རང་དང་རྗེས་སུ་མཐུན་པའི་མཆེད་གྲོགས་རྣམས་ལ་གདམས་པ།

སློབ་དཔོན་ཚེ་དགའ་དབང་རྒྱལ།

རྙེད་པར་དཀའ་བའི་དལ་འབྱོར་ལུས་རྟེན་རྙེད།།
མཇལ་བར་དཀའ་བའི་བླ་མ་སངས་རྒྱས་མཇལ།།
འཕྲད་པར་དཀའ་བའི་དམ་པའི་ཆོས་དང་འཕྲད།།
དེ་གསུམ་འཐོབ་དུས་མི་ཚེར་དོན་སྙིང་དགོས།།

ལུས་ཀྱི་ལང་ཚོ་ངུར་སྨྲིག་གོས་ཀྱིས་འཚོ།།
ངག་གི་དབང་པོ་ལེགས་བཤད་གསུང་གིས་ཟིན།།
ཡིད་ཀྱི་ཤེས་རབ་ཐེག་མཆོག་ཆོས་དང་འཕྲད།།
འདི་གསུམ་འཛོམས་དུས་མི་ཚེར་རིན་ཐང་དགོས།།

ཐོས་པས་གསུང་རབ་རྒྱ་མཚོ་ཧུབ་ཀྱིས་བཏུངས།།
བསམ་པས་སྒྲོ་འདོགས་བླང་དོར་བརྡར་ཤ་བཅད།།
སྒོམ་པས་ངེས་དོན་ལྟ་བའི་རང་ཞལ་བཙལ།།
འདི་གསུམ་འཛོམས་དུས་གཞན་ཕན་རྒྱུད་སྦྱོང་དགོས།།

འཆད་པས་སྡེ་སྣོད་གསུམ་གྱི་བརྗོད་དོན་བཀྲལ།།
རྩོད་པས་དོན་མིན་ལྟ་ངན་ལྗན་ལྗིན་བསྲེགས།།
རྩོམ་པས་རྣམ་དག་ཚད་མའི་དགོངས་པ་བསྒྲུབས།།
འདི་གསུམ་འཛོམས་དུས་རྒྱལ་སྲས་གཤིས་ལྡན་དགོས།།

སྒོ་གསུམ་བླ་མས་བསྐྲུན་པའི་གླིང་ལ་འཁོར།།
རེ་འདུན་རྨི་ལམ་མང་པོ་འདི་ནས་འགྲུབ།།
འདི་ཕྱི་བར་དོ་གསུམ་དུའང་བླ་མ་རྗེ།།
མ་བརྗེད་རྟག་ཏུ་སྙིང་དབུས་དྲན་པ་དགོས།།

མི་ཚེའི་ལོ་ཟླ་རིང་མོ་ཆོས་ལ་གཏད།།
འཇིག་རྟེན་འཁོར་བའི་ལས་ལ་རྒྱབ་ཀྱིས་ཕྱོགས།།
ལུས་སེམས་དགེ་ལ་དབང་བའི་གྲོང་ཁྱེར་ནས།།
རང་རྒྱུད་རྣམ་དག་ཆོས་དང་འདྲེས་པ་དགོས།།

ཕྱི་ལ་བལྟས་ཚེ་འཇིག་རྟེན་སྲེད་པ་འཕེལ།།
ནང་དུ་སྡོམ་སྐབས་བྱིང་རྒོད་གཉིས་སུ་ལྷུང་།།
མི་སེམས་རླུང་གིས་སྤུར་བའི་བྱ་སྒྲོ་འདི།།
རྐྱེན་ངན་ལས་རླུང་དབང་དུ་མ་ཤོར་དགོས།།

སྐྱིད་ན་སྔོན་གྱི་བསོད་ནམས་སྟོབས་ལས་བྱུང་།།
སྡུག་ན་སྔོན་གྱི་སྡིག་པའི་མཐུ་ལས་བྱུང་།།
སྐྱིད་སྡུག་གང་འོང་རྒྱུ་འབྲས་རྟེན་འབྲེལ་ཏེ།།
བཟང་ངན་རྒྱུ་འབྲས་གཉིས་ལ་མ་རྨོངས་དགོས།།

བདེ་བ་ཐམས་ཅད་གཞན་ཕན་རྒྱུ་ལས་བྱུང་།།
མི་འདོད་ཐམས་ཅད་རང་དོན་ཤུལ་ལས་བྱུང་།།
ལས་ངན་ཀུན་ཀྱི་འཇུག་སྒོ་བདག་འཛིན་ཏེ།།
བདག་དོན་ཞེན་པའི་སྣང་བ་མ་མཐུག་དགོས།།

ཚེ་སྲོག་རླུང་གི་མར་མེ་གཞན་ཡུལ་འབར།།
འཚོ་བའི་དོན་སྙིང་མེ་ལོང་རྒྱང་ནས་མཐོང་།།
ལུས་སེམས་ལས་ལ་དབང་བའི་དུས་ཚིགས་འདིར།།
སྲིད་པའི་ཆོས་བརྒྱད་ཆེད་དུ་མ་ཞེན་དགོས།།

དམར་སེར་གོས་ཀྱི་མདངས་ལ་འདུན་པ་ཕྱོགས།།
དད་ལྡན་སྐྱབས་བསྔོའི་ཟས་ལ་ལྟོ་བ་གཏད།།
ཤི་གསོན་དཀོར་གྱི་ཁྲོད་ནས་ཚེ་རྒུད་དུས།།
རབ་བྱུང་ཚུལ་ཁྲིམས་གཙང་མ་ཅན་ཞིག་དགོས།།

ཁྲ་ཁྲ་སྒྱུ་མའི་སྣང་བ་མིག་ལ་མཛེས།།
སྲིད་པའི་ལོངས་སྤྱོད་ཕུན་ཚོགས་ཡིད་ལ་ཕྱོགས།།
ཕྱི་ཡི་ཟང་ཟིང་དྲི་ཟའི་གྲོང་ཁྱེར་ཁྲོད།།
ནང་གི་བླ་མའི་གདམས་ངག་མ་ཤོར་དགོས།།

འབྱུང་བཞིའི་བར་ཆད་བཙན་པོས་ཕྱི་ནས་བརྡུངས།།
ནད་དང་མུ་གེའི་སྐལ་ངན་ནང་ནས་མནར།།
དུས་སྙིགས་སྡུག་གི་རྒྱ་མཚོ་འཕྱོ་བའི་སྐབས།།
ཕ་གཅིག་ཨོ་རྒྱན་བླ་མ་མ་བརྗེད་དགོས།།

ཉོན་མོངས་དུག་གསུམ་སྤྲིན་ནག་ཀུན་ལ་ཁྱབ།།
རྒྱལ་ཕམ་དམག་འཁྲུག་ཆེན་པོས་རྒྱལ་ཁམས་ཟིན།།
ལྔ་བརྒྱ་དུས་ཀྱི་མཐའ་མའི་འཇིག་རྟེན་འདིར།།
སྐྱབས་གནས་མཚོ་སྐྱེས་རྡོ་རྗེ་མ་དོར་དགོས།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།