«སྤྱི་ལོ་ ༢༠༢༡ ལོའི་པདྨའི་རང་མདངས་འདོན་ཐེངས་སྔ་མའི་གབ་ལན།»
ལོ་རིམ་དང་པོའི་སློབ་གཉེར་བ། པདྨ་བཀྲ་ཤིས།
དཀྱུས་ཞེང་ངེས་མེད་ཤིང་ཤུན་འཇམ་མཉེན་ལ།།
བྲིས་པའི་རི་མོ་སྙོམས་པོས་ཕྲེང་རྒྱུད་བཀྲམ།།
མཁས་བླུན་ཀུན་ལ་མཁོ་བའི་བང་མཛོད་དེ།།
ལེགས་བཤད་ཉིང་ཁུ་འཁྱིལ་པའི་དཔེ་དེབ་རེད།།
རྒྱ་ནས་བྱོལ་ཏེ་འཛམ་གླིང་གཉའ་གནོན་ཞིང་།།
དཔུང་སྟོབས་འཇིགས་ཞུམ་དོར་ཏེ་གཡུལ་ལས་རྒྱལ།།
ཕྱི་ནང་རྒྱལ་ཁམས་བར་གྱི་འགྲུལ་ཐག་བཅད།།
གོ་ལ་ངུ་འབོད་འགེང་མཁན་ཏོག་དབྱིབས་ནད།།
ཁྲ་ཆུང་མིག་གི་ནུས་པ་བཅོམ་མཁས་པའི།།
འཛུམ་བཞིན་འཛུམ་བཞིན་འདུན་ལམ་འཆོལ་དུ་འཇུག།
ལེགས་ཉེས་མཉམ་དུ་སྤུངས་པའི་སྒམ་ཆུང་དེར།།
མིག་ཀྱང་གཉིས་སུ་མ་ངེས་ཁ་པར་རེད།།
ལུས་ཀྱི་བ་སྤུ་རེ་རེའི་རྩེ་མོ་ནས།།
རྔུལ་ནག་ཆུ་ལོག་བརྒྱུགས་ཀྱང་སྡུག་རུས་ཀྱིས།།
ཨམ་གཙིགས་བསྡམས་ཏེ་རྡོག་ཐོས་བསྣུན་དགོས་ཤིང་།།
ཀུན་ཀྱི་དད་སའི་ཡུལ་དེ་རྐང་སྤོལ་ལགས།།
སོར་མོ་ལྔ་ཡི་འགུལ་སྐྱོད་གར་སྟབས་ལྷན།།
རྣ་དབང་གསོ་བའི་སྙན་འཇེབས་སྒྲ་དབྱངས་སྒྲོག།
ན་མཉམ་གཞོན་ནུ་དྲུག་གི་མགྲིན་འགྱུར་ནི།།
སེམས་ནད་སེལ་བའི་སྨན་མཆོག་སྒྲ་སྙན་རེད།།