དགེ་ལྡན་བཟང་མོ། (ཤུག་གསེབ་དགོན།)
ཡན་ལག་བརྒྱད་ལྡན་དལ་འབབ་རིང་མོའི་རྒྱུན།།
ལྟ་ན་སྡུག་པའི་ལྗོན་ཤིང་མངོན་པར་རྒྱས།།
མཐོ་ལ་བརྗིད་པའི་གངས་ཀྱི་རི་བོ་སོགས།།
ངོ་མཚར་སྟོང་གིས་མཛེས་པའི་བསིལ་ལྡན་ལྗོངས།།
སྣ་ཚོགས་མདངས་དང་ལྡན་པའི་ཆུ་སྐྱེས་ཚོགས།།
འབྲུ་དྲུག་སྙེ་མའི་མགོ་ལྕོག་ལྡེམ་པའི་གནས།།
མཐོང་བས་ཀུན་ཡིད་འཕྲོག་པའི་སྟག་འཚེར་དུ།།
མགོན་པོ་གང་དེའི་མཚན་དཔེའི་པད་མོ་བཞད།།
ཡེ་ནས་རང་དོན་ཆོས་སྐུ་མངོན་མཛད་ཅིང་།།
སྙིང་རྗེས་གཞན་དོན་གཟུགས་སྐུའི་ཚུལ་འཆང་བ།།
མ་དག་སེམས་ཅན་ཐར་ལམ་འདྲེན་མཛད་པས།།
རྣམ་འདྲེན་རྒྱལ་བ་གཉིས་པ་ཁྱེད་མིན་སུ།།
དགུང་གྲངས་བཞི་ལ་ལྷ་ལྡན་རྒྱལ་སར་བསུས།།
འཁྲུལ་བྲལ་སྐྱེ་དགུའི་འདྲེན་པར་མངའ་གསོལ་ཏེ།།
བོད་འབངས་ཆོས་སྲིད་གསེར་གྱི་རྒྱལ་མཚན་བསྒྲེངས།།
གངས་ཅན་ལྗོངས་འདིར་ཉིད་ཀྱི་སྐུ་དྲིན་ཟབ།།
ཉེར་ལྔའི་ལོ་ལ་མཁས་མང་འདུས་པའི་དབུས།།
གསན་སྦྱང་མཐར་སོན་ལྷ་རམས་དམ་བཅའ་མཛད།།
མཁས་གྲུབ་རྒྱུ་སྐར་བྱེ་བའི་དབུས་ན་ཡང་།།
གང་སྐུ་ཟླ་བའི་འོད་དཀར་རྣམ་པར་གསལ།།
བསྟན་འགྲོའི་སླད་དུ་འཕགས་ཡུལ་ཞབས་སོར་འཁོད།།
རིས་མེད་བསྟན་པ་སྐྱོང་བར་ཆེས་དཔའ་བ།།
ཕྱག་རྒྱ་ཆེ་དང་རྫོགས་ཆེན་བསྐྱེད་རིམ་སོགས།།
ཁྱེད་ཐུགས་རྒྱ་མཚོའི་ཀློང་ན་ཆར་ལྟར་འཇོ།།
ལྷག་བསམ་འོ་མའི་རང་མདངས་བྱང་ཆུབ་སེམས།།
འཚེ་མེད་སྤྱོད་དང་རྟེན་འབྱུང་ལྟ་བས་སྤྲས།།
ཟབ་མོ་སྤྲོས་བྲལ་མངོན་དུ་གཟིགས་མཛད་པ།།
ལེགས་ཚོགས་འབྱུང་བའི་གཞི་མ་ཁྱེད་མིན་སུ།།
ཀུན་ལ་ཕན་པའི་ཐུགས་བསྐྱེད་ཟབ་མོ་དང་།།
ཉམ་ཐག་འགྲོ་རྣམས་བུ་ལྟར་བརྩེ་བས་བསྐྱངས།།
ཆོས་ཀྱི་རྒྱལ་པོ་བཤེས་གཉེན་ཚུལ་བཟུང་བ།།
བདག་ཅག་དད་པའི་འཁྲི་ཤིང་ཁྱེད་མིན་སུ།།
བདག་སོགས་སྙིགས་མའི་འགྲོ་བ་མ་ལུས་པ།།
འཁོར་བར་ཇི་སྲིད་གནས་པ་དེ་སྲིད་དུ།།
བྱམས་བརྩེའི་རླབས་ཀྱིས་རིང་དུ་མི་འདོར་བར།།
མི་ཤིགས་རྡོ་རྗེའི་ཁམས་སུ་རྟག་བརྟན་ཤོག།