ལོ་རིམ་ལྔ་པའི་སློབ་གཉེར་བ། བསྟན་པ་ཚེ་རིང་།
ཁྲི་གདུགས་ཉི་མའི་འོད་ཟེར་སྒེའུ་ཁུང་ནས་སྒྲོལ་དཀར་གྱི་མལ་གོས་སྟེང་དུ་བབས་པ་མ་ཟད། སྨོན་ལམ་ཆེན་མོའི་ཞོགས་ཐུན་འཚོགས་རྒྱུར་ཡང་ཆུ་ཚོད་ཕྱེད་ཀ་ལས་མེད། དུས་རྒྱུན་སྔ་གསར་ཆེ་བའི་སྒྲོལ་དཀར་ནི་ད་དུང་ཡང་། དཀར་ལ་མཐུག་པའི་མལ་གོས་ཀྱི་འོག་ན་སེམས་མེད་ཀྱི་བེམ་རོ་བཞིན་དུ་འགུལ་ཙམ་ཡང་མེད་པར་ནར་རེར་ཉལ་འདུག ནམ་རྒྱུན་མིན་པའི་གནས་ཚུལ་འདི་བྱུང་ནས་ཏག་ཏག་ཉིན་གསུམ་འགྲོ་བཞིན་ཡོད་ཅིང་། གྲོགས་མོ་དང་བཙུན་མ་རྒན་གཞོན་ཚོས། འདིར་ཚོད་དཔག་སྣ་ཚོགས་ཀྱིས། འགའ་རེས་ཆུ་མ་འཕྲོད་ནས་ནད་པ་ཆགས་རེད་ཟེར་བ་དང་། ཡང་འགའ་རེས་གནད་དོན་གཞན་ཞིག་འཕྲད་ནས་སེམས་སྡུག་གིས་མནར་རེད་ཟེར་བ་སོགས། མདོར་ན་དེང་སང་ཕྱི་ནང་བར་གསུམ་དུ་སྒྲོལ་དཀར་གྱི་སྐོར་ལ་གཏམ་གླེང་མི་བྱེད་པའི་བཙུན་མ་ཞིག་མི་འདུག་སྨྲས་ཀྱང་ཆོག་པར་འདུག
དང་པོ།
དེ་རིང་ནས་བརྩིས་པའི་ཉིན་གསུམ་གྱི་ཡར་སྔོན་ཏེ། རེས་གཟའ་ལྷག་པའི་དགོང་མོར་སྒྲོལ་དཀར་རྒྱུན་ལྡན་བཞིན་མཆོད་རྟེན་ཆེན་མོར་སྐོར་ཚད་གསོག་ཏུ་བསྐྱོད། རྒྱ་བལ་འབྲུག་སོགས་རྒྱལ་ཁབ་གཞན་དང་གཞན་ནས་ཕེབས་པའི་དད་ལྡན་མི་ཚོགས་ནི་དཔྱིད་དུས་གྲོག་ཚང་བརྡོལ་བ་བཞིན་འཚང་ག་ཤིག་ཤིག་གིས་རྐྱང་ཕྱག་འབུལ་མཁན་དང་།གོམ་པའི་བང་རྩལ་འགྲན་པ་ལྟ་བུའི་སྐོར་བ་རྒྱག་མཁན་རྣམས་ཀྱིས་མཆོད་རྟེན་གྱི་སྐོར་ལམ་ཡོམ་ཡོམ་དུ་གཡོ་བར་བྱེད་བཞིན་པའི་མི་ཚོགས་ཀྱི་དཀྱིལ་ནས།བོད་ཆས་གྱོན་པའི་བུད་མེད་ལོ་ན་རྒན་ཙམ་ཞིག་གིས་སྒྲོལ་དཀར་ལ་ཅུང་ཡ་མཚན་དང་བཅས་ཏེ་བལྟས་ཀྱང་། མོའི་ཀླད་པའི་ནང་སྐོར་བའི་གྲངས་ཀ་ལས་མེད་པས། ད་སོ་མ་མོར་ལྟ་མཁན་གྱི་བུད་མེད་དེ་སྨོན་ལམ་ཆེན་མོར་ཕེབས་པའི་དད་ལྡན་དཀྱུས་མ་ཞིག་ལས་གཞན་གང་ཡང་མ་ཚོར།
