ལོ་རིམ་བདུན་པའི་སློབ་གཉེར་བ། ཤེས་རབ་རྒྱལ་མཚན།
སེམས་འདི་མར་མེ་ནང་བཞིན།།
གསལ་གསལ་རིག་རིག་ཡིན་ཡང་།།
དུག་གསུམ་ཡོལ་བ་ནག་པོས།།
བདེན་པའི་བཞིན་རས་བསྒྲིབས་བཞག།
མཚམས་རེ་མཚམས་རེ་མ་རེད།།
འདུག་ཚུགས་གཏན་ནས་མེད་པའི།།
རྣམ་རྟོག་སྤྲེལ་ཕྲུག་སྨྱོན་པ།།
ས་མཆོང་གནམ་མཆོང་བྱས་སོང་།།
མཐོན་པོ་གནམ་ལ་མཆོངས་ཀྱང་།།
མཆོངས་དང་མ་མཆོང་མ་བྱུང་།།
ཡར་ཡར་ཡར་ལ་མཆོངས་ཀྱང་།།
མར་མར་མར་ལ་ཟག་འགྲོ།།
དམའ་མོ་ས་ལ་མཆོངས་རུང་།།
གཏིང་མཐའ་སླེབ་ས་མི་འདུག།
མཆོངས་དང་མཆོངས་པའི་མཐའ་ལ།།
རྐང་པའི་རུས་རྐང་རྫོགས་སོང་།།
མེ་ལོང་དྭངས་ཤིང་གསལ་ལ།།
ཕར་བལྟས་ཚུར་གསལ་ཡིན་པས།།
གཡས་གཡོན་གང་སར་མ་ལྟ།།
མེ་ལོང་རང་ལ་ལྟོས་ཤོག།
འགྲིག་དང་མ་འགྲིག་གནད་དོན།།
མེ་ལོང་རང་གིས་བཤད་ན།།
ཡིད་རྟོན་འཕེར་ས་མེད་ལ།།
ཆ་འཇོག་དྲི་བ་མ་འདྲི།།
འགྱུར་འདུག་འགྱུར་འདུག་མ་བསམ།།
འགྱུར་མེད་གཉུག་མའི་སེམས་འདིས།།
སུ་དང་གང་དུ་ཡིན་ཡང་།།
གཡོ་སྒྱུ་འཁྲབ་རབས་མི་འདུག།
ནོར་བུ་རང་མདངས་འོད་འབར།།
རང་རང་ལག་ལ་ཡོད་དུས།།
ཐག་རིང་གཞན་དང་གཞན་དུ།།
བགྲོད་པའི་ངལ་བ་མ་གནང་།།
གང་ན་སེམས་འདི་ཡོད་པ།།
དེ་ན་བདེན་པ་བཞུགས་ཡོད།།
བདེན་དོན་ཞལ་རས་མཇལ་ན།།
སེམས་པའི་གཏིང་རུམ་ཉུལ་རོགས།།
ནག་ནོག་ར་རི་མ་མཆིས།།
དཀར་ལ་གཙང་ཞིང་དྭངས་པའི།།
སེམས་མཚོན་དར་དཀར་རིང་མོ།།
མགུལ་དུ་བཞེས་རོགས་གནང་དང་།།