ངའི་ཨ་མྱེས་རྡོ་རྗེ་རྒྱལ་མཚན།

བསྟན་འཛིན་ཆོས་གྲགས། (ཧྥ་རན་སི།)

རྡོ་རྗེ་རྒྱལ་མཚན། ངའི་ཨ་མྱེས་ཀྱི་མིང་ལ་རྡོ་རྗེ་རྒྱལ་མཚན་ཟེར། སྡེ་གཤོག་ཀས་རྡོ་བྷེའམ། རྡོར་རྒྱམ་ཞེས་ཀྱང་འབོད། ཁོང་ནི་འདྲ་པར་འདིའི་གཡས་ཕྱོགས་ཀྱི་དང་པོ་དེ་ཡིན། འདྲ་པར་འདི་མ་མཐོང་བར་མི་ལོ་བཅུ་ཕྲག་ལྷག་ཅིག་འགོར་ལ། ཨ་མྱེས་ང་ཚོ་དང་གཏན་དུ་གྱེས་ནས་ཀྱང་མི་ལོ་བཅུ་ཕྲག་གཉིས་ལ་ཉེ། ཡིན་ཡང་ང་ཡི་དྲན་པའི་ནང་དུ་ཁོང་ད་དུང་བབ་ཆགས་པོའི་ངང་འཚོ་སྡོད་བྱས་ཡོད། དེ་རིང་། མི་ལོ་མང་པོ་ཞིག་གི་རྗེས་སུ་འདྲ་པར་འདི་མཐོང་འཕྲལ། རང་དབང་མེད་པར་མགྲིན་པ་བརྣངས་ཤིང་། ཡིད་སྐྱོ་ལྷང་ངེ་བ་ཞིག་བྱུང་། འདྲ་པར་འདི་ལ་ཞིབ་ནས་ཞིབ་ཏུ་བལྟས་པ་ན། ཁོང་དང་དངོས་སུ་འཕྲད་འདྲའི་ཚོར་བ་སྐྱེས། ཁོང་གི་བྱད་གཟུགས་དང་སྐད་གདངས་ཚུན་ཆད་སེམས་པའི་མཐིལ་དུ་བབས། དུས་ཚོད་དེ་འདྲ་ལ་ཡིད་སྐྱོ། འདི་དང་ཕྱི་མའི་བར་ཐག་ནི། ཞེ་སེམས་ཇི་ལྟར་ཉེ་ཡང་འཕྲད་པའི་སྐལ་བ་ཡོད་མ་ཡིན། ཡིན་ཡང་། མི་ལོ་མང་པོ་མང་པོར། མི་གཅིག་ཁོ་ན་ཞེ་དྲགས་དྲན་པ་ཡིན། མི་དེ་ང་ཡི་ཨ་མྱེས་ཡིན། ང་སྐྱེས་པ་ནས་ད་ལྟ་ལ་ཐུག་གི་བར། ཤ་ཉེ་རིང་གི་མྱི་ཁག་ཅིག་གཏན་དུ་ང་ཚོ་དང་རྒྱང་རིང་ཞིག་ལ་གྱེས་སོང་། རྒྱང་རིང་དེའི་མིང་ལ་ཕྱི་མ་ཟེར། ཡིན་ཡང་། ང་རང་ཡང་འདི་དང་ནམ་འཕྲད་ཆ་མེད་ཡིན་པས་ན། ང་ཡིས་འཁོར་བའི་ཆོས་ཉིད་ཅེས་པ་ནི་འདི་རེད་སྙམ་སྟེ། སྐྱོ་བའི་སྐྱོ་གྲོགས་སུ་དེ་འདྲ་ཞིག་གིས་སེམས་གསོ་བྱས་པ་ན། སྡུག་དེ་དུས་ཚོད་ཀྱིས་ག་ལེ་ག་ལེར་བསུབས་ཏེ་དྭངས་འགྲོའོ། །རེད་དེ། ཨ་མྱེས་དྲན་པ་ནི་དེ་དང་ཡེ་ནས་མི་འདྲ་བར་ང་རང་དངོས་གནས་ཞེ་དྲགས་ཕངས་མྱོང་། གུས་རང་ལ་མཚོན་ན། བཞུད་སྔ་སོང་ཨང་སྙམ་པ་ཁོ་ན་དེ་ཡིན་ནོ།།

