སློབ་དཔོན་ཚུལ་ཁྲིམས་ཟླ་བ།
རྟག་ཏུ་འགྲོ་ལ་བརྩེ་བ་ཅན། །སྟོན་པ་བླ་མེད་སངས་རྒྱས་དང་།།
དབྱེར་མེད་གྲུབ་དབང་བླ་མ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ།།
རང་དང་གཞན་གྱི་སྤྱོད་པའི་ཚུལ། །ཐལ་ཆ་སྙོམ་སྒྲིག་ཚིག་དུམ་འགའ།།
སོ་སོར་དྲན་པའི་སྐུལ་མ་ཙམ། །གང་དྲན་དགོད་ལ་འཇུག་པར་བྱ།།
སུ་ཡིས་མ་བསྐུལ་རང་གར་དུ། །རང་འགན་མེད་བཞིན་གཞན་བྱས་དང་།།
མི་གཞི་བཟང་ངན་མཐོ་དམན་གྱི། །གཞན་ལ་ཞིབ་འཇུག་ཉུང་ན་ཡག།
རང་ཉིད་བརྙས་ན་མི་རུང་མོད། །ཅུང་ཟད་ཤེས་པའི་ང་རྒྱལ་གྱིས།།
འུར་སྒྲོག་གནམ་ས་འགེངས་པ་ཡི། །བྱ་བྱེད་ཉུང་ན་གཞན་ངོར་མཛེས།།
གང་དུ་སུ་དང་འགྲོག་ཀྱང་རུང་། །མི་བརྟན་ཚོར་བའི་རྗེས་འབྲངས་ཏེ།།
ཡུད་ཙམ་ཞིག་གིས་དགྲ་གཉེན་དུ། །བྱེད་པའི་བློ་རྩེ་འཕྲི་བར་གཅེས།།
བྱ་བ་ཆེ་ཆུང་གང་ཞིག་ཀྱང་། །མ་བརྩམས་གོང་དུ་རང་ངོས་ནས།།
བཟང་ངན་ཅི་བྱུང་རང་ཉིད་ཀྱིས། །རང་འགན་རང་གིས་ཁུར་བར་འོས།།
རང་གི་བྱ་བྱེད་རྣམ་ཀུན་ཏུ། །ཤིན་ཏུ་དག་པར་བཟུང་བ་ནི།།
རང་སྐྱོན་འགེབས་པའི་སེང་རས་ཏེ། །ཐོག་མར་ཞུ་དག་རང་ལ་བྱོས།།
ཐག་གཅོད་བྱས་པའི་དོན་གང་ཡང་། །འགྲུབ་མིན་མཐོང་ཐག་མ་ཆོད་གོང་།།
བློ་རྩེ་མང་པོས་བསྒྱུར་བཅོས་བརྒྱ། །ངལ་བའི་རྒྱུ་ཡིན་གཅིག་ལ་སྒྲིམས།།
ཆོས་དང་ཆབ་སྲིད་གང་ལ་ཡང་། །སྐྱོན་བརྗོད་ཁ་ལྕེ་མ་གཡུགས་སྔོན།།
ལེགས་ཉེས་བརྟགས་པའི་ཐུར་མ་ཡིས། །པུ་རིས་ཕྱེ་ན་འཇིགས་པ་མེད།།
ཤར་ནུབ་མི་རིགས་སྣ་ཚོགས་ཀྱི། །འདུ་ཤེས་སྤྱོད་ལམ་མི་གཅིག་པས།།
བཟང་ངན་མཐའ་གཅིག་འདི་འོ་ཞེས། །བསྟོད་སྨད་འུར་ན་རང་ཉིད་ནོངས།།
སློབ་བུ་མང་པོའི་མདུན་ས་ལ། །དགོས་རྒྱུའི་སློབ་ཚན་མི་བཤད་པར།།
མི་དགོས་འཆལ་གཏམ་དཀྲུགས་ཤིང་སོགས། །སློབ་མ་གཡང་ལ་འཕེན་བྱེད་ཡིན།།
བཤད་སྟངས་སྙན་མིན་ཇི་ལྟར་ཡང་། །སུ་ལའང་མི་ཕན་གཤེ་བའི་ཚིག།
བདེན་པ་ཡིན་རུང་རང་ཉིད་ཀྱིས། །མཆོག་ཏུ་བཟུང་ན་ལམ་གོལ་གཞི།།
ལྷག་བསམ་མཁོ་གལ་ཆེ་ན་ཡང་། །ལྷག་བསམ་རང་འདོད་དབང་སོང་ན།།
སྤྱི་ཚོགས་མི་བདེ་ངལ་བའི་རྒྱུ། །དེ་བས་གྲོས་ལ་འཇུག་པར་བཟང་།།
མཚན་ཉིད་ལྡན་མིན་ཇི་ལྟར་ཡང་། །རིས་མེད་དགེ་བའི་བཤེས་རྣམས་ལ།།
ངན་བཤད་ཚིག་གི་ཉེས་པ་ནི། །རང་ཉིད་ཉམས་པའི་རྒྱུ་ཡིན་གཟབ།།
མི་གཅིག་ཆོས་ལུགས་གྲུབ་མཐའ་ལ། །དད་མིན་རང་མོས་ཡིན་ཆོག་ཀྱང་།།
གཞན་ལ་སྐུར་འདེབས་བྱེད་པ་ནི། །ཟོག་པོའི་ལུགས་ཡིན་སྤངས་ན་མཛེས།།
རང་བྱས་རིན་ཐང་ཆེ་བ་ལྟར། །གཞན་ཡང་རང་དང་མཚུངས་གྱུར་ན།།
རྟག་ཏུ་རང་རློམ་ཁོ་ན་ཡིས། །གཞན་ལ་ཁྱད་གསོད་ཐ་ཤལ་ཡིན།།
ཟས་གོས་གནས་མལ་བཟང་པོ་ལ། །སོ་སོས་དགའ་བ་ཇི་བཞིན་དུ།།
གཞན་ཡང་དེ་དང་འདྲ་བས་ན། །ཆོག་ཤེས་གཞན་མགོར་གཡུག་རྒྱུ་མེད།།
དཀར་དམར་ཟས་ཀྱི་ཉེར་སྤྱོད་སོགས། །འོས་མིན་ཁ་རྩོད་རྒྱག་པ་ལས།།
རང་དཔེ་གཞན་འགེལ་ཤ་བཅུས་ཙམ། །རང་ཤའི་སྟེང་དུ་བྱོས་དང་གསལ།།
སྤྱི་ཚོགས་གང་ལ་ཞུགས་གྱུར་ཀྱང་། །རང་གི་ཞེ་འདོད་གྲུབ་པའི་རྗེས།།
འབྲེལ་མེད་རྡོ་བཞིན་གཡུག་པ་ནི། །མ་རབས་སྤྱོད་པའི་ཡང་རྩེ་ཡིན།།
དགོས་དུས་འཛུམ་བཞིན་འདྲིས་སྔ་ལ། །ཕྱི་ཐག་ཁྱི་རྔ་ལྟ་བུ་ནི།།
ཆོས་དང་འཇིག་རྟེན་གང་ལ་ཡང་། །ཁྲམ་པའི་ཚུལ་ཡིན་གཅིག་ལྟར་གྱིས།།
བླ་མ་ཕ་མ་དགེ་རྒན་གསུམ། །མི་ཚེའི་ལམ་ཆེན་བཟོ་མཁན་ཏེ།།
བདེ་དགའི་ས་ལ་ཕྱིན་པའི་རྗེས། །དྲིན་ཤེས་བསམ་པ་རྒྱུན་དུ་དགོས།།
དེ་ལྟ་སྣ་ཚོགས་གཏམ་གྱི་ཚོམས། །གང་དྲན་ཡི་གེར་བཀོད་པ་ནི།།
རང་གཤིས་བཅུན་པའི་ལྕག་ཙམ་ལས། །གཞན་ལ་སློབ་པའི་མཛུབ་སྟོན་མིན།།
༢༠༢༡/༡༠/༢༩