མཐའ་གཉིས་སུ་མ་ལྷུང་བར་གནང་རོགས།

སློབ་དཔོན་ཨོ་རྒྱན་བསྟན་འཛིན།

འདིར་ཐོག་མར་གསལ་བཤད་ཞུ་དགོས་པ་ཞིག་ལ། དེ་རིང་ངས་དུས་དེབ་པདྨའི་རང་མདངས་བརྒྱུད་ནས་འབོད་སྐུལ་ཐུང་ངུ་ཞིག་ཞུ་བར་འདོད། གང་ལ་ཞུ་བའི་ཡུལ་གཙོ་བོ་ནི། ནང་པ་སངས་རྒྱས་པའི་བསྟན་པའི་རྗེས་སུ་ཞུགས་ནའང་རང་དོན་དང་གཞན་དོན་ཅི་ཡང་མ་འགྲུབ་པར་བར་མ་དོ་རུ་འཁྱམ་པའི་རང་དང་སྐལ་བ་མཉམ་པའི་རིགས་ཅན་གང་ཟག་ལས་དང་པོ་བ་རྣམས་ལ་གསལ་འདེབས་ཙམ་ཡིན་གྱི། དེ་ལས་གཞན་དུ་བསྟན་པའི་སྙིང་པོ་ཐེག་པ་ཆེན་པོའི་མདོ་སྡེའི་དགོངས་དོན་གཞན་ཕན་གྱི་བསམ་སྤྱོད་ཁུར་དུ་བཞེས་པའི་སྐྱེས་བུ་དམ་པ་རྣམས་དང་། གནས་སྐབས་གཞན་དོན་རྒྱ་ཆེར་མ་འགྲུབ་ཀྱང་རང་ཉིད་འདི་ཕྱིའི་བདེ་ཐབས་སོགས་ལ་སྔ་ས་ནས་གྲ་སྒྲིག་ཚགས་སུ་ཚུད་པའི་མཁས་པ་རྣམས་ལ་ནི། སྤྱན་རས་གཟིགས་ལ་མ་ཎིིའི་ཕན་ཡོན་བཤད་པ་ལྟ་བུར་འགྱུར་པས་ཞུ་བའི་འདུན་པ་ནམ་ཡང་མེད། རྩོམ་ཐུང་འདིའི་བརྗོད་དོན་སྙིང་པོ་ནི། རང་གི་རང་དོན་ཙམ་ཡང་སྒྲུབ་མི་ཤེས་པའི་གླེན་པ་མདོ་མེད་ཀྱི་མཐའ་དང་། རང་གི་དོན་དུ་གཞན་ལ་ཅི་ཡང་བྱེད་ཕོད་པའི་སྤྱང་པོ་ཁྲེལ་མེད་ཀྱི་མཐའ་གཉིས་སུ་མ་ལྷུང་བར་མི་ཚེ་དོན་དང་ལྡན་པ་ཞིག་གནང་རོགས་ཞེས་འབོད་སྐུལ་ཞུ་བ་ལགས་སོ།།

ཐོག་མར་རང་དོན་གཙིགས་སུ་འཛིན་དགོས།

སྤྱིར་འགྲོ་བ་མིའི་རིགས་སུ་གཏོགས་པ་སུ་ཡིན་རུང་རང་རང་ལ་དགའ་ཕྱོགས་མི་འདྲ་བ་རེ་དང་། རང་རང་ལ་དམིགས་ཡུལ་མི་འདྲ་བ་རེ་ཡོད་པ་ནི་སྨོས་མི་དགོས། འོན་ཀྱང་ཐམས་ཅད་ལ་ཐུན་མོང་གི་འདོད་པ་ཞིག་ཡོད་པ་ནི་རང་རང་བདེ་བའི་ཆེད་དུ་བྱ་བ་ཆེ་ཕྲ་སྣ་ཚོགས་ལ་འབད་པ་བརྒྱ་ཕྲག་གིས་ཤ་ཐང་ཆད་ཆད་དུ་བརྩོན་དང་བརྩོན་བཞིན་པ་དེ་ཡིན་ཏེ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། གྲོག་མ་མིག་མེད་བདེ་བའི་ཆེད་དུ་རྒྱུག །ས་འབུ་རྐང་མེད་བདེ་བའི་ཆེད་དུ་རྒྱུག །མདོར་ན་འཇིག་རྟེན་ཐམས་ཅད་བང་འགྲན་ནས། །གཅིག་ལས་གཅིག་མགྱོགས་བདེ་བའི་ཆེད་དུ་རྒྱུག །གསུངས་པ་ལྟ་བུ་རེད། བྱ་བ་དེ་ལ་རྒྱ་ཆེ་ཆུང་དང་ཚད་མཐོ་དམན་སྣ་ཚོགས་པ་ཡོད། འགའ་ཞིག་ཆོས་ལུགས་ལྟ་གྲུབ་དང་འབྲེལ་བའང་ཡོད་ལ། ཕལ་ཆེ་བ་འཇིག་རྟེན་པའི་རྒྱུན་གྱི་འཚོ་བའི་གོམས་སྲོལ་ཙམ་གྱི་ཐོག་ནས་འཇུག་པ་ཤིན་ཏུ་མང་། དེ་དག་ཀྱང་གཏན་ནས་སྒྲུབ་མི་འོས་པའི་བྱ་བ་དམན་པ་སྐྱོན་ཅན་ཞིག་ག་ལ་ཡིན་ཏེ། ཇི་སྲིད་བདག་འཛིན་གྱི་མདུད་པ་དམ་པོ་བདག་མེད་རྟོགས་པའི་ཤེས་རབ་ཀྱི་རལ་གྲིས་རྩད་ནས་བཅད་དེ། ཁམས་གསུམ་འཁོར་བའི་གྲོང་ཁྱེར་ལ་གྱེས་ཕྱག་མ་ཕུལ་གྱི་བར་དུ་གང་ཟག་མཆོག་དམན་སུ་ལའང་རང་དོན་གྱི་བསམ་པ་ཡོད་ངེས་ཡིན་ལ། ཡོད་འོས་པ་ཞིག་ཀྱང་རེད། རྒྱུ་མཚན་ནི་རང་དོན་རང་གཅེས་ཀྱིས་རང་གི་མ་འོངས་པའི་བདེ་སྡུག་གི་འགན་ཁུར་ཏེ་རང་ནུས་ཡོད་ཚོད་ཀྱིས་བྱ་བ་ཆེ་ཕྲ་གང་ཡིན་ཡང་འབད་པས་སྒྲུབ་པ་ནི་ཆོས་དང་འཇིག་རྟེན་གཉིས་ཀའི་ཐུན་མོང་གི་འགྲོ་ཕྱོགས་ཡིན་པའི་ཕྱིར་ཏེ། བདག་ཅག་གི་སྟོན་པས། བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ནི་སུ་ཞིག་མགོན་དུ་འགྱུར།། བདག་ཉིད་བདག་གི་མགོན་གྱུར་པའི། །མཁས་པས་དོན་རྣམས་འཐོབ་པར་འགྱུར། །ཞེས་གསུངས་པའི་ཕྱིར་དང་། འཇིག་རྟེན་པའི་གཏམ་དཔེ་ལའང་། རང་རིན་པོ་ཆེ་ཡིས་མ་བསྐྱབས་ན། །རོགས་རིལ་མ་མགོ་ཡིས་མི་སྐྱོབ། །ཟེར་བ་ལྟར་ཡིན།

དེས་ན་འགྲོ་བ་མིའི་རིགས་སུ་གྱུར་པ་སུ་ཞིག་ཡིན་རུང་ཐོག་མར་རང་གི་མི་ཚེ། རང་གི་འཚོ་བ། རང་གི་བྱ་བ། རང་གི་བདེ་སྐྱིད་སོགས་ལ་གཙིགས་སུ་འཛིན་དགོས། དཔེར་ན། འཇིག་རྟེན་ཁྱིམ་པ་ཞིག་ཡིན་ན་ཕ་མ་རྒན་རབས་སོགས་ཀྱི་རྗེས་སུ་བསླབས་ཏེ་རང་གི་མི་ཚེའི་བདེ་སྐྱིད་དང་། དཔལ་འབྱོར་ཡར་རྒྱས་ལ་སོགས་པའི་ཆེད་དུ་ཚོང་ལས་དང་། ཞིང་ལས་སོགས་སྲོལ་རྒྱུན་གྱི་འཚོ་ཐབས་སྣ་ཚོགས་དང་། ཚན་རིག་ལག་ཤེས་སོགས་དེང་དུས་དང་མཐུན་པའི་སློབ་སྦྱོང་ལ་འབད་ནས་རང་དོན་རང་གིས་སྒྲུབ་དགོས་པ་བཞིན། ང་ཚོ་ཆོས་སྒོར་ཞུགས་པའི་གྲྭ་བཙུན་སུ་ཞིག་ཡིན་རུང་སྔོན་བྱོན་དམ་པ་གོང་མ་རྣམས་ཀྱི་རྗེས་སུ་འཇུག་པ་ཡིན་དུས། ཁོང་རྣམས་ཀྱི་མཛད་པ་ཐམས་ཅད་ཇི་ལྟ་བ་བཞིན་སྒྲུབ་མ་ནུས་ཀྱང་དེ་དང་ཁ་ཕྱོགས་མ་འཛོལ་བ་ཞིག་ངེས་པར་དགོས་པས། རྒྱུན་ལྡན་གྱི་འཚོ་བ་ཧ་ཅང་རྒྱས་སྤྲོས་མ་ཡིན་པར་འདོད་ཆུང་ཆོག་ཤེས་ངང་ནས། རང་གིས་གང་ཁས་བླངས་པའི་དགེ་ཚུལ་སློང་གི་འདུལ་ཁྲིམས་སོགས་བསྟན་པའི་གཞི་མ་ཚུལ་ཁྲིམས་རྣམ་པར་དག་པ་གཞིར་བཞག་པའི་སྟེང་དུ། བསྟན་པའི་སྙིང་པོ་སྤོང་ཀློག་གི་བྱ་བ་གཉིས་པོ་ལ་འབད་པ་གཙོ་བོར་བྱས་ཏེ། རང་ནུས་གང་ལྕོགས་ཀྱིས་བསྟན་པའི་འབྲས་བུ་གཞན་ཕན་ལྷག་པའི་བསམ་སྤྱོད་ཁུར་དུ་ཁྱེར་དགོས་པ་ནི་ཕྲག་ཏུ་བབ་པའི་ལས་འགན་ཡིན་པས། ཐོག་མར་ལང་ཚོ་དར་ལ་བབ་ཅིང་གཞོན་ནུ་བློ་རིག་བཀྲ་བའི་དུས་སུ་དགེ་རྒན་བཟང་པོ་ཞིག་བསྟེན་ནས་ཐོས་བསམ་ལ་བརྩོན་པ་ཆེ་ཐང་དུ་བྱ་རྒྱུ་དང་། དེ་ཡང་འཛིན་གྲོགས་ནང་ཕན་ཚུན་ཤེས་ཡོན་ལ་འགྲན་རྩོད་ཀྱི་རྣམ་པ་ལྟ་བུ་ཡོད་ནའང་གནས་སྐབས་མི་རུང་བ་མེད་པ་མ་ཟད་སློབ་སྦྱོང་ཡར་སྐུལ་གྱི་ཤུགས་རྐྱེན་ཆེ་རུ་འགྲོ་སྲིད། སློབ་སྦྱོང་དེའང་སྙིགས་དུས་ཀྱི་མི་ཚེ་ཐུང་ངུ་ཞིག་ལ་མདོ་སྔགས་རིག་གནས་བཅས་པ་ཐམས་ཅད་བྱང་ཆུབ་པར་དཀའ་མོད་ཀྱང་། གཞན་རྣམས་ཞར་བྱུང་ཙམ་དུ་བྱས་ཤིང་རང་ཉིད་གང་ལ་མོས་པ་ཆེ་བའི་གཞུང་ལུགས་སམ་རིག་གནས་དེ་ལ་ཆེད་སྦྱོང་ལྟ་བུས་འབད་པ་གནང་ན་མ་འོངས་པར་སྤྱི་ཚོགས་དང་རང་གཞན་མི་སྒེར་སུ་ལའང་དེས་ཕན་ཐོགས་ཆེ་བར་ངེས་ཏེ། འཇམ་མགོན་མི་ཕམ་ཆོས་རྗེའི་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་ལས། ལེགས་པར་མཐར་ཕྱིན་སྦྱངས་གྱུར་ན། །གཞུང་གཅིག་ཤེས་ཀྱང་ཉི་མ་བཞིན། །ཐེ་ཚོམ་དང་བཅས་གཞུང་མང་པོ། །འཛིན་རློམ་བྱས་ཀྱང་སྒྱུ་སྐར་འདྲ། །ཞེས་གསུངས་པ་ལྟ་བུ་ཡིན། དེ་དག་ཀྱང་ཕལ་ཆེར་ལས་དང་པོ་བའི་སྐབས་སུ་རང་དོན་གྱི་བསམ་བློ་འབའ་ཞིག་གིས་སྒྲུབ་དགོས་ཏེ། ངས་གཞན་ལས་ལྷག་པའི་ཚུལ་ཁྲིམས་སྲུང་དགོས། ངས་གཞན་ལས་ལྷག་པའི་སློབ་སྦྱོང་བྱེད་དགོས། ངས་གཞན་ལས་ལྷག་པའི་བསྟན་པ་དང་འགྲོ་བའི་ཞབས་ཏོག་སྒྲུབ་དགོས་སྙམ་པ་ལྟ་བུ་ཡིན།རང་གི་དོན་དུ་གཞན་ལ་གནོད་པ་མ་བྱེད།

དེ་ལྟར་ཐོག་མར་རང་དོན་ལ་གཙོ་བོ་བྱེད་དགོས་པ་ཡིན་མོད། འོན་ཀྱང་གོལ་ས་ཞིག་ཡོད་པ་ནི། རང་ཉིད་བདེ་བའི་ཆེད་དུ་གཞན་གྱི་བདེ་སྡུག་ལ་སྣང་མེད་གཏོང་བ་ནི་དྲང་བདེན་མིན་པའི་བྱ་བ་ཐ་ཆད་པ་ཞིག་རེད། འགྲོ་བ་མི་ཙམ་དུ་མ་ཟད་ཚོར་བ་བདེ་སྡུག་ཁོ་ནའི་ཆེད་དུ་ཉིན་མཚན་བར་མེད་ལ་བྲེལ་བའི་སེམས་ལྡན་གྱི་སྐྱེ་འགྲོ་སུ་ཞིག་ཡིན་ཡང་བདེ་བ་འཐོབ་པར་འདོད་ལ། སྡུག་བསྔལ་དང་འབྲལ་བར་འདོད་པ་གཅིག་མཚུངས་ཡིན་པ་མ་ཟད། བདེ་བ་སྒྲུབ་པ་དང་སྡུག་བསྔལ་སེལ་བའི་ཐབས་ལ་བརྩོན་པའི་ཐོབ་ཐང་ཡང་གཅིག་མཚུངས་ཡིན། རང་དང་གཞན་སེམས་ཅན་རྣམས་སྔོན་གྱི་ལས་བསགས་པ་མི་འདྲ་བའི་དབང་གིས་ད་ལྟ་གནས་སྐབས་གཟུགས་དང་ལང་ཚོ་བཟང་ངན། སྟོབས་དང་ནུས་པ་ཆེ་ཆུང་། བསམ་བློའི་རྣམ་རིག་བཀྲ་མིན་སོགས་སྣ་ཚོགས་པ་ཞིག་བྱུང་ཡང་། ང་ཚོ་ནི་འཇིག་རྟེན་བྱེད་པ་པོས་བཀོད་པ་མ་ཡིན་ལ། ལྷ་ཀླུ་མཐུ་བོ་ཆེ་སུ་གང་གི་ཕོ་ཉ་ཡང་མ་ཡིན། གཞན་དུད་འགྲོ་ལ་སོགས་པ་ཉམ་ཆུང་གི་སེམས་ཅན་འདི་དག་ང་ཚོའི་ལོངས་སྤྱོད་ཆེད་དུ་སུ་གང་གིས་བཀོད་སྒྲིག་བྱས་ཏེ་བཏང་བ་མ་ཡིན། འོ་ན་གང་ཡིན་ཞེ་ན། འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལས། སེམས་ཀྱི་ས་བོན་ལས་རྣམས་ནི། །འདི་ལྟར་ཀུན་ནས་མཐའ་མེད་དོ། །ལས་རྣམས་ཀྱང་ནི་སྣ་ཚོགས་ལ། །དེ་ཡིས་འགྲོ་འདི་སྣ་ཚོགས་བྱས། །དེ་བཞིན་གཤེགས་པ་མ་གཏོགས་པར། །སེམས་དང་ལྡན་པས་ཤེས་པར་དཀའ། །ཞེས་གསུངས་པ་ལྟར་རང་གཞན་ཚང་མ་མཐོ་དམན་ངེས་པ་མེད་པའི་སྲིད་པའི་གྲོང་ཁྱེར་ཆེན་པོ་འདིར་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་། རང་རང་གིས་འཁོར་བ་ཐོག་མ་མེད་པ་ནས་བསགས་བསགས་པའི་ལས་དཀར་ནག་གི་རྗེས་སུ་འབྲངས་ཏེ། འབྲས་བུ་བདེ་སྡུག་ལ་ལོངས་སུ་སྤྱོད་ནས་རང་དབང་མེད་པར་འགྲོ་དགོས་པའི་མགྲོན་པོ་ཤ་སྟག་ཡིན། མ་འོངས་པའི་བདེ་སྡུག་ཀྱང་གཙོ་བོར་གཞན་ལ་རག་མ་ལས་པར་སྔོན་ནས་ད་ལྟའི་བར་གྱི་རང་རང་གི་ལས་བསགས་པ་བཟང་ངན་ལ་ལྟོས་ཏེ་གནས་ཡོད། དེས་ན་རང་གི་བདེ་སྡུག་གི་ཆེད་དུ་གཞན་ལ་ཅི་ཡང་བྱེད་ཆོག་པར་འདོད་པའི་ཕྱོགས་སུ་ལྷུང་བའི་རང་འདོད་ཀྱི་བསམ་བློ་ངན་པ་དོར་ཏེ་རྒྱུ་འབྲས་དྲང་བདེན་གྱི་ལམ་ནས་འཚོ་བ་སྐྱེལ་ཞིང་གཞན་ལ་ཕན་འདོགས་མ་ནུས་ནའང་གནོད་མི་སྐྱེལ་བའི་དམ་བཅའ་བརྟན་པོའི་ཐོག་ནས་མི་ཚེ་ཐུང་ངུ་འདི་འཇམ་ཐིང་ངེར་རྫོགས་སོང་ན་སྤྱི་སྒེར་སུ་ལའང་བརྡབ་གསིག་མེད་པ་ཤིན་ཏུ་བཟང་།

དེ་ལས་གཞན་དུ་ཡུན་ཐུང་བའི་མི་ཚེ་འདི་གཞན་ལ་སུན་པོ་བཟོ་མཁན་ལྟ་བུ་ཆགས་སོང་ན་འདི་ཕྱི་གཉིས་སྡུག་ལས་ཅི་ཡང་མེད། ལར་བསྟན་འགྲོའི་དོན་ཆེན་མཛད་པའི་སྐྱེས་བུ་དམ་པ་རྣམས་ནི། གསེར་ས་འོག་ཏུ་ཡོད་ཀྱང་འོད་ནམ་མཁའ་ལ་ཁྱབ་པའི་དཔེ་ལྟར་གནས་གང་ན་བཞུགས་ཀྱང་སྙན་གྲགས་དང་མཛད་འཕྲིན་ཀུན་ཀྱིས་མཐོང་ཐོས་སུ་གྱུར་པ་ཞིག་ཏུ་མ་བསམས་ཀྱང་འགྱུར་འགྲོ། དེ་ལས་གཞན་དུ་རིག་འཛིན་