ལོ་རིམ་དྲུག་པའི་སློབ་གཉེར་བ། བློ་བཟང་བརྩོན་འགྲུས།
བདག་འཛིན་མ་རིག་པའི་དྲྭ་བས།།
འཁོར་བའི་འདམ་རྙོག་ཏུ་བཅིངས་སོང་།།
མི་ཤེས་སྨག་རུམ་གྱི་འོག་ནས།།
ནམ་ཡང་ཐར་ཐབས་ཤིག་མི་འདུག།
འདོད་ཡོན་འཇའ་ཚོན་གྱི་ཆོས་ལ།།
སྲེད་པ་ཆགས་ཞེན་གྱིས་བཟི་ནས།།
སྤྱད་ན་ངོམས་རྒྱུ་ནི་མི་འདུག།
སྡུག་བསྔལ་རྐྱང་རྐྱང་རང་རེད་བཞག།
ཕྱི་རོལ་འདུ་བྱེད་ཀྱི་གཟུགས་ལ།།
རྣམ་པ་བཟང་ངན་ཞིག་སྣང་མོད།།
རེག་བྱ་ཚོར་སོགས་ཀྱིས་དབང་ལས།།
དོན་མེད་འཐབ་རྩོད་ལ་འཇུག་གི།
རྣམ་ཤེས་བར་དོ་ཡི་སེམས་པ།།
ངེས་མེད་དབྱར་ཁ་ཡི་གནམ་གཤིས།།
སྐྱིད་སྡུག་རྣམ་རྟོག་གི་རི་མོ།།
ཡོད་ཚད་དེ་ཉིད་ཀྱིས་བཟོས་བཞག།
རིགས་དྲུག་གར་འཁྱམ་གྱི་ཕུང་པོ།།
ང་ངའི་གཅེས་འཛིན་དུ་བལྟས་ནས།།
བླང་དོར་བཟང་ངན་ནི་མ་ཤེས།།
དུག་གསུམ་ང་རྒྱལ་ཀོ་འཕེལ་བྱུང་།།
སྡུག་བདེན་ཤ་ཁྲག་གི་ཕུང་པོར།།
རྐྱེན་ངན་ན་ཚ་ཡིས་མནར་དུས།།
བསྒྲུབས་པའི་དམ་ཆོས་ཤིག་མེད་ན།།
ཐོབ་ཀྱང་སྙིང་པོ་ནི་མི་འདུག།
རྣམ་གཡེང་ངན་པ་ཡི་འོག་ནས།།
བསྒྲུབ་བྱ་ཉམས་ལེན་ལ་མ་བརྩོན།།
ཀྱག་ཀྱོག་ལམ་འཕྲང་གི་ཟུར་ནས།།
ཡལ་ཡོལ་མི་ཚེ་འདི་རྫོགས་སོང་།།
རྙེད་དཀའི་དལ་འབྱོར་གྱི་མི་ལུས།།
ལན་གཅིག་སྟེས་དབང་གིས་ཐོབ་ཀྱང་།།
ཟང་ཟིང་ཆོས་བརྒྱད་ལ་གཡེངས་ཏེ།།
དོན་མེད་རྫོགས་པ་འདི་ཕངས་སོང་།།