོ་དུ་མ་ནས་ལྷག་པའི་བསམ་པ་ཁོ་ན་ཡིད་ལ་བྱས་ཏེ་བཀའ་ཡི་བསྡུ་བ་ལ་ཞུགས་པའང་སངས་རྒྱས་ཀྱི་བྱིན་རླབས་འབའ་ཞིག་ཏུ་རིག་པར་བྱ་སྟེ། ཞེས་གསུངས་པ་ལྟར། རྒྱུ་མཚན་དང་པོ་རྗེ་ཉིད་སྐུ་ཆུང་ངུའི་དུས་ནས་གུ་རུ་རིན་པོ་ཆེ་ལ་ཤིན་ཏུ་དད་པའི་དབང་གིས་གུ་རུ་རིན་པོ་ཆེའི་གསུང་ཆ་ཚང་ལ་དོ་སྣང་དང་ཞབས་ཞུ་སྒྲུབ་འདོད་ཆེ་བ་དང་། གཉིས་པ་རང་ཅག་བོད་པ་རྣམས་ཨ་གསར་ཆེ་དྲགས་ནས་གཏེར་གསར་མ་གཏོགས་གཏེར་རྙིང་ཕལ་ཆེ་བ་ལ་དོ་སྣང་མ་བྱས་པར་ནུབ་ལ་ཉེ་བ་ཐུགས་ཀྱིས་མ་བཟོད་པ་དང་། གསུམ་པ་གཏེར་རྙིང་ནུབ་ནས་སླར་གསར་དུ་བཀའ་བབས་པ་ རྣམས་བླ་ཆེན་ཕལ་ཆེར་གྱིས་གསན་གཟིགས་མ་ཐུབ་པས་འདི་མུར་བཞག་ན་སླར་ཉམས་ཉེན་ཡོད་པ་དང་། བཞི་པ་གཏེར་གསར་རིགས་རྣམས་ཀྱང་ལྷན་ཅིག་ཏུ་མེད་པས་མཐའ་ན་གྲོང་ཆོག་པས་མདོས་ཀྱི་རིགས་ཁ་ཤས་ཤིག་འདོན་དགོས་ནའང་ལུང་དང་རྗེས་གནང་ཆ་ཚང་བ་མི་ཐོབ་པའི་དཀའ་ངལ་ཡོད་པ་དང་། ལྔ་པ་གཏེར་ཆོས་ཚད་ལྡན་མང་པོ་ཞིག་དགོན་པ་བྱེ་བྲག་རེ་རེའི་སྒེར་ཆོས་ལྟ་བུ་ལ་ངོས་འཛིན་བྱས་ཏེ། ངའི་ཕ་ཆོས་དང་ཁྱོད་ཀྱི་ཕ་ཆོས་ཟེར་ནས་རིས་སུ་བཅད་དེ་རང་ཕྱོགས་ཀྱི་དེ་ལས་གཞན་དག་ལ་དོ་སྣང་མི་བྱེད་པས་ཡིད་བཞིན་གྱི་ནོར་བུ་སྤྱི་ནོར་དུ་འགྱུར་མི་ཐུབ་པའི་དཀའ་ངལ་སེལ་བའི་ཆེད་དུ་ཡིན་པར་གསུངས།

གསུམ་པ་གཏེར་མཛོད་ཆེན་མོ་ཇི་ལྟར་བསྡུ་སྒྲིག་གནང་བའི་ཚུལ་བརྗོད་པ་གླང་པོ་རིན་ཆེན་ལྟ་བུའི་གཏམ།

འཇམ་མགོན་རིན་པོ་ཆེས་ཐོག་མར་གཏེར་མཛོད་ཕྱོགས་སྒྲིག་གནང་དགོས་པའི་ཐུགས་འདུན་དང་འཆར་གཞི་ཇི་ལྟར་བསྒྲིགས་གནང་མཛད་པའི་སྐོར་ལ། རྗེ་ཉིད་ཀྱིས་མཛད་པའི་རིན་ཆེན་གཏེར་མཛོད་ཀྱི་དཀར་ཆག་ལས། སྤྱིར་སྔ་འགྱུར་བསྟན་པའི་རྒྱན་གཅིག་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གཙོ་བོར་གྱུར་པའི་ཁུངས་དང་ལྡན་ཅིང་སེལ་མེད་ཀྱི་བརྒྱུད་པ་རྣམ་པར་དག་པའི་ཡོངས་འཛིན་རྣམས་ལས་ཟབ་གཏེར་དུ་མའི་སྨིན་གྲོལ་ཕྱག་ལེན་འབད་རྩོལ་ཆེན་པོས་ཞུས་ཤིང་། གཙོ་ཆེ་བ་རྣམས་ཀྱི་བསྙེན་སྒྲུབ་རེའང་བགྱིས། ཁྱད་པར་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་དང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྙིགས་དུས་བསྟན་འགྲོའི་མགོན་དུ་བསམ་བཞིན་སྲིད་པའི་རོལ་གར་བསྒྱུར་བ། བཀའ་བབས་ཆེན་པོ་བདུན་གྱི་མངའ་བདག་ཐམས་ཅད་མཁྱེན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་གཏེར་རྙིང་འགའ་ཞིག་གི་སྨིན་གྲོལ་བཀའ་དྲིན་དུ་ཐོབ་པ་ན། གཏེར་ཕྲན་སྔོན་བྱོན་ཕལ་ཆེར་དབང་ལུང་ལྟ་ཞོག་དཔེ་རྒྱུན་ཙམ་ཡང་འབྱོར་དཀའ་བས་དེ་དག་ཕྱོགས་བསྡུ་ཞིག་གི་རྩོམ་འདོད་ཀྱི་བློ་ཐོག་མར་སྐྱེས། དེ་ཙམ་གྱིས་ཀྱང་དངོས་གྲུབ་རྣམ་གཉིས་སྒྲུབ་པའི་ཐབས་ཡོངས་སུ་མི་རྫོགས་པས་མགོ་རྐང་ཚང་བ་ཞིག་བྱུང་ན་རང་གཞན་ལ་ཕན་པར་རེ་བའི་བློ་གཉིས་པ་སྐྱེས་པ་འཆར་གཞིའི་ཐོ་ཞིག་བཅས། ཀུན་མཁྱེན་བླ་མ་རིན་པོ་ཆེའི་སྙན་དབང་དུ་ཞུས་ཤིང་གསོལ་བ་བཏབ་པས་ཤིན་ཏུ་དགྱེས་པ་ཆེན་པོས་ཐོག་མར་ལེགས་སོའི་དབུགས་དབྱུང་དང་ཇི་ལྟར་བསྒྲིག་བྱའི་གོ་རིམ་ས་བཅད་ཞིབ་མོ་སྩལ། བར་དུ་སྔར་མ་ཐོབ་པ་ཕལ་མོ་ཆེའི་སྨིན་གྲོལ་དང་། ལྷག་པར་གཏེར་རྙིང་དཔེ་ལུང་གི་རྒྱུན་སྔར་ནས་ཆད་པ་མང་པོ་ཡང་གཏེར་དུ་བྱོན་པས་མཚོན་ཉེ་བརྒྱུད་ཀྱི་བྱིན་རླབས་དུ་མ་དང་བཅས་རྗེས་སུ་གནང་མཐར་གཞན་ཕན་ཕྲིན་ལས་ཀྱི་སྒོ་འཕར་དབྱེ་བར་མཛད་པ་སོགས་བསམ་གྱིས་མི་ཁྱབ་པའི་བཀའ་དྲིན་སྩལ་བ་ལ་བརྟེན་པོ་ཏི་ཁ་ཤས་གྲུབ་པའི་སྐབས་སུ། སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པའང་ཡིད་ཆེས་རྩོད་བྲལ་གྱི་ཕྲིན་ལས་དབུ་ཚུགས་པའི་ཐོག་མར་རུང་མིན་བརྟགས་པ་གནང་བས་རུང་ངེས་པའི་ལུང་བྱང་དམིགས་བསལ་ཐོབ། ཅེས་གསུངས་ཤིང་། གཏེར་ཆེན་མཆོག་གྱུར་གླིང་པ་ལ་བརྟག་པ་ཞུས་པའི་སྐོར་དེ་མཆོག་གླིང་གསུང་འབུམ་ལས། གཏེར་མའི་ཕྱོགས་ཁུངས་བཙུན་ཞིང་གནད་ཟབ་མེད་དུ་མི་རུང་བའི་གདམས་ངག་སྐོར། ནུབ་པར་ཕོངས་པའི་རིགས་རྣམས་ཕྱོགས་གཅིག་ཏུ་སྒྲིག་པར་མཛད་པའི་ཐུགས་བསྐྱེད་རྒྱ་ཆེན་པོ་ལོ་ཆེན་བཻ་རོའི་དངོས་སྤྲུལ་འདྲེན་མཆོག་རྡོ་རྗེ་སེམས་དཔའ་ཀོང་སྤྲུལ་རིན་པོ་ཆེས་མཛད་པའི་ཚེ། ཁོ་བོ་ལ་རུང་མིན་བརྟགས་པ་དགོས་ཞེས་གསུངས་པ་ན་རྩ་གསུམ་ལྷ་ལ་གསོལ་བ་བཏབ་པས་གནང་བ་སྩལ་བའི་སྣང་བ་དུ་མ་ཤར་ཞིང་། ལྷག་པར་དུ་གུ་རུ་རིན་པོ་ཆེས་གཏེར་མའི་སྐོར་གྱི་པོ་ཏི་མང་པོ་ཞིག་ཕྱོགས་གཅིག་ཏུ་བསྡོམས་ནས་རང་ལ་གནང་ནས། གཞན་ཞིག་ལ་བཀའ་གཏད་དགོས་པའི་བསླབ་སྟོན་རྩལ་བའི་སྣང་བ་གསལ་པོ་བྱུང་བས་ཀོང་སྤྲུལ་འཇམ་པའི་རྡོ་རྗེ་དེ་ཉིད་ལ་བཀའ་གཏད་ཕུལ་ཞིང་། གདམས་པ་ཕྲན་ཚེགས་ལུང་རྒྱུན་མེད་པ་འགའ་རེ་ཐབས་རྩོལ་བརྟགས་གཞིག་དུ་མའི་སྒོ་ནས་ལུང་རྒྱུན་ཐོབ་པ་བྱུང་། ཞེས་གསལ་བ་ལྟར། ཀོང་སྤྲུལ་རིན་པོ་ཆེ་དགུང་གྲངས་ཞེ་གསུམ་ཙམ་ནས་རིན་ཆེན་གཏེར་མཛོད་ཆེན་མོ་ཐོག་མར་ཕྱོགས་སྒྲིག་གནང་རྒྱུ་དབུ་བཙུགས་པའི་སྐོར་ཀོང་སྤྲུལ་རིན་པོ་ཆེའི་རང་རྣམ་རྟོགས་པ་བརྗོད་པ་ལས། འདི་སྐོར་ནས་རིན་ཆེན་གཏེར་མཛོད་བསྡུ་འཚོལ་གྱི་དབུ་ཚུགས་ཀྱང་ཚེ་འཕྲང་དོགས་གཞི་ཆེ་བར་ཚོགས་ཀྱི་འདུ་བ་རྒྱ་གང་ཆེ་དང་མི་ཁ་མ་ཁྱོགས་པ་ཞིག་བྱུང་ན་ཚེ་ཚད་མཐར་ཕྱིན་པའི་ལུང་དོན་རྣམས་ཀྱང་ཞུམ་མེད་དུ་བསྒྲུབས། ཞེས་གསུངས་ཤིང་། རྣམ་ཐར་གྱི་འགྲོས་ལ་དཔགས་ན་འདི་སྐབས་ཞེས་པ་ནི་དགུང་གྲངས་བཞི་བཅུའི་ཐོག་གཏེར་ཆེན་མཆོག་གྱུར་གླིང་པ་དང་མཇལ་འཕྲད་བྱུང་ཞིང་། རིམ་བཞིན་མཆོག་གླིང་གཏེར་སྟོན་རྩོད་མེད་དུ་གྱུར་ནས་ཀོང་སྤྲུལ་རིན་པོ་ཆེས་ཀྱང་གཏེར་ཆོས་གསན་བཞེས་གནང་བའི་སྐབས་དེ་དག་ལ་གོ་དགོས་འདུག་ཅིང་། དེ་ལས་གསལ་ཁ་ཆེ་བ་རང་རྣམ་བྱུང་བ་བརྗོད་པ་ལས། སྔར་རང་གི་བསམ་ཡུལ་དུ་གཏེར་ཕྲན་རྙིང་མ་གལ་ཆེན་མང་པོ་སྔ་ཕྱིར་ཐོབ་པ་འདི་རྣམས་ཕྱོགས་བསྡུས་ཀྱི་དཔེ་ཞིག་ཡོད་ན་རྒྱུན་ལ་ཕན་འགྲོ་བ་འདུག་སྙམ་དེའི་རྩོལ་བ་ཞིག་དྲན། ཡང་དེ་དག་ཀྱང་ཕན་གནོད་ཀྱི་ལས་ཕྲན་ཚེགས་ཙམ་རེད་འདུག་པས་གཏེར་སྟོན་ཡོངས་གྲགས་གཙོ་བོ་རྣམས་ཀྱི་གཏེར་ཆོས་རྒྱུན་དཀོན་ཅིང་ཉུང་ལ་འདུས་པ་རྣམས་ཀྱི་དབང་རྒྱུན་ཕྱོགས་བསྡུས་ཞིག་གི་མཉམ་དུ་གཏེར་ཕྲན་རྣམས་ཡོད་པ་ཞིག་བྱུང་ན་ལེགས་སྙམ་ཀུན་གཟིགས་རིན་པོ་ཆེར་བཀའ་འདྲི་ཞུས་པར། ཁོང་ནས་ཀྱང་གཏེར་ཕྲན་རྣམས་བསྡུས་པའི་པོད་བཞི་ཙམ་བྲིས། ད་སྟེ་དེ་རྣམས་ལ་གཞི་བྱས་ནས་ཁྱོད་ཀྱི་འདོད་པ་དེ་ལྟར་གཏེར་ཆེན་རྣམས་ཀྱི་བླ་རྫོགས་ཐུགས་གསུམ་ཚང་བ་ཞིག་གིས་གཞུང་བྱས་ནས་བྲི་རྒྱུ་བྱུང་ན་ཤིན་ཏུ་ལེགས་འདུག་གསུང་བ་ཕེབས་པས། དེ་ལྟར་ན་གཏེར་ཆོས་གང་བཞག་དང་གོ་རིམ་སྒྲིག་ལུགས་ཀྱི་དཀར་ཆག་ཅིག་མཛད་གྲུབ་པར་ཞུས། འདི་སྐབས་དེ་ལྟར་འགྲུབ་པ་དང་གནང་བ་ཞུ་བའི་ཆེད་དུ་བསམ་ལྷུན་ཡོན་ཏན་གཏེར་མཛོད་ཀྱི་བསྙེན་པ་དང་གསོལ་འདེབས་རེ་ཞིག་བགྱིས་པས་ལྟས་ཀྱང་ལེགས། ཞེས་གསུངས་པ་འདི་ནི་རབ་བྱུང་བཅུ་བཞི་པའི་ཤིང་ཡོས་ཕྱི་ལོ་ ༡༨༥༦ ནང་གི་གནས་ཚུལ་ཡིན་པས་དེ་དུས་རྗེ་ཉིད་དགུང་གྲངས་ཞེ་གསུམ་ལ་ཕེབས་ཡོད།

དང་ཐོག་གཏེར་ཆོས་ཕྱོགས་སྒྲིག་གནང་བ་དེ་དག་ལ་གཏེར་ཕྲེང་དུ་བཏགས་པ་ལས་རིན་ཆེན་གཏེར་མཛོད་ཆེན་མོའི་མཚན་མེད་ཀྱང་། ཕྱིས་སུ་རྗེ་བླ་མ་མཁྱེན་བརྩེའི་དབང་པོའི་གཟིགས་སྣང་དང་མཐུན་པར་རིན་ཆེན་གཏེར་མཛོད་ཅེས་པའི་མཚན་གསོལ་ཚུལ་རང་རྣམ་བྱུང་བ་བརྗོད་པ་ལས། འདི་སྐོར་གཏེར་ཆོས་གསར་བྲིས་རྣམས་ལ་མཛོད་ཀྱི་མིང་ཐོགས་རིན་ཆོག་པ་མེད་པས་གཏེར་ཕྲེང་དུ་བཏགས་པའི་པོད་བཅུ་སྐོར་གྲུབ་འདུག་པའི་བྲིས་མ་རྣམས་ནས་ཞུ་དག་བརྡ་མཚོན་དང་ཡོན་སྤྲད། ཅེས་དང་། ཡང་དེ་ཉིད་ལས། འདི་སྐབས་དག་པའི་གཟིགས་སྣང་དུ། མཆོད་རྟེན་ཤིན་ཏུ་ཆེན་པོ་ཞིག་ལ་སྒོ་བཞི། བུམ་སྒོ་དང་ལྔ་འདུག་པ་ལ་ཕེབས་པས་ནང་དུ་རྟེན་དང་བཀོད་པ་གླེགས་བམ་ཤིན་ཏུ་མང་པོ་འདུག་པ་འདི་ཅི་རེད་ཅེས་དྲིས་པས། མི་ཞིག་གིས་ངོ་སྤྲད་ནས་འདི་མཛོད་ལྔ་ཞེས་པ་ཡིན་ཚུལ་རྒྱུ་མཚན་ཤིན་ཏུ་མང་པོ་བཤད་པ་ཞིག་བྱུང་བས་ཁྱོད་ལ་མཛོད་ཆེན་ལྔ་ཞེས་པའི་བཀའ་བབས་ཤིག་ཡོད་པ་ཡིན་འདུག་པས་གཏེར་ཆོས་བསྒྲིགས་མ་འདི་རྣམས་ལའང་གཏེར་མཛོད་ཀྱི་མིང་བཏགས་དགོས་འདུག་གསུངས། ཞེས་དང་། དེའང་ཐོག་མ་ནས་བསམ་མནོ་བགྱིས་ཏེ་མཛོད་ལྔའི་མིང་བཏགས་དགོས་སྙམ་པ་ནི་ཡིད་ཀྱི་ཟུར་ལའང་མེད། བླ་མ་དང་དགེ་བའི་བཤེས་གཉེན་རྣམས་ཀྱི་གསུང་བསྐུལ་ནན་བསྐྱར་ལ་བརྟེན་ཏེ་རྩོམ་སྒྲིག་མང་པོ་ཞིག་གྲུབ་པའི་སྐབས་སུ། ཀུན་གཟིགས་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་དག་པའི་གཟིགས་ངོར་མཛོད་ལྔའི་བཀའ་བབས་སུ་ལུང་བསྟན་ཅིང་ཆོས་སྡེ་སོ་སོའི་དཀར་ཆག་གནང་བ་ལྟར་བགྱིས་པ་སྟེ། ཞེས་གསུངས་པས་སོ། །ཡིན་ནའང་གཏེར་མཛོད་ཆེན་མོའི་ཕྱོགས་སྒྲིག་མཐའ་གྲུབ་པའི་དུས་ཚོད་ངེས་གཏན་ཞིག་རང་རྣམ་ལས་མ་རྙེད་ཀྱང་། རྒྱལ་དབང་ཀརྨ་པ་མཁའ་ཁྱབ་རྡོ་རྗེས་ཕྱི་ལོ་ ༡༨༨༨ ལོར་གཏེར་མཛོད་དབང་ལུང་ཐེངས་ལྔ་པ་དེ་གསན་རྗེས། སླར་ཡང་ཕྱི་ལོ་ ༡༨༩༦ ལོར་ཁ་སྐོང་གི་དབང་ལུང་གསན་དུ་ཕེབས་པ་ལ་དཔྱད་ན་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་དགུང་གྲངས་བརྒྱད་ཅུའི་ནང་ལ་མ་ཕེབས་བར་དུ་ཕྱོགས་སྒྲིག་གནང་རྒྱུ་མཇུག་བསྒྲིལ་མེད་པ་ཤེས་ཐུབ་བོ།།

བཞི་པ་གཏེར་མཛོད་ཆེན་མོར་གཏེར་ཆོས་ཇི་ཙམ་བཞུགས་ཚུལ་བརྗོད་པ་རྟ་མཆོག་རིན་ཆེན་ལྟ་བུའི་གཏམ།

མི་མང་པོ་ཞིག་གིས་རིན་ཆེན་གཏེར་མཛོད་ཆེན་མོ་རུ་གཏེར་ཆོས་ཡོད་དོ་ཅོག་བཞུགས་སུ་གསོལ་ཡོད་ངེས་དགོངས་ཀྱི་ཡོད་ཚོད་འདུག་སྟེ། ཡིན་ནའང་གཏེར་མཛོད་ནང་དུ་གཏེར་རྙིང་ཧ་ཅང་རྒྱུན་དཀོན་ཞིང་ཆོས་ཚན་ཉུང་བའི་རིགས་དང་། རྒྱུན་རྦད་དེ་ཆད་པ་རྣམས་གཏེར་ཆེན་རྒྱལ་པོ་ལྔ་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཡང་གཏེར་དུ་བབས་པ་རྣམས་བཀོད་ཡོད། དེ་བཞིན་གཏེར་གསར་རྩོད་མེད་རྣམས་ཀྱང་བླ་རྫོགས་ཐུགས་གསུམ་གྱིས་མཚོན་གལ་གནད་ཆེ་ཞིང་མཆོག་ཐུན་གྱི་དངོས་གྲུབ་སྒྲུབ་པ་ལ་ཉེ་བར་མཁོ་བ་ཁག་ཅིག་བསྒྲིགས་གནང་བ་མ་གཏོགས་དར་ཁྱབ་ཆེ་ཞིང་གྲངས་འབོར་ཆེ་བ་རྣམས་ཆ་ཚང་བཀོད་གནང་མཛད་མེད། དཔེར་ན་གནམ་ཆོས་ལྟ་བུ་ལ་མཚོན་ན་པོད་དགུ་ཙམ་ཡོད་པས་ཐམས་ཅད་གཏེར་མཛོད་དུ་བསྒྲིགས་ན་མང་དྲགས་པར་འགྱུར་བས་སོ། །ཡང་གཏེར་ཆོས་ཚད་ལྡན་ཡིན་ཡང་ཆོས་རྒྱུད་གྲུབ་མཐའ་ཕན་ཚུན་བར་ལ་རྙོག་གྲ་ཡོད་པའི་རིགས་རྣམས་བཀོད་མེད་པ་ནི་ཉིད་ཀྱིས་མཛད་པའི་གཏེར་མཛོད་དཀར་ཆག་ལས། གཏེར་ཆོས་སྔར་བྱོན་དང་གསར་བརྡོལ་ཤིན་ཏུ་མང་བས་ཐམས་ཅད་སྡུད་པར་མི་ནུས་ཤིང་། ཕྱོགས་ཞེན་ཙམ་གྱིས་བླང་དོར་དབྱེ་བསལ་ཆོས་སྤོང་གི་ལས་ནི་བགྱི་བ་ག་ལ་སྤོབས། འོན་ཀྱང་གཏེར་སྟོན་གྲུབ་ཐོབ་ཐམས་ཅད་ཀྱི་རྒྱལ་པོ་མཆོག་གི་སྤྲུལ་སྐུ་གསུམ། འཁྲུལ་མེད་གླིང་པ་བཅུ་གཅིག་གཙོ་བོར་གྱུར་པ་སྔོན་བྱོན་བསྟན་འཛིན་མཁས་གྲུབ་ཆེན་པོ་རྣམས་ལ་ཡོངས་སུ་གྲགས་པའི་གཏེར་རྙིང་རིགས་ལ་གཞི་བྱས། ཕྱིས་བྱོན་ཆོས་དང་གང་ཟག་ཚད་མར་གྱུར་ཀྱང་དུས་སྐབས་རྟེན་འབྲེལ་དབང་གིས་ཁ་ཅིག་གི་སྙན་ལམ་དུ་མཚན་ཙམ་ཡང་འབྱོན་དུ་མི་བཏུབ་པ་མང་དུ་སྣང་བ་རྣམས་ནི་རེ་ཞིག་བཏང་སྙོམས་སུ་བཞག