ལོ་རིམ་བདུན་པའི་སློབ་གཉེར་བ། ཆོས་དབྱིངས་རྡོ་རྗེ།
ཉིན་ཞིག་གི་ཕྱི་དྲོར་གློ་བུར་དུ་ངའི་ཤག་གི་སྒོ་བརྡུངས་བྱུང་། ངས་སྒོ་ཕྱེ་སྟེ་བལྟས་པས། ཁོང་ནི་ངའི་གྲོགས་པོ་གཙུག་ལག་རེད་འདུག “ཁོ་རེ། གུང་སེང་འཕྲོ་བརླག་གཏོང་མ་འདུག ལྷོད་ལྷོད་བྱས་ནས་ངེད་གཉིས་སྐོར་བ་ལ་འགྲོ་”ཟེར། ངས་ཀྱང་མོས་མཐུན་བྱས་ཏེ། ཁ་ལ་ཁ་རས་གྱོན། ལག་པར་ཕྲེང་བ་བཟུང་། རྐང་པར་ལྷམ་རེ་གྱོན་ནས་ངེད་གཉིས་ཤག་ནས་ཐོན།
དེ་རིང་ནི་གནམ་གཤིས་ཧ་ཅང་དྭངས་ལ། བསིལ་རླུང་རྒྱུ་ཕྱོགས་ཀྱིས་མེ་ཏོག་གི་དྲི་བསུང་རྣམ་གླིང་གི་འཁོར་ཡུག་ཡོངས་ལ་ཁྱབ་པར་བྱེད། འཕགས་ཡུལ་ལྷོ་ཕྱོགས་སུ་སྐད་གྲགས་ཆེ་བའི་གསེར་གྱི་ལྷ་ཁང་ལ་ཡུལ་སྐོར་བ་དང་མཆོད་མཇལ་བ་བརྒྱ་ཕྲག་མང་པོས་ཁེངས་འདུག་ལ། ངེད་གཉིས་དེ་དག་གི་བར་གསེང་རྒྱུད་ནས་དགོན་པའི་ཕྱི་སྐོར་ལ་ཆས་པ་ཡིན། སྐབས་དེར་ངས་ཁོང་ལ་ང་ལོ་བཅུ་གཉིས་ཡིན་པའི་སྐབས་ཕ་ཡུལ་ལ་གུང་སེང་དུ་ལོག་པའི་སྐད་ཆ་ཞིག་བཤད་འདོད་སྐྱེས།
ང་རང་ཆུང་དུས་ནས་དགོན་པར་འཚོ་སྡོད་བྱས་པའི་གྲྭ་ཆུང་ཞིག་ཡིན། ཡུན་རིང་དགོན་པར་བསྡད་པས་ཉོབ་སྣང་ཞིག་ཀྱང་སྐྱེ་བཞིན་ཡོད། ཉིན་ཞིག་སྟོན་ཀའི་ལོ་མཇུག་གི་ཡིག་རྒྱུགས་ཚར་རྗེས་ང་དང་གྲྭ་ཆུང་མང་དག་ཅིག་རྩེད་ཐང་དུ་བརྩེ་དགའི་དཔལ་ལ་རོལ་བཞིན་པའི་སྐབས། སྐད་ཅོར་མང་པོའི་གསེང་ནས་ངའི་མིང་ཤུགས་ཀྱིས་འབོད་པ་ཐོས། ཕྱིར་མིག་ཅིག་བལྟས་པས་ངའི་ཕ་ཡུལ་གཅིག་པའི་གྲོགས་པོ་ཉི་མ་རེད་འདུག