ངའི་ཨ་མྱེས་ནི་དེང་གི་བཤད་སྟངས་བྱས་ན། མྱི་སྐྱིད་ཅིག་ཡིན། ཀྱལ་ཀ་དང་ཀུ་རེ་རྩེད་པའི་གཤིས་ཀ་རང་སྟོབས་ཀྱིས་ལྡན། ནང་མིར་བྱམས་བརྩེ་ཆེ། གཞན་ལའང་ཕན་པའི་སེམས་ཤུགས་ཡོད། ནང་ཁུལ་ལ་མཐུན་སྒྲིལ་གྱི་མིག་དཔེ་འཁུར། སྡེ་གཤོག་གི་དོན་དུ་འགན་འོས་ཙམ་འཁུར་ཞིང་བྱ་བ་གང་ཡང་འགོ་བརྩམས་རྗེས། མཇུག་འཁྱོངས་པར་བྱེད། བག་ཆགས་དེ་སྡེ་གཤོག་ཀའི་ཞེ་ལ་མདའ་བཞིན་ཟུག་ཡོད། ད་དུང་ཡི་གེའི་འབྲི་ཀློག་ལ་ཡང་རྨོངས་མེད། གླིང་སྒྲུང་ཧ་ཅང་ཀློག སྒྲུང་ལེན་འགུག་གི་སྐབས་སུ་སྙན་ཆ་དོད་པོ་ཞིག་ཡོད། སྒྲ་སྡུད་འཕྲུལ་ཆས་ལས་སྒྲུང་པ་སྐལ་བཟང་གྲགས་པའི་སྒྲུང་ཕལ་མོ་ཆེ་ཉན། རྡོར་གཅོད་ཉིན་རེ་བཞིན་ཁ་ཏོན་དུ་འདོན། ཁོའི་རྟ་ཕོའི་མིང་ལ་གནའ་གཡག་ཟེར། ཁོང་གི་གྲོགས་པོའི་མིང་ལ་ལྕགས་ལ་རྒྱལ་པོ་ཟེར། ཁོ་ལ་ཕལ་ཆེར་ཚེ་གང་ལ་གྱོན་པའི་མ་ན་ཧོ་བྱིའུ་མགོ་འདྲ་བ་ཞིག་ཡོད། སྡེ་དགེའི་སྲབ་རྨེད་ཆ་འགྲིག་ཅིག་ཀྱང་ཡོད། ཁོ་རང་གསོན་ངོགས་ན་ཡོད་དུས་སྟོད་ཉི་མ་ལྷ་སར་མཇལ་སྐོར་ཐེངས་གཅིག་འགྲོ་བའི་འདུན་པ་འགོག་མེད་སྐྱེས་ཡོད་ན་ཡང་། ཁྱིམ་ཚང་གི་ལྟོ་གོས་གཏམ་གསུམ་གྱི་ཆེད་དུ་ཁོ་རང་ནད་གཞི་དྲག་པོས་མནར་ཏེ། ཉལ་སའི་མཐའ་ཅན་དུ་མ་གྱུར་བར་རང་དབང་གི་དུས་ཁོམ་ལྷོད་པོ་ཞིག་མ་བྱུང་། ཡིན་ཡང་། ངས་ཁོང་གི་དོན་དུ་སྟོད་ཉི་མ་ལྷ་སའི་ཇོ་བོའི་མདུན་ནས་གདུང་ཤུགས་དྲགས་པོས་སྨོན་ལམ་བཏབ་པ་ཡིན། ལར་ཁོང་ལ་ཡོངས་གྲགས་ཀྱི་སྐྱོན་ཆ་གཅིག་ཡོད། ཡང་སྐྱོན་ཆ་ཡོངས་གྲགས་ཀྱང་མིན་ཏེ། དེ་ནི་ཁོང་གིས་སྡེ་དགོན་གྱི་ཁྲིམས་དང་འགལ་ཏེ་སྣ་ཐ་འཐེན་པར་ལོབས་ཏེ་བཅད་ཀྱང་ཆོད་མ་གྱུར། མ་ཆོད་ཀྱང་ཁྱིམ་མཚེས་དང་ནང་མིའི་གསང་རྒྱ་དམ་པས་ན། ཚེ་གཅིག་ལ་ཉེས་པ་དེ་ལྷང་ལ་བུད་མེད། དེ་ནི་དགོད་བྲོ་བོ་ཞིག་རེད་ཨང་། ཧུ་ཧུ།ཆེས་དྭངས་པའི་ཞོགས་པ་ཞིག་ལ། ང་ཡི་ཨ་མྱེས་ཀྱིས་ཕྱུ་པ་སྨུག་མདོག་ཅིག་དང་། འབུ་རས་སྟོད་ཐུང་དཀར་པོ་ཞིག་གྱོན་འདུག ངའི་སྣང་བར་ཁོས་འཕྱོར་གོས་དེ་འདྲ་གྱོན་པ་མཐོང་བ་ཐོག་མ་དང་མཐའ་མ་ཡིན་འདུག འཕྱོར་གོས་དེ་ང་ཡི་མིག་ལམ་ནས་ཡལ་བ་ག་ལ་ཡོད། ཁོས་དེ་དག་གྱོན་ཏེ་ང་རང་སློབ་གྲྭ་ཞེས་པའི་བཀག་བསྐྱིལ་ར་བ་དེར་བཞག་རྗེས། ཁ་ཕྱིར་འཁོར་ནས་ཡུལ་ལ་ལོག་འགྲོ་བའི་རྒྱབ་གཟུགས་དེ་ང་ཡི་མིག་ལམ་ནས་ཡལ་རྒྱུ་སངས་རྒྱུ་རང་མི་འདུག ཉིན་དེར། ང་རང་ཁོང་ལ་ཁོང་ཁྲོ་ཞེ་དྲགས་ལངས། ཡིན་ཡང་། སློབ་ཐུན་རེ་རེ་མ་རྫོགས་བར་ང་རང་ཁོ་དང་འཕྲད་སྐལ་མེད་ཙང་། ཡུན་གྱིས་ཁོང་ཁྲོ་དེ་ཞི་འགྲོ། དེ་ལྟར་སློབ་ཐུན་རེ་རེ་རྫོགས་ཏེ་ཡུལ་ལ་ལོག་གྲབས་སུ། ཨ་མྱེས། དུས་ལྟར་ང་རང་ལེན་དུ་སྤྱི་ལེ་ཉིས་བརྒྱ་ལྷག་གི་ལམ་ཐག་བཅད་ནས་སླེབས་འོང་། སློབ་གྲྭའི་ཇ་ཁང་གི་འགྲམ་ན་ང་ལ་སྒུག་གིན་ཡོད། རྣམ་པ་དེ་ལ་ང་རང་ཞེ་དྲགས་དགའ། དེ་ལྟར་ཡུན་རིང་གི་རྗེས་སུ་འཕྲད་པའི་ཐོག་མར། ཁོང་གིས་ང་ཡི་དམར་ལ་རྒྱགས་པའི་མཁུར་ཚོས་ཀྱི་སྟེང་དུ་འོ་ཞིག་བྱས་ཤིང་། སྙིང་ནས་གཅེས་ཚུལ་དེས་ང་ལ་རྫོགས་མཐའ་མེད་པའི་སེམས་ཤུགས་ཤིག་དང་དགའ་བྲོད་ཅིག་སྟེར་རོ། །དུས་དེ་རིང་ངས་དེ་དག་དྲན། དྲན་དྲགས་ཏེ་སེམས་ཀྱང་ན།

དུས་ཚོད་ནི་མིག་རྡེབ་དབང་ཙམ་གྱིས་བུད་འགྲོ། བསིལ་རླུང་ཞིག་ལྡང་བའི་ཚུལ་ལས་མགྱོགས། རྗེས་སུ་ང་ཡི་ཨ་མྱེས་ནད་གཞི་ཞིག་གིས་བཟུང་། རྫོང་དང་ཞིང་ཆེན་གྱི་སྨན་ཁང་ཆེ་གྲས་ཁག་ལ་བསྟེན་གཏུགས་བྱས་ཀྱང་། ནད་པ་དང་ནང་མིའི་རེ་བ་བཞིན་སངས་དྲག་ལ་འགྲོ་མ་ཐུབ། དེ་ལྟར། ཟླ་འགར་སྨན་ཁང་དུ་བསྡད་ཀྱང་མཐར་རང་ཁྱིམ་དུ་ལོག་དགོས་བྱུང་། ཉལ་སའི་མཐའ་ཅན་དུ་གྱུར་བའི་ཨ་མྱེས་ཀྱི་གཟུགས་གཞིའི་ཤ་ནི་སྐམ། ངོ་གདོང་ལ་ཤིན་ཏུ་མི་སྡུག་པའི་མདངས་སྐྱ་ཡེར་ཡེར་བ་ཞིག་བབས། དེ་ནི་འཇིག་རྟེན་འདི་ན་ཡོད་པའི་ཁ་དོག་ཅིག་ཀྱང་མིན་པ་འདྲ། མིག་ཟུང་ནང་ལ་ནུབ། འགྲམ་ཤ་དག་ལ་གྲོག་རོང་ཞིག་ལྟར་གཏིང་རིས་ཟབ་མོ་ཞིག་ཀྱང་དོད། ཡིན་ཡང་། རྣམ་ཤེས་ཁོ་ན་གསོན་པོར་འཚོ་ཞིང་ཉིན་རེ་བཞིན་ཁ་ཏོན་འདོན། སྨོན་ལམ་འདེབས། དེ་ཙམ་ནི་ཡང་དག་པར་བསྒྲུབས། དད་འདུན་ནི་ཁོང་གི་ཁེར་རྐྱང་གི་གདུང་སེམས་ཀྱི་རྙི་རྒྱ་ལས་གྲོལ་བྱེད་ཉག་ཅིག་ཡིན་པ་འདྲའོ།།