ཡོངས་ལ་གྲགས་ཤིང་ང་ཁྱོད་ཀྱི་ཕྱོགས་འཛིན་ཆུང་བའི་ཕྱིས་ཀྱི་གཏེར་ཆོས་ཕལ་མོ་ཆེ་རྣམས་ཀྱང་དཀྱུས་སུ་བཀོད་པའོ། །ཞེས་གསུངས་པས་སོ། །དེར་བརྟེན་རྙིང་ཕྱོགས་ཀྱི་མཁས་པ་ཁ་ཅིག་གིས་རྙིང་མའི་གཏེར་ཆོས་ཚད་ལྡན་མང་པོ་མ་བཀོད་པར་བོན་གཏེར་འགའ་ཞིག་བཀོད་པ་འདི་དགོས་སར་ཆད། མི་དགོས་སར་ལྷག་པའི་སྐྱོན་འདུག་གསུངས་ནས་དགག་པ་ཡང་གནང་ཡོད། ཀོང་སྤྲུལ་རང་རྣམ་བྱུང་བ་བརྗོད་པའི་མཇུག་ན་ཐོས་པའི་ལག་རྗེས་རྩོམ་པ་ཇི་ལྟར་བྱས་པའི་ཚུལ་མཛོད་ཆེན་རྣམ་ལྔའི་ངོ་སྤྲོད་རོབ་ཙམ་ཞིག་གནང་འདུག་པ་དེར། རིན་ཆེན་གཏེར་མཛོད་དུ་ཟབ་གཏེར་བཞུགས་སུ་གསོལ་བའི་གཏེར་སྟོན་བརྒྱ་དང་ང་བརྒྱད་ཙམ་ཞིག་གི་མཚན་སྡོམ་ཚིག་ཏུ་བཀོད་འདུག ཡིན་ནའང་སྡོམ་ཚིག་དེ་དག་ཚིགས་བཅད་ཡིན་སྟབས་འགའ་ཞིག་མི་གཅིག་གི་མཚན་ཡིན་དང་མི་གཉིས་ཀྱི་མཚན་གང་ཡིན་གསལ་པོ་མ་གོ་བས་སླར་ཞིབ་ཏུ་དཔྱད་པར་བྱ། ཡང་རིན་ཆེན་གཏེར་མཛོད་ནང་དུ་གཏེར་ཆོས་ཁོ་ན་མ་གཏོགས་ཡོད་རྒྱུ་མ་རེད་དགོངས་མཁན་ཡང་ཡོད་སྲིད་མོད། ཡིན་ནའང་གསར་རྙིང་གི་མཁས་པ་གཞན་གྱིས་མཛད་པའི་གཏེར་ཆོས་དང་འབྲེལ་བའི་ཡན་ལག་གི་ཆོས་ཚན་ཡང་ཇི་སྙེད་ཅིག་བཞུགས་སུ་གསོལ་ཡོད་པ་མ་ཟད། རྩ་གཞུང་ཙམ་ལས་སྒྲུབ་ཐབས་དང་རྗེས་གནང་། དབང་ཆོག་རྣམས་གཏེར་གཞུང་དངོས་ལ་ཧ་ལམ་མེད་པས་དེ་དག་ཀྱང་སྨིན་གླིང་སྐུ་མཆེད་དང་། རྒྱལ་དབང་ལྔ་པ། འཇམ་མགོན་མཁྱེན་ཀོང་མཆོག་གསུམ་སོགས་ཀྱིས་མཛད་པའི་ཡིག་ཆ་ཤ་སྟག་དང་། གཞན་ཡང་རྗེས་འབྲེལ་དུ་བཞག་པ་མ་ཏིའི་ལུགས་ཀྱི་འཇམ་དཀར་སྒྲུབ་ཐབས་སོགས་ཕྱི་འགྱུར་དུ་གཏོགས་པའི་གདམས་ཟབ་ཁག་དང་། སྨིན་གླིང་ལོ་ཆེན་གྱིས་མཛད་པའི་སྒྲོལ་མ་མནྜལ་བཞི་ཆོག་དང་། དཔལ་མོའི་ལུགས་ཀྱི་སྨྱུང་གནས་སོགས་གཏེར་ཆོས་དང་འབྲེལ་བ་དམིགས་བསལ་མེད་པ་མང་པོ་ཞིག་ཀྱང་ཉེ་བར་མཁོ་བས་དབང་ལུང་ཐོབ་བདེ་བའི་ཕྱིར་ཞར་བྱུང་དཀྱུས་གཅིག་ཏུ་བསྒྲིགས་གནང་བ་མང་དུ་འདུག་གོ།

མུ་འགོད་་་་་་་

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།