ཁོང་གིས་“ཁྱོད་རང་ལ་ཕ་ཡུལ་ནས་འཕྲིན་ཡིག་ཅིག་འབྱོར་འདུག”ཅེས་བཤད་མ་ཐག་ངེད་གཉིས་དགའ་ཐག་ཆོད་དེ་རྩེད་ར་ནས་སྣེ་ལེན་ཁང་དུ་ཕྱིན་པ་ཡིན། ཡིག་སྐོགས་ཕྱི་ངོས་སུ་འཛུམ་དམུལ་དམུལ་ངང་ནས་ཁ་ཕྱེ་རོགས་ཞེས་བྲིས་འདུག ངའི་སེམས་ལ་གཏམ་བཟང་ཞིག་ཡིན་པ་ཐག་གིས་ཆོད་དེ་ག་ལེར་ཕྱེ་ནས་བལྟས་པས། ངའི་བརྩེ་བའི་བུ། ད་ལན་གྲྭ་ཕྲུག་ཚོ་དང་མཉམ་དུ་ཁྱོད་རང་ཡང་ཕ་ཡུལ་ལ་གུང་སེང་དུ་ལོག་ཤོག ཅེས་བྲིས་འདུག་པས་ང་རང་དགའ་ཚོར་དཔག་མེད་ཅིག་སྐྱེས་བྱུང་།
དེ་སྔོན་ངའི་ཕ་ཡུལ་དང་རྒྱལ་སའི་བར་ལ་རླངས་འཁོར་གྱི་ལམ་འཐོན་མེད་ཀྱང་། ད་ལན་ཐེངས་དང་པོར་ང་རླངས་འཁོར་ལ་བསྡད་ནས་ཕ་ཡུལ་དུ་འགྲོ་བཞིན་ཡོད། ཉིན་ཤས་རྗེས་ཕ་ཡུལ་དུ་འབྱོར་ལ་ཉེ་དུས་རླངས་འཁོར་གྱི་སྒེའུ་ཁུང་ནས་མགོ་བོ་ཏོག་ཙམ་ཕྱིར་བཏོན་ཏེ་བལྟས་པས། བསིལ་རླུང་འཇམ་པོས་ངའི་གདོང་ལ་རེག་ཙམ་རེ་བྱས་ནས་ཤུར་སྒྲ་དང་བཅས་རྒྱབ་ལ་བུད། མཐོན་པོ་གནམ་ལ་ཟུག་འདྲའི་རི་བོ་དམ་ཅན་ལ་དང་། བཙན་ཁང་ལ། དེ་བཞིན་ནོར་བུ་རི་བཅས་ལ་ཁ་བས་བཀླུབས་ནས་དཀར་ཐིང་ངེར་འདུག རི་དེ་དག་ནི་ང་ཚོའི་ཡུལ་ལྷ་དང་གཞི་བདག་ཡིན། ལྷག་པར་དུ་ཆོས་དཀར་པོའི་བསྟན་པ་དར་ཞིང་། ཡུལ་མི་ཚོའི་སྐྱིད་སྡུག་སྐྱབས་འཇུག་ཞུ་སའི་ལྷ་རི་རྩེའི་དགོན་པ་བསམ་གཏན་གཡང་ཆགས་དེ་རྒྱང་རིང་ནས་མཇལ་བ་དང་དད་སེམས་དབང་མེད་ཅིག་སྐྱེས། དབུས་ན་གཡར་ཆབ་སྔོན་མོ་དང་། གཡས་ནས་རྟ་མགྲིན་ཕུ་ཆུ་སོགས་ཕ་ཡུལ་གྱི་ས་ཆུ་རི་ཀླུང་ཐམས་ཅད་མིག་མདུན་དུ་མཐོང་འོང་བས། ཅི་འདྲའི་མཛེས་པ་ལ། ངོ་མ་ང་ཕ་ཡུལ་གྱི་པང་ལ་སླེབས་སོང་། དེ་འདྲའི་སྐྱིད་པ་ལ། ས་ཕྱོགས་ག་པར་བལྟས་ཀྱང་ཕ་ཡུལ་ནི་སྔར་ལྟར་གནས་འདུག་ལ། ཕ་མ་གཉིས་ཀྱིས་ངའི་ལུས་ལ་གྲྭ་ཆས་གྱོན་ཡོད་པར་མཐོང་ནས་སེམས་ལ་དགའ་ཚོར་གྱིས་ཁེངས་འདུག
ངས་ཉི་མ་རེ་རེ་བཞིན་ཕ་མ་གཉིས་དང་སྤུན་མཆེད་རྣམས་ལ་དགེ་བ་བཅུ་དང་། མི་དགེ་བ་བཅུ། སྐྱབས་འགྲོའི་དགག་སྒྲུབ་ཀྱི་བསླབ་བྱ་སོགས་དམ་ཆོས་དགེ་སྒྲུབ་སྡིག་སྤོང་གི་རྣམ་གཞག་མང་པོ་ཞིག་དགོན་པའི་དགེ་རྒན་ཚོས་སློབ་སྟོན་གནང་བ་བཞིན་རང་ཉིད་ཀྱིས་ཤེས་ཚོད་ཅིག་བཤད་ཁུལ་བྱས། ཁོང་ཚོ་ངོ་མཚར་སྐྱེས་ཤིང་གྲྭ་སར་ཞུགས་ནས་ལོ་ཤས་ལས་མ་ལོན་པར་དམ་ཆོས་མ་ལུས་པ་ཁོང་དུ་ཆུད་འདུག་ཅེས་བསྟོད་བསྔགས་ཚ་ཚ་འུར་འུར་བྱས། ལྷག་པར་དུ་ཤ་བཟས་ན་སྡིག་པ་ཆེན་པོ་ཡོད་པ་སོགས་དང་། རང་ཉིད་ཀྱིས་སྔར་ནས་ཤ་སྤངས་ཟིན་པའི་གནས་ཚུལ་བརྗོད་ཚེ། ཚིག་དེ་ཨ་ཕའི་བློ་ལ་འཐད་དཀའ་བ་ཞིག་ཏུ་གྱུར་ཏེ་“ང་ཚོ་ས་མཐོ་ས་དང་གནམ་གཤིས་གྲང་སར་འཚོ་སྡོད་བྱེད་པའི་མི་ཞིག་ཡིན་སྟབས་ཤ་སྤོང་དཀའ་བ་མ་ཟད་ཁྱོད་རང་ད་ལྟ་ལོ་ན་ཆུང་བས་ལུས་སྟོབས་རྒྱས་པ་ལ་ཕན་ཐོགས་ཆེ་བས་ཤ་ངེས་པར་དུ་ཟ་དགོས་”ཞེས་ཡང་ཡང་བཤད་པ་མ་ཟད། མཐོ་སྒང་འདི་ན་སྔོ་ཚལ་གྱི་རིགས་ཀྱང་གང་འདོད་ལྟར་མེད་ལ། གནམ་གཤིས་འཁྱགས་སར་ཤ་ཆང་གིས་དྲོད་སྐྱེད་ཅེས་པའི་དཔེ་སོགས་རྒྱུ་མཚན་མང་པོ་བཤད་བྱུང་། སྤྱིར་ཨ་ཕས་བཤད་པ་དེ་ཡང་བདེན་མོད། འོན་ཀྱང་ཤ་ནི་སེམས་ཅན་གྱི་ཚེ་སྲོག་ལ་ཐུག་ཡོད་པས་ཉེས་པ་ཆེན་པོ་ཡོད་པར་མ་ཟད། ལས་འབྲས་དང་མི་མཐུན་པས་སྡིག་པ་ཧ་ཅང་ཆེ་བ་ནི་སྨོས་མི་དགོས་མོད། ཡིན་ནའང་ཕ་ཡུལ་གྱི་ཡུལ་སྲོལ་གོམས་གཤིས་ལ་དར་སྲོལ་ཆེ་བས་ཡུལ་དུས་དང་མི་མཐུན་པའི་སྐད་ཆ་མང་པོ་ཞིག་ང་རང་གིས་བཤད་མ་ཤེས་པ་བཟོས་སོང་། ཨ་ཕས་ཤ་ཟ་བར་བསྐུལ་བ་དེ་ཡང་བརྩེ་བ་ཞིག་ཡིན་པ་ལས་ངན་སེམས་ཤིག་ག་ལ་ཡིན། འོན་ཀྱང་ངས་ཨུ་ཚུགས་མཐར་སྐྱེལ་བྱས་ནས་ཁོང་ཚོའི་མདུན་ལ་ཤ་མ་བཟས་པར་སྡོད་ཁུལ་བྱས་པར་ཨ་ཕས་ཡིད་མ་ཆེས་པ་འདྲ། རྒྱུ་མཚན་ནི་ང་ཚོའི་ཡུལ་དུ་ཤ་མ་ཟ་མཁན་དཀོན་པོ་ཡིན་པ་དང་། ལྷག་པར་དུ་ང་འདྲའི་ལོ་ཆུང་ཞིག་གིས་དེ་འདྲ་བཤད་པས་ཡིན་ཡང་སྲིད།
ཉིན་ཞིག་ཆར་སྤྲིན་ནག་པོ་འཁྲིགས་ནས་གནམ་སྔོན་པོ་ནག་ལྷོང་ལྷོང་དུ་གྱུར་ཅིང་། རླུང་འཚུབ་ཀྱི་འུར་སྒྲས་ཁེངས་ཤིང་གྲང་ངར་ཧ་ཅང་ཆེ་སྟབས། ང་རང་ཐབ་ནང་གི་མེ་དང་བྲལ་མི་འདོད་པར་ནང་ལ་ཡོད་སྐབས། ཨ་ཕས་“བུ”་ཞེས་བོས་ནས་ཐབ་སྟེང་གི་སླ་ངའི་ཁ་ཕྱེ་ནས་བསྟན་བྱུང་། དེའི་ནང་དུ་ཤ་རྡོག་རྡོག་ཆུང་ཆུང་རེ་གཏུབས་ནས་བཞག་འདུག “ང་ལས་ཀར་འགྲོ་དགོས་འདུག་པས་ཁྱོད་ཀྱིས་མེ་འབུད་ནས་ཤ་ཡག་པོ་ཚོས་སུ་འཇུག་རོགས། ཡང་ཡང་ཁ་ཕྱེ་ནས་ལྟ་རོགས། ཚོས་དྲགས་ན་ཞིམ་པོ་མེད་”ཅེས་ལབ་ཞོར་ལས་ཀར་ཆས་སོང་། ངས་ཁོང་གིས་གང་གསུངས་པ་བཞིན་བྱས། ཕྱི་དྲོ་ཨ་ཕ་ནང་ལ་ལོག་རྗེས་སླ་ངའི་ནང་གི་ཤ་རྡོག་དེ་དག་གྲངས་ཀ་བརྒྱབ་པའི་ཚོར་སྣང་བྱུང་། འོན་ཀྱང་གསལ་པོ་ཤེས་མ་བྱུང་།
ང་ཚོའི་ཕ་ཡུལ་དུ་ཡུལ་མི་རྣམས་ཀྱིས་རེ་མོས་ངང་སྦྱིན་བདག་བྱས་ཏེ་ཡུལ་མི་མཉམ་ཚོགས་ཀྱིས་རིགས་གསུམ་མགོན་པོའི་གཟུངས་སྔགས་གདངས་དབྱངས་དང་བཅས་གསོག་འདོན་བྱེད་སྲོལ་ཡོད་པ་བཞིན། སྦྱིན་བདག་གི་རེ་མོས་དེ་ང་ཚོའི་ནང་ལ་འཁེལ་བའི་སྐབས་དེར་ཕ་མ་གཉིས་ཀྱིས་གྲ་སྒྲིག་གང་འཚམ་བྱས་འདུག་ལ། གྲོང་མི་ཡང་མི་ཉུང་བ་ཞིག་འདུ་འཛོམས་གནང་འདུག ངའི་སྤུན་མཆེད་ཆུང་བ་ཚོ་དང་ཁྱིམ་མཚེས་ཀྱི་བྱིས་པ་དག་སྐད་ཅོར་བརྒྱབ་ཅིང་གཅིག་གིས་གཅིག་ལ་རྩེད་མོ་རྩེས་ཏེ་ཁང་པའི་ནང་དུ་ཡར་རྒྱུག་མར་རྒྱུག་བྱེད་བཞིན། ནམ་རྒྱུན་ལས་ལྷག་པའི་ཁོ་ཚོའི་གདོང་ལ་འཛུམ་མདངས་གསར་པ་ཞིག་མངོན་པ་ནི་དེ་རིང་ང་ཚོའི་ནང་ལ་མི་མང་པོ་འཛོམས་ཡོད་པས་རེད། ང་རང་ཡང་སེམས་པ་ཧ་ཅང་དགའ་ནས་ཡོད།
གཟུངས་སྔགས་ཀྱི་དབྱངས་རྟ་སྙན་མོ་གྱེར་ནས་ངལ་གསོའི་མཚམས་ཤིག་ལ་མི་རྣམས་ཇ་དང་ཁ་ཟས་ལ་རོལ། དགོད་བྲོའི་གཏམ་སྣ་ཚོགས་ཀྱིས་ལུས་སེམས་བག་ལ་ཕེབས་པར་བྱས། མཚམས་དེར་ང་རང་ཡ་མཚན་དགོས་པ་ཞིག་ལ། ཨ་ཕས་ཡུལ་མི་ཚོའི་མདུན་དུ་“ངའི་བུ་དགོན་པར་ཕྱིན་ནས་ཤ་སྤངས་པ་བདེན་པ་རེད་འདུག ཁོས་ང་ཚོའི་མཐོང་སར་ཤ་མི་ཟ་བ་ནི་ང་བློ་བདེ་པོ་གཏན་ནས་མ་བྱུང་། ཉིན་ཞིག་ངས་ཁོང་ལ་ཉམས་ཚོད་ཅིག་བླངས་པ་ཡིན། ལྐོག་ཏུ་ཤ་རྡོག་ཉི་ཤུ་ཙམ་གཏུབས་ནས་ཁོ་རང་གཅིག་པུ་ནང་ལ་བཞག་ནས་འཚོད་བཅུག་པ་དང་། དུས་རྒྱུན་ནས་ཁོའི་མཐོང་སར་ཤ་སྐམ་རིགས་གང་སར་བཞག་པ་ཡིན་ཏེ། ཁོང་གིས་ཤ་དེ་དག་ཟ་རྒྱུ་ཕར་ཞོག་དོ་སྣང་ཙམ་ཡང་མི་བྱེད་པ་དེས། ངའི་བློ་རྩེ་གཉིས་སུ་སོང་བའི་དོན་དེ་གཏན་ནས་མེད་པར་གྱུར་སོང་།” ཞེས་བཤད་པའི་ཚིག་དེ་གོ་མ་ཐག་ཨ་ཕས་ང་ལ་ཉམས་ཚོད་བླངས་ཡོད་པ་ཤེས་ཤིང་། གལ་ཏེ་དེ་དུས་ངས་སླ་ངའི་ནང་གི་ཤ་རྡོག་པོ་གཅིག་བཟས་པའམ་ཡང་ན་བོར་བརླགས་བཏང་ཡོད་ཚེ། ཉིན་དེར་ཨ་ཕས་གྲོང་མི་ཚོའི་མདུན་དུ་ངའི་བཟོ་ལྟ་ཡོད་ཚད་བཤམས་ཡོད་པ་ཐག་གིས་ཆོད།