འཇིགས་མེད་གླིང་པས། གཞན་དོན་རླབས་ཆེན་སྤྱོད་པའི་མཐུ་ཆུང་ཡང་། །རང་དོན་ཆོས་བཞིན་སྤྱོད་པའི་ཀུ་སུ་ལུ། །ཉམ་ཆུང་གྱི་ནས་འཚོ་བའི་ཆོས་ལྡན་རྣམས། །གསུངས་པ་ནང་བཞིན་ད་ལྟ་གཞན་དོན་དངོས་སུ་སྒྲུབ་པའི་ནུས་པ་ཆེར་མེད་པའི་ཆོས་པ་ཉམ་ཆུང་རྣམས་ནི་སུས་ཀྱང་གར་ཡོད་མི་ཤེས་པར་ཁ་ཁུ་སིམ་པོའི་ངང་དུ་བཞུགས་ན་ཤིན་ཏུ་ལེགས་ཀྱི། གཞན་ལ་ཇུས་གཏོགས་ཁོ་ནས་དྲྭ་ཐོག་ཚུན་ཆོད་ལ་ཁ་ལག་མང་པོས་གཞན་སེམས་དཀྲུག་གིན་བསྡད་ན་རང་ལ་གནོད་པ་མ་ཚད་བསྟན་པ་སྤྱི་ལའང་མ་དད་པའི་རྒྱུར་འགྲོ་ངེས་པས་ཤིན་ཏུ་གཟབ་དགོས། ནང་པ་སངས་རྒྱས་པའི་ལྟ་བ་ཐམས་ཅད་ཀྱི་གཞི་རྩ་ལྟ་བུ་འཇིག་རྟེན་ཡང་དག་གི་ལྟ་བ་ཞེས་པ་དེའང་ལས་རྒྱུ་འབྲས་ལ་ཡིད་ཆེས་པའི་ཤེས་རབ་ཅིག་ལ་ངོས་འཛིན་དགོས་པ་ཡིན་ཞིང་། འཇིག་རྟེན་པའི་ལུགས་ལའང་བསམ་བཟང་དྲང་བདེན་གྱི་ལམ་ནས་གཞན་ལ་ཕན་ཅི་ཐོགས་བྱེད་པ་ཞིག་ལ་མི་བཟང་པོའི་ཚད་དུ་འཇོག་དགོས་པས། དེ་ལྟ་བུའི་རིན་ཐང་གི་ལྟ་བ་མ་འཆུགས་པའི་ཐོག་ནས་མི་ཚེ་འཁྱོལ་སོང་ན་རང་ཉིད་བློ་བདེ་ཞིང་གཞན་གྱིས་སྨོན་འོས་པ་ཞིག་འོང་ངེས། ད་ལྟ་འཛམ་གླིང་འདིར་མཐོང་ཐོས་སུ་གྱུར་པའི་ཆོས་ལུགས་འདྲ་མིན་མང་པོའི་ནང་། འདྲ་མཉམ་དྲང་བདེན་དང་། འཚེ་མེད་ཞི་བདེ་ཟེར་བ་ཙམ་རེ་ཡོད་འདུག་ཀྱང་། མཐར་གཏུགས་ན་རང་གི་འདོད་དོན་ག་གེ་མོ་ཞིག་སྒྲུབ་པའི་ཆེད་དུ་རང་དང་ཆོས་ལུགས་གཅིག་པ་རྣམས་སམ། ཡང་ན་འགྲོ་བ་མིའི་རིགས་སུ་གཏོགས་པ་ཙམ་ལ་དམིགས་པའི་ཕྱོགས་ལྷུང་ཅན་ཁོ་ན་ལས། དོན་དངོས་ཡོད་ཀྱི་འདྲ་མཉམ་དྲང་བདེན་གྱི་ལྟ་བ་དང་། འཚེ་མེད་ཞི་བའི་སྤྱོད་པ་ཕྱོགས་སུ་མ་ལྷུང་བ་ནི་དྲང་སྲོང་ཆེན་པོ་བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཚད་མེད་པ་དང་ལྡན་པ་གང་ཉིད་ཀྱི་རིང་ལུགས་དམ་པ་ནང་པའི་གཞུང་དུ་གསུངས་པ་ལྟ་བུ་ནི་གཞན་སུ་ལའང་མེད་པ་མངོན་གསལ་རེདསྟོན་པ་ཐུགས་རྗེ་ཅན་གྱི་རྗེས་འཇུག་རྣལ་མ་ཞིག་ཡིན་ནས་བཟུང་གཞི་རྩའི་ཁ་ཕྱོགས་ནི། སོ་སོར་ཐར་པའི་མདོ་ལས། བཟོད་པ་དཀའ་ཐུབ་དམ་པ་བཟོད་པ་ནི། །མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུངས། །རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང་། །གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། །ཞེས་པ་འདི་ཡིན་པས། སྐྱབས་འགྲོའི་བསླབ་བྱ་ནས་བཟུང་སྟེ་ཐེག་པ་ཆེ་ཆུང་གི་ཆོས་གང་ཉམས་སུ་བླང་ཡང་རང་གི་ཆེད་དུ་གཞན་ལ་གནོད་པ་བྱེད་མི་རུང་བ་གཞི་རྩ་འཛིན་དགོས། འོན་ཀྱང་རང་ཅག་ལྟ་བུ་ལས་དང་པོ་བ་ཞིག་གིས་ཐོག་མར་སེམས་ཅན་ལ་གནོད་པ་གཏན་ནས་མི་སྐྱེལ་བ་ཞིག་འོང་དཀའ་ཡང་གཙོ་བོ་བསམ་བཞིན་དུ་གཞན་ལ་གནོད་པ་མི་བྱེད་པ་དང་། གཞན་གྱི་སྲོག་ལ་རྒོལ་བ་ལྟ་བུ་གནོད་པ་ཆེན་པོ་ནམ་ཡང་མི་བྱེད་སྙམ་པའི་དམ་བཅའ་སེམས་ལ་ཡོད་ན། རང་བཞིན་གྱིས་འཛེམ་བག་དང་ལྡན་པས་ལུས་ངག་གི་སྤྱོད་ལམ་སྐབས་སུའང་གཞན་ལ་གནོད་མི་སྐྱེལ་བའི་དགོས་པ་ཆེན་པོ་ཡོད་ངེས།

མཐའ་གཉིས་སུ་མ་ལྷུང་བའི་བསམ་སྤྱོད་ལ་སློབ་དགོས།

བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གང་ཉིད་ཤེས་བྱ་ཀུན་ལ་མ་རྨོངས་པའི་མཁྱེན་པ་བླ་ན་མེད་པ་མཐར་ཐུག་པ་མངོན་དུ་གྱུར་ཟིན་པ་ལ་བརྟེན། གང་གི་བརྩེ་བ་ཐུགས་རྗེ་ཆེན་པོའི་བདག་རྐྱེན་ལས་བྱུང་བའི་ནང་པ་སངས་རྒྱས་པའི་རིང་ལུགས་ཟབ་མོ་འདི་ནི་ལྟ་སྒོམ་སྤྱོད་པ་གང་གི་ཆ་ནས་བསམས་ནའང་། གཞན་ལས་ཁྱད་པར་འཕགས་པའི་ཆོས་ཚུལ་རྨད་དུ་བྱུང་བ་ཞིག་སྟེ། དེ་ཡང་ཤེས་བྱའི་ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་པ་གཏན་ལ་འབེབས་པའི་ལྟ་བ་ལ་བསམ་ན་ཡོད་པ་རྟག་པའི་མཐའ་དང་། མེད་པ་ཆད་པའི་མཐའ་གཉིས་དང་བྲལ་བ་རྟེན་འབྲེལ་ཟབ་མོའི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་བསྟན་པར་མཛད་པའི་ཚུལ་ནི། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མ་རྩ་བ་ཤེས་རབ་ལས། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟ་བུ་དང་ལྟ་བས་གཏན་ལ་ཕབ་པའི་དོན་དེ་ཉིད་ཐབས་ཤེས་ཡ་མ་བྲལ་བ་ཞི་ལྷག་ཟུང་དུ་འཇུག་པའི་སྒོ་ནས་རང་གི་རྒྱུད་ཀྱི་ཉོན་མོངས་པའི་གཉེན་པོར་རིམ་བཞིན་ཇི་ལྟར་འདྲིས་ཤིང་གོམས་པར་བྱེད་པའི་ཚུལ་ནི། རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། །ཞེས་གསུངས་པ་ལྟ་བུ་དང་། ནང་གི་ལྟ་སྒོམ་ཟབ་མོ་དང་རྗེས་སུ་མཐུན་པར་ཕྱི་ཡི་ལུས་ངག་གི་སྤྱོད་པའང་མཐའ་གཉིས་སུ་མ་ལྷུང་བར་ཡང་དག་པའི་ལམ་ལ་ཇི་ལྟར་གནས་པའི་ཚུལ་ནི། ཇི་སྐད་དུ། མཐའ་གཉིས་སྤངས་པའི་བསོད་སྙོམས་ཟས་ཀྱིས་འཚོ། །ཞེས་པ་ལྟར། སྤྱིར་དམ་ཆོས་འདུལ་བའི་སྐབས་སུ་གོས་ཕྱག་དར་ཁྲོད་དང་། ཟས་བསོད་སྙོམས། གནས་ཤིང་དྲུང་། སྨན་བཀུས་ཏེ་བོར་བ་ལྟ་བུ་རྙེད་སླ་ཞིང་ཞེན་པ་ཆུང་བའི་རིགས་ལ་བརྟེན་དགོས་པར་གསུངས་མོད། ཡང་འབད་རྩོལ་མེད་པར་རྙེད་ཅིང་ཞེན་ཆགས་མི་སྐྱེ་ན་གོས་བཟང་པོ་ཀརྵ་པ་ན་འབུམ་རི་བ་དང་། ཟས་བཟང་པོ་རོ་བརྒྱ་པ། ཁང་པ་བརྩེགས་པ་ལྔ་བརྒྱ་པ། སྨན་བཟང་པོ་རོ་ནུས་ཕུན་སུམ་ཚོགས་པའང་ལོངས་སུ་སྤྱོད་ཆོག་པར་གསུངས་ཏེ། འདོད་པ་བསོད་ཉམས་ཀྱི་མཐའ་ཞེས་པ་འདོད་ཡོན་ཧ་ཅང་རྒྱས་སྤྲོས་ཀྱིས་གཡེངས་ཏེ་སྤོང་ཀློག་གི་བར་ཆད་དུ་འགྱུར་བ་དང་། ངལ་ཞིང་དུབ་པའི་མཐའ་ཞེས་པ་ཟས་གོས་གནས་མལ་སོགས་ཀྱི་མཐུན་རྐྱེན་ཧ་ཅང་ཞན་པས་ལུས་སྲོག་དང་དགེ་སྦྱོར་གྱི་བར་ཆད་དུ་འགྱུར་བ་གཉིས་ཀ་སྤངས་ནས་མཐའ་གཉིས་སུ་མ་ལྷུང་བའི་འཚོ་བ་ལ་ལོངས་སུ་སྤྱོད་དེ། སྟོན་པའི་རྗེས་འཇུག་རྣམས་ཀྱིས་སྒྲུབ་དགོས་པའི་བྱ་བ་གཙོ་བོ་སྤོང་བ་བསམ་གཏན་དང་། ཀློག་པ་ཐོས་བསམ་གྱི་ལས་ལ་ཅི་ནུས་ཀྱིས་འཇུག་པར་གསུངས་སོ། །སྤྱིར་རང་ཅག་ནང་པ་སངས་རྒྱས་པའི་རིང་ལུགས་འདི་ནི་ཐམས་ཅད་སྐྱེ་བ་སྔོན་གྱི་ལས་ཡིན་པར་བརྗོད་ཅིང་ཚེ་འདིའི་འགལ་སྤོང་མཐུན་སྒྲུབ་ཀྱི་རྒྱུ་རྐྱེན་ལ་ཁྱད་དུ་གསོད་པའི་ལུགས་སྲོལ་དེ་མ་ཡིན་ལ། ཚེ་སྔ་ཕྱི་དང་ལས་དགེ་སྡིག་ཅི་ཡང་མེད་པར་སྨྲ་ཞིང་ཐམས་ཅད་རྒྱུ་མེད་ངོ་བོ་ཉིད་ལས་བྱུང་བར་འདོད་པའི་ངན་གཡོ་ཅན་གྱི་ལུགས་སྲོལ་དེ་ཡང་མ་ཡིན། ཡང་བདེ་སྡུག་ཐམས་ཅད་འཇིག་རྟེན་བྱེད་པ་པོ་ལ་རེ་བ་བཅོལ་ཏེ་རང་ཉིད་ཀྱི་ནུས་པ་ལ་མཐོང་ཆུང་བྱེད་པའི་ལུགས་སྲོལ་དེ་མ་ཡིན་ལ། ཐམས་ཅད་འདྲ་མཉམ་དུ་སྨྲ་ཞིང་སུ་ལའང་སྐྱབས་སུ་འགྲོ་མི་དགོས་པར་འདོད་པའི་རང་ལྟ་མཆོག་ཏུ་འཛིན་པའི་ལུགས་སྲོལ་དེ་ཡང་མ་ཡིན་པར། ལྟ་བ་རྟེན་ཅིང་འབྲེལ་འབྱུང་དང་། སྤྱོད་པ་འཚེ་བ་མེད་པ་སྟེ་ལྟ་སྤྱོད་གཉིས་ཀའི་ཆ་ནས་ཕྱོགས་སུ་མ་ལྷུང་བས་མཐར་འཛིན་གྱི་གཡང་ས་ལས་གྲོལ་བའི་ལམ་བཟང་རྨད་དུ་བྱུང་བ་ཞིག་ཡིན། དེས་ན་བསྟན་པ་དེ་ལ་ཞུགས་པའི་རྗེས་འཇུག་རྣམས་ཀྱིས་ཀྱང་ཐོག་མར་གང་ལའང་སྙིང་པོ་མེད་པར་རློམ་པའི་ངེས་འབྱུང་ཅན་རྣམས་ཀྱི་རྗེས་སུ་མི་འབྲང་བར་རང་གིས་རང་