སློབ་དཔོན་བཤད་སྒྲུབ་ཉིན་བྱེད།
མ་ཤེས་ཤེས་མདོག་བྱ་བ་བདུན་ཅུ་དོན་བརྒྱད།།
མ་འཇོན་འཇོན་མདོག་ཁས་ལེན་དགུ་བཅུ་གོ་དྲུག།
རིན་མེད་ཉོས་པའི་སེམས་ཁྲལ་སུམ་ཅུ་སོ་དགུ།
འདི་ཚོ་སློབ་དཔོན་སྐབས་ཀྱི་སྐད་ཆ་རེད་འདུག།
མ་དུལ་དུལ་བའི་ཚུལ་འཆོས་དྲུག་ཅུ་རེ་དྲུག།
མ་ཞི་ཞི་བའི་འཁྲབ་ཚན་ལྔ་བཅུ་ང་ལྔ།།
མ་བཙུན་བཙུན་པའི་རྣམ་ཐར་བཞི་བཅུ་ཞེ་བཞི།།
འདི་ཚོ་སློབ་དཔོན་ང་ཡི་གྲུབ་མཐའ་རེད་ཨང་།།
རྒན་ལགས་ཟེར་དུས་སྐྱོ་སྣང་བརྒྱ་དང་བཅུ་གཉིས།།
གཟན་སྣེ་འབེབས་དུས་ངོ་ཚ་ཉིས་སྟོང་ལྔ་བརྒྱ།།
གུས་ལུགས་བྱེད་དུས་ཞེད་སྣང་ཆིག་སྟོང་ཏག་ཏག།
འདི་རྣམས་སློབ་དཔོན་སྐབས་ཀྱི་རྣམ་ཐར་རེད་བཞག།
གནའ་དུས་མ་སྦྱངས་གནོང་འགྱོད་ཉི་ཤུ་རྩ་དགུ།
དེང་འདིར་དཀའ་བའི་སེམས་ངལ་ཉི་ཤུ་རྩ་དགུ།
གཞན་མགོ་བསྐོར་བའི་མཛད་པ་ཉི་ཤུ་རྩ་དགུ།
སློབ་དཔོན་ངོས་རང་ཉི་ཤུ་དགུ་དེ་རེད་འདུག།
གྲྭ་རྐྱང་སྐབས་ཀྱི་འཕག་འཚག་ལེ་དབར་ལྔ་སྟོང་།།
རང་དབང་སྨྲ་བའི་གཏམ་འཆལ་སྒྱེ་མོ་བཞི་བརྒྱ།།
གང་དྲན་ཡིག་ཚོགས་རྒྱ་མ་ཆིག་འབུམ་བཅུ་གཉིས།།
འདི་རྣམས་སློབ་དཔོན་དུས་སུ་སྒོ་ལྕགས་ཐེབས་སོང་།།
སློབ་དཔོན་ཟེར་ན་འཇག་མའི་ཀ་བ་བཅུ་གཉིས།།
ཁུར་དུ་ལྕི་བའི་གདུང་མ་ཉི་ཤུ་རྩ་བཞི།།
གུ་ཡངས་ངང་ནས་གཉིད་ཀྱི་ཐུན་ལ་བསྡད་ན།།
སློབ་ཕྲུག་སྐབས་སུ་རྨི་ལམ་སྐྱིད་ཤོས་རེད་བཞག།