ལོ་དེ་གའི་དབྱར་གཞུང་གི་ཕྱི་དྲོ་ཞིག་ལ། གློ་བུར་དང་གློ་བུར་མིན་པའི་ངང་ཉི་འོད་ནི་འཁྱགས་པར་གྱུར། ལྗང་མདོག་གི་རྩྭ་ཐང་སྨག་གིས་བཏུམས། འཇིག་རྟེན་གྱི་ཁ་དོག་རྡུལ་དང་ཁུག་སྣས་ཁྱབ། ཟས་ལ་རོ་མེད། སེམས་ན་ཤེད་མེད་པའི་ཕྱི་དྲོ་ཞིག་ལ། ང་ཡི་ཨ་མྱེས་ཕྱི་མའི་ལམ་ལ་ཕེབས་སོང་། འོད་ཆེམ་ཆེམ་གྱི་མཆོད་མེ་རྐང་གཅིག བླ་འཕོས་མ་ཐག་པའི་ཕུང་པོའི་སྔས་མགོ་ན་འབར་གྱིན་འདུག དེའི་ཁ་དོག་ནི་ཤིན་ཏུ་སེར། སེར་པོ་གསེར་གྱི་མདོག་ལྟར་འབར། ང་ཡི་བྱིས་བློའི་ངོགས་སུ་དེ་ནི་ཕྱི་མའི་ལམ་འཕྲང་གཅོད་པར་གློག་སྒྲོན་ཞིག་རེད་ཨང་བསམས་མྱོང་། དེ་ནས་རྩིས་བརྒྱབ། སྐར་མར་བལྟས། ཉིན་འགའི་རྗེས་སུ་ང་ཡི་ཨ་མྱེས་ཀྱི་ཕུང་པོ་རླངས་འཁོར་ཞིག་ཏུ་བཅུག་ནས། ཁྱིམ་དང་ཐག་མི་རིང་བའི་རི་དེའི་སྐེད་ཙམ་ལ་འཁྱེར་སོང་། ཁྱིམ་ལ་རླུང་ལྡང་། ཐབ་ལ་དྲོད་མེད། ཉིན་དེའི་ཉིན་གུང་ཙམ་ལ་རི་མགོར་བྱ་རྒོད་འཕུར་ཞིང་གྲིབ་མ་ས་ལ་ནག་ཡོལ་ཡོལ་རྒྱུག བྱ་རྒོད་ཇེ་མང་རེད། སྒྲོ་གཤོག་ཐར་ཐོར་ས་ལ་ལྷུང་། ར་སྐོར་གྱི་རྩིག་གདང་དུ་རི་སྤར་བའི་བསུར་དྲི་ལམ་ལམ་ཐུལ། ང་རང་སྒེའུ་ཁུང་གི་འགྲམ་དུ་ལངས་ཏེ་རི་མགོའི་བྱ་རྒོད་ལ་ཅེར་ནས་ལུས། བྱ་ཚོགས་ཉིལ་ལི་ལི་ལྡིང་སའི་ནམ་མཁའི་འོག་ཏུ། དུར་ཁྲོད་ཡོད་རེད་ཟེར། སྐབས་དེར་ངས་ནི་དུར་ཁྲོད་ཅེས་པ་ཡང་སྙིང་ཅི་ཞིག་ཡིན་པའང་ཤེས་ཀྱི་མེད་མོད། བར་ཞིག་ནས་བྱ་རྒོད་རྣམས་སླར་ཡང་ནམ་མཁར་སྙེགས་ནས་འཕུར་སོང་། སྤྲིན་པའི་མཐོ་ཚད་དང་མཉམ་པའི་ཚོད་དུ་འཕུར། དེ་ཙམ་ལ་རླངས་འཁོར་དེ་ཕྱིར་སླེབས་བྱུང་།རླངས་འཁོར་ནང་གི་མི་རྣམས་ས་ལ་བབས་རྗེས། ཁ་ནས་མ་ཎིའི་འདོན་སྒྲ་དང་བཅས་ལག་པ་བཀྲུས་རྗེས་ཁྱིམ་དུ་ལོག དུས་ཚོད་ཀྱི་འཁོར་རྒྱུག་ནི་ཇེ་མགྱོགས་ཇེ་མགྱོགས་རེད་དེ། ལོ་སྔ་མ་སྔ་མའི་བྱུང་རིམ་མཐའ་དག་བརྗེད་ནས་འགྲོ། མཉམ་དུ་ཨ་མྱེས་ཀྱི་ཅ་དངོས་སྐོར་ཞིག་རིམ་པ་བཞིན་མཐོང་ལམ་ནས་ཡལ། ནམ་ཞིག་ནས་བཟུང་། ཁོང་གི་ཇ་ཕོར་མི་འདུག དེ་ནས་གྲི་ཐུང་མི་འདུག ག་ལེ་ག་ལེར། ཁྱིམ་གྱི་ཀ་བའི་སྟེང་གི་ཁོང་གི་པར་རིས་དེ་ཡང་མི་འདུག དེ་ལྟར། ད་ལྟ་ངེད་ཚང་གི་ཁྱིམ་དུ་ཨ་མྱེས་འཚོ་མྱོང་བའི་དཔང་རྟགས་སུ་ཅ་དངོས་ཤིག་དགོས་པའི་དབང་དུ་བཏང་ན། ཚེ་རིང་རྣམ་དྲུག་གི་ཚོན་རིས་ཡོད་པའི་དཀར་ཡོལ་རྙིང་པ་ཆ་དེ་ཡིན་ནམ།

