ལུག་རྫིའི་རྣམ་ཤེས། (བོད།)
འདས་པའི་ལོ་ཟླའི་ནང་དུ།།
མང་པོ་ཞིག་ལ་འཕྲད་བྱུང་།།
མང་པོ་ཞིག་དང་བྲལ་སོང་།།
འཕྲད་པ་ལས་དབང་ཡིན་ན།།
བྲལ་བ་ལས་དབང་ལོས་ཡིན།།
ངན་བཤད་བྱེད་དགོས་མི་འདུག།
ཚེ་རབས་གྲངས་མེད་ནང་དུ།།
སྐྱེ་བ་མང་པོ་བླངས་འདུག།
འཆི་བ་མང་པོ་བྱུང་འདུག།
སྐྱེ་བ་ལྡོག་ཏུ་མེད་ན།།
འཆི་བ་ལྡོག་མེད་ལོས་ཡིན།།
སྨྲེ་སྔགས་འདོན་དགོས་མི་འདུག།
སྡུག་བསྔལ་རྒྱུ་ལས་བྱུང་ན།།
རྒྱུ་དེ་རང་གིས་མ་སྒྲུབ།།
བདེ་སྡུག་སེམས་ཀྱིས་མྱོང་ན།།
རང་སེམས་རང་གིས་བཅོས་ཆོག།
སེམས་པ་རྒྱ་ཡན་བཏང་ནས།།
མེད་མུག་འདོན་དགོས་མི་འདུག།