བུད་མེད་དེས་གོམ་སྟབས་མགྱོགས་པོ་འགའ་སྤོས་ནས་མོའི་སྔུན་དུ་འགྲེངས་ཏེ། ཡང་བསྐྱར་མོའི་གདོང་ལ་ཞིབ་ལྟ་ཞིག་བྱས་རྗེས། “ངས་ནོར་མི་འདུག་ཆོས་འཛོམས་རང་།” ཟེར་ཞོར་མོ་ལ་བལྟས་ནས་ཅུང་ཧད་དེ་ལུས། མོས་སྔོན་ལ་བུད་མེད་དེར་དོ་སྣང་དམིགས་བསལ་བྱུང་མེད་ཀྱང་། ད་ལྟ་ཞིབ་ཀྱིས་ལྟ་དུས། ཕྱུ་པ་ནག་པོ་ཞིག་གྱོན་པའི་སྟེང་། བལ་ལས་གྲུབ་པའི་སྨད་དཀྲིས་སེར་ཁྲ་ཞིག་དཀྲིས་ཤིང་། སྐེད་པ་ཅུང་ཙམ་གུག་ལ་དཔྲལ་བར་གཉེར་མས་ཁེངས་པའི་བུད་མེད་དེ་ནི་སྔོན་ལྟ་བཟོ་དོད་ལ་གཏམ་འདོད་ཚ་བའི་ཨ་ནེ་ཟླ་སྒྲོན་ཡིན་པ་ཤེས། དེ་མ་ཐག་མོའི་སེམས་ནང་དུ་ཁོང་ཁྲོ་མེ་ལྟར་འབར་ནས་ཞེ་སྡང་གི་དུ་བ་འཕྱུར་ལ་ཁད་བྱུང་ཡང་། གདོང་ལ་མི་མངོན་པར་བྱས་ཏེ་བཅོས་མའི་འཛུམ་ཆུང་ཞིག་བསྟན་ནས། “རྨོ་མོ་ལགས། ཁྱེད་ཀྱིས་ཕལ་ཆེར་ནོར་བ་འདྲ། ང་ཆོས་འཛོམས་མིན།” ཞེས་བཤད་ནས་མདུན་དུ་འགྲོ་རྩིས་བྱས་ཀྱང་། རྨོ་མོ་དེས་མོའི་ལག་གཡོན་ནས་བཟུང་སྟེ་སླར་ཡང་། “ང་ལོ་རྒས་ནས་དྲན་ཤེས་ཉམས་རུང་། ངས་ཁྱོད་རང་ངོ་ལོས་ཤེས། སྔར་ཁྱོད་ལ་རྒྱུ་འབྲས་མེད་པའི་ལས་ཀ་མང་པོ་བྱས་སོང་།” ཞེས་གཉེར་མས་ཁེངས་པའི་ངོ་གདོང་ལ་འགྱོད་གདུང་གི་སྐྱོ་མདངས་མངོན་བཞིན། མོའི་ལག་པ་དམ་དུ་བཟུང་སྟེ་དེ་ལྟར་བཤད། ནམ་ཡང་གོ་འདོད་མེད་པའི་སྐད་གདངས་དེ་དེ་རིང་གློ་བུར་དུ་སྒྲོལ་དཀར་གྱི་རྣ་ལམ་ལ་ལྷང་ལྷང་དུ་གྲགས་ཡོང་དུས། མོའི་མིག་མདུན་དུ་ས་རུབ་པ་ལྟ་བུའི་སྣང་བ་ཞིག་དང་། སེམས་ལ་གྲི་བཙུགས་པ་ལྟ་བུའི་ན་ཟུག་གིས་སྐོར་བར་འགྲོ་རྒྱུ་གཡུགས་ཏེ་མཆོད་རྟེན་སྐོར་ལམ་ནས་རྙིང་མའི་ཆོས་སྒར་བར་དབུགས་ཐེངས་གཅིག་གིས་བརྒྱུགས་ནས་དཀར་ལ་མཐུག་པའི་མལ་གོས་ནང་དུ་འཛུལ་ཏེ་ཤུགས་ཀྱིས་ངུས། མཁུར་ཚོས་ངོས་སུ་མུ་ཏིག་གི་འཕྲེང་ཐག་ཆད་པ་ལྟ་བུའི་མིག་ཆུ་དག་རིམ་པས་འདྲིལ་ཡོང་བ་དང་ལྷན། མོས་ནམ་ཡང་ཕྱིར་དྲན་བྱེད་འདོད་མེད་པའི་འདས་དོན་དག་མིག་མདུན་དུ་གློག་བརྙན་སྟོན་པ་ལྟར་འགོག་མེད་དུ་ཤར་འོངས།
གཉིས་པ།