ལ་ཡིད་ཆེས་ཀྱི་སྒོ་ནས་རང་དོན་གཙོ་བོར་བྱས་ཏེ་ཐོས་བསམ་སྒོམ་གསུམ་གྱི་རང་སྐལ་མ་ཆད་པ་ཞིག་བྱེད་དགོས་ཏེ། རང་གི་རང་དོན་ཙམ་ཡང་མི་འགྲུབ་བཞིན་དུ་གཞན་ལ་ཕན་འདོགས་པར་རློམ་པ་ནི་ཧ་ཅང་དཀའ་བའི་གནས་ཡིན་པའི་ཕྱིར་རོ། །རང་དོན་གཙིགས་སུ་འཛིན་པའི་སྐབས་སུའང་གཞན་ལ་ཅི་ཡང་བྱེད་ཆོག་པར་འདོད་པའི་ཧམ་པ་ཅན་རྣམས་ཀྱི་རྗེས་སུ་མི་འབྲང་བར་སེམས་ཅན་ལ་གནོད་པའི་བསམ་སྦྱོར་རིང་དུ་སྤངས་ནས་འཚེ་མེད་ཞི་བའི་རིང་ལུགས་ཀུན་མཁྱེན་ཤཱཀྱ་སེངྒེའི་བསྟན་པ་སྤྱིའི་སྲོལ་དང་མི་འགལ་བ་ཞིག་དགོས་ཏེ། གཞན་ལ་ཕན་འདོགས་པར་བྱེད་པ་ལ་གནོད་པ་སྤོང་བ་གཞིར་བཞག་གི་སྟེང་ནས་སྒྲུབ་དགོས་པའི་ཕྱིར་རོ། །ནམ་ཞིག་གཞན་དོན་ལ་འཇུག་པའི་ནུས་པ་མཐུ་བརྟས་པའི་སྐབས་སུ་ངས་གང་ཡང་མི་ནུས་སྙམ་པའི་སྒྱིད་ལུག་ཅན་རྣམས་ཀྱི་རྗེས་སུ་མི་འབྲང་བར་བསྟན་འགྲོའི་དོན་ཆེན་སྒྲུབ་པའི་མཛད་པ་ལྷུར་བླངས་ནས་རྒྱལ་སྲས་དཔའ་བོའི་རྣམ་ཐར་ལ་ཚུལ་བཞིན་དུ་སློབ་དགོས་ཏེ། སངས་རྒྱས་ཀྱི་བསྟན་པའི་ཉིིང་དགོས་མཐར་ཐུག་པ་ནི་གཞན་ལ་ཕན་པ་སྒྲུབ་པ་ཁོ་ན་ཡིན་པའི་ཕྱིར་རོ། །མདོར་བསྡུ་ན་ཆོས་དང་འཇིག་རྟེན་གང་གི་ལུགས་ལའང་བྱ་བ་མཐའ་གཉིས་སུ་མ་ལྷུང་བ་ཞིག་དགོས་པ་ནི་ཀུན་ཀྱིས་ངེས་པར་མཁྱེན་དགོས་པ་ལགས་ན་མཆོག་དམན་ཐམས་ཅད་ཀྱིས་དེ་བཞིན་ཐུགས་ལ་འདོགས་པར་ཞུ་ཞུ།

འདིར་སྨྲས་པ།
རང་ངོ་མ་མཐོང་མུན་པའི་སྨག་རུམ་ནས། །རྟག་ཆད་གཡང་དུ་གོམ་སྟབས་འཁྱོར་བ་ཡི།།
སྔོན་བྱུང་མུ་སྟེགས་དྲང་སྲོང་རྒན་པོ་དང་། །དེང་དུས་རིག་གསར་ཚན་རྩལ་སྨྲ་བ་བཅས།།
སུས་ཀྱང་མ་མཐོང་རྟེན་འབྲེལ་ཟབ་མོའི་ལམ། །མཁྱེན་བཟང་ཡེ་ཤེས་ཉི་མའི་སྣང་བ་ཡིས།།
ཇི་བཞིན་གཟིགས་ཏེ་བརྩེ་བས་འདོམས་མཁས་པ། །ཀུན་མཁྱེན་ཤཱཀྱའི་སྲས་པོ་ཁྱེད་ཁོ་ན།།
ཚེ་རབས་པདྨ་དཀར་པོའི་ཕྲེང་བ་རུ། །ཁྱེད་གསུང་འོད་ཀྱི་ཟེར་ཐག་རེ་རེ་ཡིས།།
དྲི་མེད་བློ་གྲོས་གསར་པའི་འདབ་མ་གྲོལ། །ཟབ་དོན་སྦྲང་རྩིའི་བཅུད་ཀྱིས་འཚོ་བར་ཤོག།
རང་དོན་མི་ཤེས་གླེན་པ་མདོ་མེད་དང་། །གཞན་དོན་མི་སེམས་སྤྱང་པོ་ཁྲེལ་མེད་ཀྱི།།
མཐའ་རུ་མ་ལྷུང་དབུ་མའི་ལམ་བཟང་ནས། །ཡ་རབས་དམ་པའི་སྤྱོད་ལ་འཇུག་པར་སྨོན།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།