ང་རང་ལག་ཁྱག་ཅིང་མི་ཚེ་འདིར་ལམ་ཐག་རིང་ཞིག་ཅིས་ཀྱང་གཅོད་དགོས་པའི་དུས་ལ་སླེབས། ལམ་ཐག་དེའི་མིང་ལ་ལས་ཀྱི་ལམ་ཞེས་ཀྱང་འབོད། གང་ལྟར། ཉིན་དེའི་སྐྱ་རེངས་འཆར་མཚམས་སུ། ཨ་མའི་མིག་གཏིང་ལ་མིག་ཆུ་འཁྱིལ་བཞིན། འདི་ནི་གྱེས་ཁ་མར་ང་ལ་གནང་བའི་དྭངས་གཙང་གི་བདུད་རྩི་ཕོར་པ་གང་དང་འདྲ་བྱུང་། དེ་མུར་ཨ་མས་འབར་ཞུན་སྒམ་ཆུང་ཞིག་ང་ལ་སྟེར་ཞིང་“འདིའི་ནང་གི་རུས་ཐལ་འདི་གནས་མཆོག་རྡོ་རྗེ་གདན་དུ་འཕྲོད་ཐབས་བྱོས་ཨ་ཟེར།” འདི་ནི་ཨ་མྱེས་ཀྱི་རུས་ཐལ་ཡིན་པ་ཁོང་གིས་མ་བཤད་ཀྱང་ངས་ཤེས་སོང་། ངས་མགོ་ལྕོག་ལྕོག་གིས་ཁས་བླངས་པ་ཡིན། དེ་ལྟར་ངས་མི་ལོ་མང་པོར་འབར་ཞུན་སྒམ་ཆུང་དེ་ཉར་ཚགས་བྱས་ཤིང་། མཐར་ཨ་མས་མངགས་བཅོལ་བཞིན་རུས་ཐལ་དེ་དངོས་སུ་གནས་མཆོག་རྡོ་རྗེ་གདན་དུ་སྐྱེལ་ཐུབ་པ་བྱུང་། དོན་དེ་རྗེས་སུ་ང་རང་ཨ་མ་ལགས་འཕྲད་མ་ཐག་ཞུས་པ་ཡིན་ལ་ཨ་མ་ཧ་ཅང་དགྱེས་སོང་།

ཀྱེ་མ། འདྲ་པར་འདི་མ་མཐོང་བར་མི་ལོ་བཅུ་ཕྲག་ལྷག་ཅིག་འགོར་ལ། ཨ་མྱེས་ང་ཚོ་དང་གཏན་དུ་གྱེས་ནས་ཀྱང་མི་ལོ་བཅུ་ཕྲག་གཉིས་ལ་ཉེ། ཡིན་ཡང་། ང་ཡི་དྲན་པའི་ནང་དུ་ཁོང་ད་དུང་བབ་ཆགས་པོས་འཚོ་སྡོད་བྱས་ཡོད།

༢༠༢༡

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།