རི་བོ་དཀར་མཛེས་འདབས་ཀྱི་ཡུལ་ལྗོངས་ཤིག་ནས་འཚར་ལོངས་བྱུང་བའི་བུ་མོ་ཆོས་འཛོམས་ཀྱི་ཕ་མ་གཉིས་ནི་ཞིང་པ་དཀྱུས་མ་ཞིག་ཡིན། སྤྱིར་ཞིང་པ་ཚོར་བུ་ཕྲུག་མང་ཡང་། དཀོན་སྐྱབས་དང་བདེ་སྐྱིད་གཉིས་ལ་བུ་མོ་ཆོས་འཛོམས་ལས་གཞན་མེད། མོའི་ཨ་ཕ་དཀོན་སྐྱབས་ཀྱི་ཕ་མ་གཉིས་ཀ་ཆུང་དུས་ནས་འདས་གྲོངས་སུ་སོང་ཡང་། ཁོས་ཤིང་བཟོ་ཀུན་དགའི་ལག་གཡོག་བརྒྱུགས་ཏེ་རང་གི་གཅུང་མོ་ཟླ་སྒྲོན་ལ་ཕ་མ་མེད་པའི་སྡུག་བསྔལ་མྱོང་དགོས་མེད་པར་བྱས། དུས་ཚོད་ཀྱི་འགྲོས་ནི་གངྒཱའི་ཆུ་རྒྱུན་བཞིན་ནམ་ཡང་འགོག་ཐབས་མེད་པས། དཀོན་སྐྱབས་ཀྱི་མིང་འགོར་ཤིང་བཟོ་ཞེས་པའི་ཡིག་འབྲུ་གཉིས་བསྣན་ནས་ཉེ་འཁོར་གྱི་ཡུལ་ལུང་ཀུན་ཏུ་ཤིང་བཟོ་དཀོན་སྐྱབས་ཞེས་གྲགས་པས། ད་ལྟ་ཁོ་ངོ་མི་ཤེས་མཁན་ཕལ་ཆེར་མེད་པར་སྣང་། གཅུང་མོ་ཟླ་སྒྲོན་ཡང་ཕོ་བརྒྱའི་སེམས་པ་ཤོར་ས་དང་། མོ་བརྒྱའི་སྙིང་རླུང་ལངས་སའི་ནམ་མཁའི་ལྷ་མོ་ལྟ་བུ་ཞིག་མིན་ཡང་། ཁ་ལ་འཚམས་པའི་སོ་ཟེར་བའི་དཔེ་ལྟར། ལུས་ལང་ཚོ་ཡོངས་སུ་རྫོགས་ནས་ལུང་པའི་ཕྱུག་བདག་ཅིག་གིས་བུའི་མནའ་མར་བླངས། ཆོས་འཛོམས་ཀྱི་ཨ་མ་བདེ་སྐྱིད་ནི་ས་བྱང་ཐང་དུ་སྐྱེས་པའི་འབྲོག་མོ་ཞིག་ཡིན། ཨ་ཕ་བྱང་དུ་ནོམ་པ་1ལ་འགྲོ་དུས་ཁོང་གཉིས་དགའ་རོགས་བསྒྲིགས་ནས་ཚུར་སླེབས་པ་ཞིག་རེད། དང་ཐོག་བདེ་སྐྱིད་ཀྱིས་ཞིང་ལས་མ་ཤེས་པས་ཡུལ་མི་ཁ་བདེ་ལྕེ་རིང་ཚོས་མངོན་ལྐོག་རྒྱུད་གསུམ་ནས་འཕྱ་སྨོད་གང་ཐུབ་བྱས་ཀྱང་། མོས་ཞོགས་སྔ་ལངས་དང་། དགོང་ཕྱི་ཉལ་བྱས་ནས་ཕྱི་ཡི་ཞིང་ལས་དང་། ནང་གི་སྣམ་ལས་སོགས། རང་གིས་མ་ཤེས་པ་དག་གཞན་ནས་སྦྱངས་ཏེ། མི་སྨོན་རང་སྐྱིད་ཀྱི་ཁྱིམ་ཚང་ཞིག་བསྐྲུན་རྒྱུར་འབད་བརྩོན་བྱས་པ་དེ། ཡུལ་མི་ལ་ལའི་སྨོན་པའི་མིག་མདའ་དང་ལ་ལའི་ཕྲག་དོག་གི་ལྐོག་མདའ་འཕེན་སའི་འབེན་དུའང་གྱུར། འོན་ཀྱང་ཡུལ་ལུང་དེར་མོ་ནི་ད་ལྟ་གཞོན་ནུ་མ་ཚོའི་མིག་དཔེ་ལྟ་སའི་དཔེ་མཚོན་དུའང་འཇོག་པ་ཡིན།