གྲོགས་པོ་ངེད་གཉིས་སྐད་ཆ་ཤོད་མཚམས་འདིར་སླེབས་སྐབས་བཤད་གྲྭའི་ཚལ་རིགས་ཚོང་ཁང་དུ་འབྱོར་བ་དང་གཙུག་ལག་གིས་“བེ་ཏའི་ཡུལ་དུ་བེ་ཏའི་ཆུ་རེ་འཐུང་ན་མི་དགའ་འམ་”ཟེར། ངས་ཀྱང་མོས་མཐུན་བྱས་ནས་བེ་ཏའི་ཆུ་གཉིས་ཉོས་ནས་འཐུང་ཞོར། ངས་མུ་མཐུད་དེ་བཤད་དོན། དེ་ནས་བཟུང་ཨ་ཕས་ང་ལ་ཆོས་པ་རྣམ་དག་ཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་འདྲ། འོན་ཀྱང་ང་ནི་དེ་ལས་ལྡོག་ཏེ་གུ་དོག་པའི་ཁོར་ཡུག་ཅིག་ཏུ་ཚུད་པའི་ཚོར་སྣང་ཞིག་དང་། ཅི་ནས་ཀྱང་ཨ་ཕར་གཟབ་དགོས་པའི་བསམ་བློ་གསར་པ་ཞིག་སྐྱེས་ཏེ་ཁ་ནས་གང་བྱུང་བཤད་རྒྱུ་ཇེ་ཉུང་དུ་ཕྱིན།
ད་ནི་སྟོན་མཇུག་ལ་སླེབས་ཡོད་པས་དབྱར་གཞུང་གི་མཛེས་པའི་ཡུལ་ལྗོངས་དག་སྟོན་གྱི་བ་མོས་བཅོམ་ནས་ས་གཞི་ཐམས་ཅད་སྐྱ་མདོག་ཏུ་གྱུར་ཅིང་། ཤིང་ལོ་དེ་དག་ཀྱང་གཅིག་རེ་གཉིས་རེ་བྱས་ནས་འཐོར་འགོ་བརྩམས། ང་ཚོས་ཞིང་ཁའི་ལོ་ཏོག་རྣམས་བསྡུས་རྗེས་ཕྱི་ཉིན་ཨ་ཕ་གཞུང་དོན་དུ་ཚོགས་འདུར་ཕྱིན། སྤུན་མཆེད་རྣམས་སློབ་གྲྭར་ཕྱིན། ནང་ལ་ང་དང་ཨ་མ་ལས་མེད། ཨ་མ་ངེད་གཉིས་ཀྱིས་འབྲུ་རྡུང་བཞིན་པའི་སྐབས། ངས་ང་ཚོའི་ནང་གི་བྱ་མོ་དེ་དག་གིས་འབྲུ་ཟ་བཞིན་པ་མཐོང་བས། རྒྱག་དབྱུག་དེ་བྱ་མོའི་ཕྱོགས་སུ་ཐད་ཀར་གཡུགས་ན་བྱ་མོ་དེ་སྐྲག་ནས་ཡོང་རྒྱུ་མ་རེད་སྙམ་སྟེ་ག་ལེར་འཇབས་ཏེ་གཞུས་པས་སྟབས་མ་ལེགས་པ་ཞིག་ལ་རྒྱག་དབྱུག་བྱ་མོའི་མགོ་ལ་ཁེལ་ཏེ་གང་སར་འཕག་འཚག་བརྒྱབ་ནས་གཡས་གཡོན་ཚང་མར་ཁྲག་འཐོར་སོང་བས། ཨ་མས་“འོ་ཡ་ནམ་རྒྱུན་དགེ་དགེ་སྡིག་སྡིག་ཟེར་མཁན་གྱི་མི་འདིས་དེ་རིང་གང་བྱས་པ་རེད། ཨ་ཕ་ནང་ལ་ལོག་དུས་རང་ལ་ཉེས་རྡུང་རག་ངེས་རེད་”ཅེས་ལབ་བྱུང་། ངས་ནི་ལག་པར་དབྱུག་པ་ཞིག་བཟུང་། ངོ་གདོང་ཐམས་ཅད་དམར་པོར་གྱུར་ཏེ་ཀྲོང་ངེར་ལངས་ནས་གཡོལ་ཐབས་བྲལ་བའི་གནས་སྟངས་འདིར་བསམ་གཞིག་མི་ཐུབ་པར་ཅུང་ཙམ་ཞིག་ལ་ཅི་བྱ་བརྟོལ་མེད་དུ་གྱུར།
ང་གྲྭ་པ་ཞིག་གིས་སེམས་ཅན་གྱི་སྲོག་བཅད་པ་ཨ་ཕས་གོ་ཚེ། ཁོང་ཁྲོ་ལངས་ངེས་པས། ཁོང་གི་རྩ་ནས་ང་ལ་ཁ་རྡུང་དབྱུག་རྡུང་རག་ཁོ་ཐག་རེད། འོན་ཀྱང་ཨ་མ་ནི་བྱམས་དང་བརྩེ་བའི་བདག་མོ་ཞིག་ཡིན་ལ། ཁོ་མོའི་བརྩེ་སེམས་ལ་འགྱུར་བ་དང་ཟད་མཐའ་མེད་པས། ཨ་མས་ང་གནས་སྟངས་དེའི་འོག་ནས་སྐྱོབ་ཕྱིར། བརྩེ་སེམས་ཀྱིས་བཅིངས་པའི་རྫུན་ཚིག་ཅིག་བདག་ལ་བསླབས་བྱུང་། མོས་ང་ལ་“བྱ་མོའི་མགོ་བོ་བཅད་ནས་ཆུ་ལ་གཡུགས་ཞོག དེ་མིན་དབྱུག་པས་གཞུས་ཏེ་བསད་ཡོད་པ་ཤེས་ཉེན་ཆེ། དོ་ནུབ་ཨ་ཕ་ནང་ལ་ལོག་ཡོང་དུས་རང་བསུ་རུ་སོང་། ཨ་ཕ་ལ་དེ་རིང་ང་ཚོའི་ནང་ལ་ཁྲ་ཆེན་པོ་ཞིག་སླེབས་ནས་བྱ་མོ་ཆེ་ཤོས་དེ་བསད་སོང་བ་མ་ཟད་མགོ་བོ་ཡང་ཁྲ་ཡིས་ཁྱེར་ཚར་འདུག”ཅེས་ཤོད་ཟེར། ངས་ཨ་མས་བཤད་པ་བཞིན་ཨ་ཕ་ལ་རྒྱུ་མཚན་དག་བཤད་ཚེ། ཁོང་བློ་ཕམ་ཆེན་པོའི་ངང་“དེང་སང་ཁྲ་དེ་ཚོས་བྱ་མོ་ཆེན་པོ་དེ་འདྲ་གསོད་བཞིན་འདུག་ཨ་ཁ་ཁ་”ཟེར། ཉིན་ཞིག་ཨ་ཕ་དང་ཁྱིམ་མཚེས་ཀྱི་ཨ་ཕོ་ཞིག་གིས་ང་ཚོའི་ནང་དུ་མཚོན་བྱུག་བཞིན་འདུག