བློ་རིག་བཀྲ་ལ་སྤྱང་གྲུང་འཛོམས་པའི་བུ་མོ་ཆོས་འཛོམས་ནི་སྐབས་དེར་ཕ་འཛོམས་མ་འཛོམས་ཀྱི་བུ་མོ་བསོད་ནམས་ཅན་ཞིག་ཡིན་ཁར། མོའི་སློབ་སྦྱོང་གི་སྦྱངས་འབྲས་ཀྱང་སློབ་མ་གཞན་ལས་བཟང་བས། སློབ་གྲྭའི་དགེ་རྒན་དག་གིས་མོ་ལ་ཧ་ཅང་བརྩི་མཐོང་ཆེ། འདས་པའི་ལོ་ངོ་བཞིའི་རིང་མོས་འཛིན་གྲྭའི་ནང་དུ་ཤེས་ཚད་ཨང་ཀི་དང་པོ་དང་གཉིས་པ་ཤ་སྟག་བླངས་པ་མ་ཟད། ད་ལོ་འཛིན་རིམ་ལྔ་པའི་སློབ་ཕྲུག་ཀུན་སྤྱོད་ཡག་ཤོས་ཀྱི་བྱ་དགའ་དང་ཨང་ཀི་དང་པོའང་བླངས། སློབ་གྲྭ་འདིར་འཛིན་གྲྭ་ལྔ་པ་ཡན་མེད་སྟབས། སློབ་སྦྱོང་མུ་མཐུད་དེ་སྦྱོང་འདོད་ཡོད་པའི་སློབ་ཕྲུག་ཚོ་བལ་ཡུལ་གྱི་རྒྱལ་ས་ཡམ་བུ་2ལ་འགྲོ་དགོས། ཆོས་འཛོམས་ལའང་རྒྱལ་སར་མུ་མཐུད་དེ་སློབ་སྦྱོང་བྱེད་དུ་འགྲོ་རྒྱུའི་འདུན་པ་ཆེན་པོ་ཡོད་ཀྱང་། ཨ་ཕ་དཀོན་སྐྱབས་དང་ཨ་མ་བདེ་སྐྱིད་གཉིས་དེ་ལས་ལྡོག་སྟེ་བུ་མོ་རྒྱལ་སར་གཏོང་རྒྱུའི་འདོད་པ་རྩ་བ་ནས་མེད་མོད། འོན་ཀྱང་སློབ་སྤྱི་དང་དགེ་རྒན་རྣམས་ཀྱི་ངོ་མ་གཅོག་ནས་ཡམ་བུར་མི་གཏོང་ཐབས་མེད་བྱུང་།
གསུམ་པ།
ཉིན་ཞག་རེ་རེ་བཞིན་སོར་རྩེར་བགྲངས་ནས་ལོ་ཟླའི་ཕྲེང་རྡོག་ཧྲིལ་པོ་ཕར་ཕར་སྐྱེལ་དུས། དུས་ཚོད་ནི་ངོ་མ་འགྲོ་དཀའ་ཞིང་ཡུན་རིང་ནའང་། རྒྱལ་ས་ཞེས་པའི་ཁྲ་ཁྲ་ཟིང་ཟིང་གི་སྤྱི་ཚོགས་དེར་ཆོས་འཛོམས་སླེབས་ནས་ད་ལྟའི་བར་བསམ་དབང་དྲན་དབང་མེད་པར་མི་ལོ་གསུམ་གྱི་འཚོ་བ་རོལ་ཟིན་ལ། འཛིན་གྲྭ་རིམ་བགྲོད་ཀྱིས་བརྒྱད་པ་ཚར་ནས་དགུ་པར་འགྲོ་རྒྱུའི་སྟ་གོན་བྱེད་བཞིན་འདུག ད་ལྟ་ནི་བོད་ཟླ་བཅུ་གཅིག་སྟེ། དགུན་ཁའི་གུང་སེང་གཏོང་བའི་ནམ་དུས་ཡིན་པས་རྒྱལ་སར་ཡོད་པའི་སློབ་གྲྭ་མང་ཆེ་བ་སྒོ་བརྒྱབ་ཅིང་། ཕ་མ་ཉེ་འགྲམ་དུ་ཡོད་པའི་སློབ་ཕྲུག་ཚོ་སོ་སོའི་ནང་ལ་གུང་སེང་དུ་འགྲོ་བ་དང་། གཞན་རྣམས་སོ་སོའི་ཁྱིམ་ཚང་དུ་བསྡད་ནས་གཡས་གཡོན་དུ་དབྱིན་སྐད་དང་རྒྱ་སྐད་སོགས་ཟུར་སྦྱོང་བྱེད་ཀྱི་ཡོད། ཆོས་འཛོམས་ཀྱང་སློབ་མ་ཕྱི་མ་དག་ལས་མ་འདས་པས་རྒྱུན་དུ་རྒྱ་སྐད་ཟུར་སྦྱོང་འཛིན་གྲྭ་ཞིག་ལ་འགྲོ་བཞིན་ཡོད་ཅིང་། རེས་གཟའ་སྤེན་པ་དང་ཉི་མའི་སྐབས་སློབ་མ་གཞན་པ་ལྟར་ཉལ་མི་འདུག་པར། སྔ་མོ་ནས་མལ་ལས་ལངས་ཏེ་མཆོད་རྟེན་བྱ་རུང་ཁ་ཤོར་ལ་སྐོར་བར་འགྲོ་ཡི་ཡོད། ཟླ་བ་དེའི་ཚེས་བཅོ་ལྔ་སྟེ། རེ་གཟའ་ཉི་མའི་ཞོགས་པར་ཆོས་འཛོམས་སྐོར་བར་ཕྱིན་ནས་ཚུར་ཁྱིམ་ཚང་ལ་ལོག་ཡོང་དུས། མི་ཚོགས་ཀྱི་འུར་ཟིང་དང་རླངས་འཁོར་གྱི་དུང་སྒྲ་མང་ས་ཞིག་གི་ལམ་ཟུར་དུ། སྔོན་གྱི་གྲོགས་མོ་སྒྲོལ་མ་དང་ལྷ་མོ་གཉིས་ད་ལོ་རྒྱལ་སར་གནས་སྐོར་ལ་སླེབས་པ་དང་ཐུག ཁོང་གསུམ་ནི་བུ་ཕྲུག་བྲལ་བའི་མ་དང་འཕྲད་པ་བཞིན་རེ་ཞིག་གཅིག་གིས་གཅིག་ལ་འཐམས་ནས་འདུག་པ་ལས། ངག་ནས་ཅི་ཡང་མི་བརྗོད་པར་མིག་མཐར་མིག་ཆུ་ཕྲུམ་ཕྲུམ་དུ་འཁྱིལ། མཚམས་དེར་ཆོས་འཛོམས་ཀྱི་བསམ་པར་དེ་རིང་ཁོང་གཉིས་དང་ཁ་བརྡ་སྐྱིད་པོ་ཞིག་བྱེད་དགོས་སྙམ་ནས་ཉེ་འགྲམ་གྱི་ཇ་ཁང་ཞིག་ཏུ་འཁྲིད། མི་ཚེ་རིང་པོར་སྐྱིད་གསུམ་སྡུག་གསུམ་ཟེར་བ་ལྟར། ཁོང་གསུམ་གྱི་ཁ་བརྡའི་ཁྲོད་ནའང་མཚམས་རེ་དགོད་སྒྲ་ལྷང་ལྷང་དུ་ཐོས་རྒྱུ་འདུག་ལ། ཡང་སྐབས་རེ་ཀུ་རེ་དང་བབ་བཅོལ་གང་ཡང་མ་འདྲེས་པར་མིག་ཆུ་ལྷུག་ལྷུག་གིས་གླེང་བཞིན་འདུག ཡར་བཤད་སྟོང་དང་མར་བཤད་བརྒྱ་ཡི་མཐའ་མཇུག་དེར། ཆོས་འཛོམས་ཀྱིས་མོའི་ཕ་མ་གཉིས་ཀྱི་སྐོར་དྲིས། ལྷ་མོ་དང་སྒྲོལ་མ་གཉིས་ཀར་དང་ཐོག་དེའི་སྐོར་ཤོད་འདོད་མེད་ཀྱང་ཆོས་འཛོམས་ཀྱིས་ཡང་ཡང་དྲིས་པས་མི་ཤོད་ཀ་མེད་བྱུང་། ལྷ་མོས་མྱ་ངན་གྱི་མིག་ཆུ་དང་སྙིང་རྗེ་ཡི་མ་ཎི་འདོན་ཞོར་ཨ་ཕ་དཀོན་སྐྱབས་འདས་ཚུལ་སྐོར་ཞིབ་ཅིང་ཕྲ་བར་བཤད། ད་དུང་ཡང་མོའི་ཨ་མ་བདེ་སྐྱིད་ད་སྐབས་ནད་ཀྱིས་མནར་ནས་མལ་སར་ཡོད་རབས་དང་། བྱུང་ན་ཐེངས་གཅིག་ཨ་མར་ཐུག་ཏུ་འགྲོ་དགོས་པའི་བསམ་ཚུལ་ཡང་བརྗོད།
ད་ལྟ་ཆོས་འཛོམས་ཀྱི་དཀར་ཞིང་གོར་བའི་བཞིན་མདངས་ཉམས་ཤིང་། གནག་ཅིང་སྣུམ་པའི་སྐྲ་ལོ་གཟེངས་ལ། སྡུག་བསྔལ་གྱི་ཁུར་བོ་ལྕི་བས་གོམ་པའི་འདེགས་འཇོག་འཁྱར་འཁྱོར་གྱིས་གནས་ཁང་ཕྱོགས་སུ་འཐེན་པའི་ལམ་ཆུང་དེར་ཞུགས། བསྐོས་པའི་ལས་ལ་བཟློག་ཐབས་མེད། །དཔྲལ་བའི་གཉེར་མ་ཕྱིས་ཐབས་མེད། །ཅེས་པའི་ཁ་དཔེ་ལྟར་སྟོན་ཀ་དེར་མོའི་ཨ་ཕ་གྲོངས་པ་མ་ཟད་ཨ་མའང་ནད་ཀྱིས་མནར་ཡོད་པ་ཤེས་སྟབས། མོ་རང་སློབ་སྦྱོང་ལ་བརྩོན་སེམས་ཆེ་ཡང་ཨ་མར་ནད་གཡོག་བྱེད་མཁན་མེད་པས་ལྟོ་གོས་རྒྱབ་ལ་འཁྱེར་ཏེ་མཐོན་པོའི་རི་དང་དམའ་མོའི་ལུང་། ཡངས་པའི་ཐང་དང་གཟར་བའི་འཕྲང་སོགས་རི་ལུང་ཐང་གསུམ་དུ་མ་ཞིག་བརྒལ་ནས་ཕ་ཡུལ་ལ་མི་ལོག་ཀ་མེད་བྱུང་། མོས་དེ་ལྟར་བྱེད་པའང་ཨ་མ་རྒྱལ་སར་འཁྲིད་ནས་སྨན་ཁང་ཡག་པོ་ཞིག་ཏུ་སྨན་བཅོས་བྱེད་དགོས་བསམས་པ་ཡིན་ཡང་། འཇིག་རྟེན་འདིར་ང་ཚོས་བསམས་པ་བཞིན་ག་ལ་འོང་། མ་ཡུམ་བདེ་སྐྱིད་ནི་ལུས་པོ་ཡོངས་རྫོགས་ལ་ཆུ་བསགས་ནས་ཆོས་འཛོམས་ཀྱིས་འདེགས་ཐུབ་པ་ལྟ་ཅི། ཨ་ནེ་ཟླ་སྒྲོན་གྱིས་ཀྱང་འདེགས་མི་ཐུབ་པས་སྒོའི་ཕྱི་ནང་བར་གསུམ་ལ་འགྲོ་དུས་ཁྱིམ་མཚེས་དོན་གྲུབ་ལ་རོགས་བྱེད་རོགས་ཟེར་དགོས་ཐུག ཆོས་འཛོམས་ནི་ཉིན་མཚན་ལྟོས་པ་མེད་པར་མ་ཡུམ་གྱི་མལ་ཟུར་དུ་ཙོག་པུར་བསྡད་དེ་ལྟོ་ཆས་དང་སྨན་སོགས་ཐུར་མ་རེ་རེ་བཞིན་ཨ་མའི་ཁ་ལ་བླུགས་ནས་ནད་གཡོག་གང་དགོས་བྱས་ཀྱང་། དགོང་མོ་ཞིག་ལ་མིད་པ་འཁྲིལ་ཞིང་སྐད་ངག་འདར་འདར་གྱིས། “ཁྱོད་ཆུང་དུས་ནས་ཨ་ཕས་ཨ་ནེ་ཟླ་སྒྲོན་གྱི་བུ་དོན་གྲུབ་ཀྱི་མནའ་མར་བྱིན་ཟིན་པས། ཁྱེད་གཉིས་ཀྱིས་མི་ཚེ་མཉམ་དུ་སྐྱོལ། ཨ་ཕའི་སྐུ་དྲིན་ལས་ང་ཚོ་རྒྱུ་དཔལ་འབྱོར་དང་ནོར་ལོངས་སྤྱོད་སོགས་སུ་གང་ལའང་རེ་དགོས་མེད་མོད། ད་ལྟ་ཁྱོད་ལོ་ན་ཆུང་བས་ངེས་པར་དུ་ཨ་ནེ་ཟླ་སྒྲོན་གྱི་ཁ་ལ་ཡག་པོ་ཉོན།” ཞེས་ཁ་ཆེམས་དོན་ཚན་འགའ་བཞག་ནས་ཁུ་སིམ་མེར་འཇིག་རྟེན་གཞན་ཞིག་ཏུ་ཆས། ཆོས་འཛོམས་ནི་མིག་ཆུའི་ཐིགས་པ་ཆད་མེད་དུ་བཞུར་འོང་བ་མ་ཟད་ཨ་མའི་ཕུང་པོར་འཐམས་ཏེ་ངུ་ངག་དང་སྨྲེ་ངག་འདོན་བཞིན་ལུས།
བཞི་པ།
དགུན་ས་གས་རྡོ་གས་ཀྱི་ནམ་དུས་གྲང་མོ་དེ་ཕར་ཕར་ལ་འདས་ནས། སོས་མི་བྲེལ་ཁྱི་བྲེལ་གྱི་ནམ་ཟླ་དྲོན་མོ་དེ་ཚུར་ཚུར་སླེབས་ཟིན་པ་འདྲ། ད་ལྟ་རི་ཀླུང་ཡོངས་སུ་ལྗང་སྨྱུག་ཐར་ཐོར་རེ་འབུས་ཤིང་། ཡུལ་མི་ཁྱིམ་མཚེས་དག་བྲེལ་བ་ཚུབ་ཚུབ་ཀྱིས་ཞིང་ལས་བྱེད་བཞིན་འདུག འོན་ཀྱང་། བློ་ཕམ་པ་ཞིག་ལ་དཀར་མཛེས་སྡེ་བའི་རྒན་གཞོན་ཚོས་གླེང་བ་བཞིན་ཆོས་འཛོམས་ཀྱི་ཕ་མ་གཉིས་གྲོངས་ནས་ལོ་ཤས་ལས་མ་སོང་སྔོན་དུ། ཆོས་འཛོམས་ནི་ཨ་ནེ་ཟླ་སྒྲོན་གྱི་མིག་ལོག་དང་ཁ་རྡུང་འོག་ནས་སེམས་པ་ན་ལྷང་ལྷང་གིས་དབྱར་དགུན་སྟོན་དཔྱིད་མེད་པར་ར་ཁྱུ་དང་ལུག་ཁྱུའི་རྗེས་སུ་འབྲངས་ནས་འགྲོ་དགོས་པ་ལྟར། དེ་རིང་ཡང་བྲག་ནག་ཅེས་པའི་རི་བོའི་འདབས་ན་སླེལ་པོ་སྟོང་པ་ཞིག་རྒྱབ་ལ་འཁུར། སློག་པ་རྙིང་ཧྲུལ་ཞིག་ལུས་ལ་གྱོན། མེ་ཏོག་དང་སྔོ་ལྗང་གར་ཡོད་ལ་རྒྱུགས་འགྲོ་བའི་ར་ལུག་སུམ་བརྒྱ་ལྷག་གི་རྗེས་སུ་འབྲངས་ནས་རྫི་བོར་འགྲོ་བཞིན་པའི་སྐབས་གློ་བུར་དུ་རི་རྩེ་ནས་ར་ལུག་སྔོན་མ་དག་“སྦིར་”3ཞེས་སྒྲོག་ཞོར་དུ་རྐང་རྡབ་ལག་རྡབ་ཀྱིས་འདྲོགས་འོངས། ཆོས་འཛོམས་རེ་ཞིག་གཉིད་ལས་སད་པ་ལྟར་ཀི་སྒྲ་དང་བཅས་ཏེ་ར་ལུག་འདྲོགས་འོང་བའི་ས་ཕྱོགས་དེར་རྒྱུགས། མོས་རྒྱུན་དུ་གནས་ཚུལ་འདི་འདྲ་ཞིག་ལྷག་དོགས་བྱེད་ཀྱི་ཡོད་པ་ལྟར། དེ་རིང་དངོས་སུ་སྤྱང་ཀི་གཉིས་ཀྱིས་ཁོང་ཚང་གི་ར་མ་ཞིག་བསད་པ་མཐོང་མ་ཐག ད་ནི་ཨ་ནེས་ཁ་རྡུང་དང་ལག་རྡུང་གཏོང་རྒྱུར་ངེས་པས་ཞེད་སྣང་དང་དངངས་སྐྲག་གིས་གདོང་གི་རྣམ་འགྱུར་རྦད་དེ་འགྱུར་ནས་ཕལ་ཆེར་དེ་སྔོན་ཨ་མ་གྲོངས་པའི་དགོང་མོ་ལྟར་ལས་དབང་ལ་འཁང་ར་བྱས་ནས་ཉི་མ་འཁྱོལ་ཐབས་བྱས། རི་བོ་བྲག་ནག་གི་གྲིབ་གཟུགས་དང་ལྷན་དུ་ཆོས་འཛོམས་ཀྱིས་ར་མའི་རོ་དེ་རྒྱབ་ལ་ཁུར་ནས་ར་ལུག་རྣམས་དེད་དེ་ལྷས་རར་ལོག ཨ་ནེ་ཟླ་སྒྲོན་གྱིས་ཆོས་འཛོམས་མཐོང་མ་ཐག་མིག་གཉིས་ཁྲ་ཧྲིག་ཧྲིག་བྱེད་བཞིན་“ལྟས་ངན་མ་ཁྱོད་རྫི་བོའི་ལས་ཀ་ཡང་འཇོན་གྱི་མི་འདུག ཁྱོད་ཀྱི་ཕ་མ་གཉིས་ཀྱི་གཤིན་ཚིགས་ང་ཚོས་བསྐྱངས་པ་མ་ཟད། དྭ་ཕྲུག་ཁྱོད་ཀྱང་ང་ཚོས་བདག་པོ་བརྒྱབ་སྟེ་ལྟོ་གོས་གང་གི་ཐད་ལའང་དཀའ་ངལ་མེད་པ་བཟོས་པ་དེ་བརྗེད་སོང་ངམ། རྒྱུད་ངན་ངོ་ཚ་རྒྱུ་མེད་པ།” ཞེས་གཤེ་གཤེ་གཏོང་ཞོར་སྦོམ་ལ་རིང་བའི་དབྱུག་པ་ཞིག་ཁྱེར་ནས་ཆོས་འཛོམས་ཀྱི་མགོ་དང་རྒྱབ་སོགས་སུ་ཐེངས་འགའ་གཞུས་པས། མཐར་དབྱུག་པ་དུམ་བུ་དུམ་བུར་གས་ཤིང་ཆག སྐབས་དེར་ཆོས་འཛོམས་ཀྱིས་མིག་ནས་མཆི་མ་གཏོང་བཞིན་ལག་གཉིས་ཀའི་མཐེ་བོང་ཀེར་ཏེ་ཨ་ནེ་ལ་ཞུ་བ་ཇི་ཙམ་འཐེན་ཀྱང་ཕན་ཐོགས་མེད་པའི་ཁར། ད་དུང་དེ་ལས་ཟློག་སྟེ་ཨ་ནེས་ཁོང་ཁྲོའི་མེ་ལྟར་འབར་ཏེ་མོ་ཡི་སྐྲ་ལོ་ནས་བཟུང་སྟེ་ཡར་འདྲུད་མར་འདྲུད་བྱེད་པ་སོགས་མུ་མཐུད་དེ་ཉེས་རྡུང་བཏང་བས་ལུས་སེམས་གཉིས་ཀས་བཟོད་མི་ཐུབ་པར་གྱུར། ནམ་རྒྱུན་ཉེས་རྡུང་གཏོང་ཐེངས་རེར་མོ་བྲོས་འགྲོ་བ་ལྟར་དེ་རིང་ཡང་ཨ་ནེའི་ལག་འོག་ནས་མི་བྲོས་ཐབས་མེད་བྱུང་།
དགོང་མོ་དེར་ཆོས་འཛོམས་ཀྱིས་ལྷས་རར་སླར་ཡང་ལོག་མི་ཡོང་བའི་དམ་བཅའ་ཞིག་སེམས་ལ་བཞག་ནས་ལམ་ལ་ཆས་ཀྱང་། ཡངས་པའི་ཁོར་ཡུག་ལ་རིམ་གྱིས་མུན་ནག་གི་སེང་རས་བཀླུབས་ཤིང་། གཡས་གཡོན་དུ་སྤྱང་ལྟོགས་ཀྱི་ངུ་སྐད་དང་རི་རྩེའི་གྲང་ངར་གྱིས་གཙེས་པས། མོའི་གོམ་པའི་འདེགས་འཇོག་དེ་སྔོན་ལྟར། སླར་ཡང་ལྷས་རའི་ཕྱོགས་སུ་མི་སྤོ་རང་སྤོ་བྱུང་། ནམ་མཁའི་སྐར་ཚོགས་མ་གཏོགས་གཞན་ཅི་ཡང་མི་སྣང་བའི་མཚན་མོ་དེར་ཨ་ནེ་ཟླ་སྒྲོན་ཡང་སྔར་ནས་རྨི་ལམ་གྱི་ཡུལ་དུ་བཞུད་ཟིན། ནམ་རྒྱུན་ཁོང་ཚོ་འདུག་སའི་ཁང་ཆུང་དེ་ད་ལྟ་ནག་འཐིབ་བེར་འདུག ལྷས་རའི་ཁོར་ཡུག་ཡོངས་རྫོགས་འཇམ་ཐིང་ངེར་གནས་པས། ར་ལུག་གིས་ལྡད་རྒྱག་པའི་སྒྲ་ཡང་ཧ་ཅང་གསལ་པོ་གོ་ཐུབ། མོས་གཟབ་གཟབ་ཀྱིས་ར་བའི་ནང་དུ་འཛུལ་ནས་གྲུ་ཟུར་ཞིག་ཏུ་ཉལ། ཉིན་མོར་བྱུང་བའི་གནས་ཚུལ་དག་བརྗེད་ཐབས་བྱས་ནས་རྨི་ལམ་གྱི་ཞིང་ཁམས་ཤིག་ཏུ་བསྐྱོད་འདོད་ཀྱང་། འཁྱགས་ལྟོགས་སྐོམ་གསུམ་གྱི་སྡུག་བསྔལ་གྱིས་མནར་བའི་ཁར། ཕ་མ་དང་། སློབ་གྲོགས། དགེ་རྒན་སོགས་དྲན་པས་རིག་པ་ཇེ་གསལ་ནས་ཇེ་གསལ་དུ་ཕྱིན། མཚམས་དེར་སྔར་རང་ཉིད་རྒྱལ་སར་བསྡད་དུས་སྐྱིད་མདོག་ཁ་པོས་འཛུམ་མདངས་ཤིག་ཤིག་གིས་འགྲོ་བའི་བཙུན་མ་དག་དྲན་འོངས།
ཟླ་བ་ཁ་ཤས་རྗེས་སུ། བུ་མོ་ཆོས་འཛོམས་ཡུལ་མིའི་མཐོང་ཡུལ་ན་མེད་པའི་གཏམ་ཞིག་ས་ཕྱོགས་གང་སར་ཁྱབ་འདུག
༢༣/ ༠༥/༢༠༢༡