ཨ་མས་ཉིན་གུང་གི་ཇ་བསྐོལ་ནས། སྤགས་དང་སྒོ་ང་བརྔོས་འདུག་པས་ཨ་ཕས་སྒོ་ང་བརྔོས་མ་དེ་མཐོང་རྗེས་ཁྱིམ་མཚེས་ཀྱི་ཨ་ཕོ་དེ་ལ་“ཉིན་ལྟར་སྒོ་ང་ཆད་མེད་དུ་གཏོང་བའི་ངའི་བྱ་མོ་ཆེ་ཤོས་དེ་ཉེ་ཆར་ཁྲ་ཡིས་བསད་སོང་བས་ཕངས་པ་ལ། འོན་ཀྱང་ངའི་བུ་ཡོད་ཙང་བྱ་མོའི་རོ་ཚུར་ལེན་ཐུབ་འདུག་མ་གཏོགས་ཁྲས་བཟས་ཚར་བ་རེད་”ཅེས་བློ་ཕམ་ཆེན་པོའི་ངང་དེ་ལྟར་བཤད་པས། ཨ་མ་ངེད་གཉིས་གཅིག་གིས་གཅིག་གི་གདོང་ལ་བལྟས་ནས་གད་མོ་མཚམས་འཇོག་མེད་པ་ཤོར། ཨ་མའི་རྫུན་ཚིག་གམ་ཡང་ན་བརྩེ་སེམས་དེས་ང་ཨ་ཕའི་མིག་མདུན་ནས་མར་ལྷུང་མེད་པ་མ་ཟད་བསྟོད་བསྔགས་ཀྱང་ཐོབ།
ཞོགས་པའི་ཉི་མ་རི་རྩེ་ནས་ཤར་ཏེ་ནུབ་རིའི་ཕག་ལ་ཡིབ་འགྲོ་བས་དུས་ཚོད་ཀྱང་རིམ་བཞིན་ཡལ་ཏེ། ངའི་གུང་སེང་ཡང་དེ་ལྟར་རྫོགས་སོང་། ང་ཕྱིར་རང་དགོན་དུ་ལོག་ནས་ལོ་གསུམ་གྱི་རྗེས་སུ་ཨ་ཕ་ང་ལ་ཐུག་ཏུ་སླེབས། དེ་དུས་ངས་ཨ་ཕ་ལ་“སྔོན་མ་ང་ཚོའི་ནང་ལ་ཁྲ་ཆེན་པོ་ཞིག་སླེབས་ནས་བྱ་མོ་གཅིག་བསད་པ་མ་རེད་དམ་”ཞེས་དྲིས་པ་ན། ཨ་ཕས་“ཁྲ་དེ་ཁྱོད་རང་རེད་འདུག་ག་”ཞེས་གད་མོ་དགོད་བཞིན་ང་ལ་དེ་ལྟར་བཤད་པས་ངེད་གཉིས་རང་དབང་མེད་པར་ལྷན་དུ་གད་མོ་ཤོར། ད་ནི་འདབ་ཆགས་དག་ཀྱང་སོ་སོའི་ཚང་དུ་ལོག་ནས་ཁུ་སིམ་པོ་གྱུར་འདུག་ལ། ཉིན་གྱི་འོད་སྣང་མུན་པས་གཡོགས་ཏེ་ས་རུབ་ལ་ཉེ། གྲྭ་ཤག་རེ་གཉིས་ལའང་གློག་སྤར་འགོ་བརྩམས་བྱུང་། བཤད་གྲྭའི་གླིང་ཁར་གྲྭ་པ་རེ་ཟུང་འཛོམས་ནས་ཤབ་ཤུབ་རེ་སྨྲ་བཞིན་སོ་སོའི་ཤག་ཏུ་ལོག་འགྲོ་ཡིན་འདུག གཙུག་ལག་གིས་“ད་ངེད་གཉིས་ཀྱང་སོ་སོའི་ཤག་ལ་ལོག་འགྲོ། དེ་རིང་ཁྱེད་ཀྱི་སྐད་ཆ་དེ་དགོད་བྲོ་པོ་དང་མཚར་པོ་འདུག་”ལབ་ནས་ངེད་གཉིས་སོ་སོའི་ཤག་ཏུ་ཕྱིན།