སྤྱི་ལོ་ ༢༠༢༡ ལོའི་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་ཟླ་དྲུག་སྔ་མའི་མཛད་རིམ་ཁག

རྩོམ་སྒྲིག་པ།

གྲྭ་ཚང་གི་མཛད་རིམ་སྙིང་བསྡུས།

རྒྱལ་བསྟན་རིན་པོ་ཆེ་སྤྱི་དང་བྱེ་བྲག་ཤར་རྒྱལ་བ་དཔལ་ཡུལ་བའི་བསྟན་པ་ལ་བཀའ་དྲིན་གཞལ་དུ་མེད་པ། བདག་ཅག་སློབ་འབངས་ཡོངས་ཀྱི་མགོན་སྐྱབས་དམ་པར་གྱུར་པ་༸སྐྱབས་རྗེ་གྱང་ཁང་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་རིན་པོ་ཆེ་མཆོག་བོད་རྒྱལ་ལོ་ ༢༡༤༧ ཟླ་ ༡༡ ཚེས་ ༢༧ ཉིན་རང་ཅག་གདུལ་བྱ་སྤྱི་མཐུན་གྱི་ལས་སྐལ་དམན་པའི་དབང་གིས་སྐུ་དངོས་ཀྱི་ཞིང་འདིའི་འགྲོ་དོན་རེ་ཞིག་རྫོགས་པའི་ཚུལ་བསྟན་ཏེ་དགོངས་པ་ཆོས་དབྱིངས་སུ་གཤེགས་པས་འདི་ག་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་དབུ་འཛིན་མཆོག་སྤྲུལ་རིན་པོ་ཆེ་རྣམ་གཉིས་དང་། མཁན་ཆེན་རྣམ་གསུམ་བཀའ་བསྡུར་གྱིས་ཤུལ་ལུས་སློབ་འབངས་ཡོངས་ནས་མགོན་པོ་གང་གི་རླབས་ཆེན་ཐུགས་ཀྱི་བཞེད་དགོངས་མཐའ་དག་འབད་མེད་མྱུར་དུ་འགྲུབ་ཅིང་། འཁྲུལ་བྲལ་ཡང་སྲིད་མྱུར་དུ་འབྱོན་པ་དང་། སློབ་འབངས་རྣམས་ཀྱི་དམ་ཚིག་ཉམས་ཆག་སྡིག་ལྟུང་མ་ལུས་འདག་སླད། བོད་ཟླ་ ༡༢ ཚེས་ ༠༣ ཉིན་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་དགེ་འདུན་བཙུན་མ་ཡོངས་ནས་སྨིན་གླིང་རྡོར་སེམས་དང་འབྲེལ་ཏེ་བླ་མ་མཆོད་པ་དང་། དྲི་མེད་བཤགས་རྒྱུད། ཡི་གེ་བརྒྱ་པ་བཅས་ཀྱི་སྒོ་ནས་དགོངས་རྫོགས་མཆོད་འབུལ་རྒྱས་སྤྲོས་ཀྱིས་ཚོགས།

ྋསྐྱབས་རྗེ་བདེ་བར་གཤེགས་པ་གྲུབ་དབང་རིན་པོ་ཆེ་ནས་རྡོར་གདན་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ལ་ཐུགས་ཁུར་ཆེར་བཞེས་གནང་བ་བཞིན་ལོ་ལྟར་རེ་བཞིན་རང་དགོན་ནས་དགེ་འདུན་པ་འབོར་ཆེན་ཞིག་གནས་མཆོག་རྡོ་རྗེ་གདན་དུ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཚོགས་པར་ཕེབས་ཀྱི་ཡོད་ཀྱང་། ད་ལོ་ཏོག་དབྱིབས་ནད་ཡམས་ཀྱིས་སྔར་བཞིན་མི་མང་པོ་མཉམ་ཚོགས་མི་ཆོག་པས་སྔ་འགྱུར་རྡོར་གདན་སྨོན་ལམ་གོ་སྒྲིག་ཚོགས་པས་ཕྱོགས་མཐའི་དགོན་སྡེ་རྣམས་སུ་རང་རང་ས་ནས་སྨོན་ལམ་ཚོགས་ཕྱོགས་ལམ་སྟོན་གསལ་བསྒྲགས་གནང་བ་བཞིན། ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་བོད་ཟླ་ ༡༢ ཚེས་ ༠༨ ནས་ ༡༠ བར་ཉིན་གསུམ་རིང་སྔ་འགྱུར་སྨོན་ལམ་ཆེན་མོ་སྐབས་ ༣༢ པ་ཚོགས་ཤིང་ཉིན་མཐའ་མར་ཨོ་རྒྱན་མ་ཧཱ་གུ་རུའི་དུས་བཟང་ཚེས་བཅུའི་ཉིན་རིག་འཛིན་འདུས་པའི་ཚོགས་འཁོར་དང་འབྲེལ་ལེགས་པར་མཐའ་གྲུབ།

བོད་ཟླ་ ༡༢ ཚེས་ ༡༨ ཉིན་སྔ་འགྱུར་རྙིང་མའི་ཤིང་རྟ་ཆེན་པོ་ཀུན་མཁྱེན་རྒྱལ་བ་ཀློང་ཆེན་རབ་འབྱམས་མཆོག་གི་འདས་མཆོད་ལ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་དགེ་འདུན་འདུས་པ་ཡོངས་ནས་སྔ་དྲོའི་ཆར་ཀར་གླིང་ཞི་ཁྲོའི་དཀྱིལ་འཁོར་ཞལ་ཕྱེ་སྟེ་ཚོགས་འཁོར་གཏང་རག་དང་། ཕྱི་དྲོར་སྙིང་ཐིག་ཡང་གསང་བླ་སྒྲུབ་ཐིག་ལེའི་རྒྱ་ཅན་གྱི་སྒོ་ནས་ཚོགས་མཆོད་གསུངས་མཐར་ཀུན་མཁྱེན་ཆེན་པོའི་སྐུ་ཐང་མཇལ་ཁ་ཞུས་ཏེ་བྱེད་སྒོ་རྣམས་ལེགས་པར་གྲུབ། འདི་ལོར་སྔར་རྒྱུན་ནང་བཞིན་དགོང་མོའི་ཆར་འཆད་རྩོད་ཀྱི་མཆོད་སྤྲིན་འབུལ་མ་ཐུབ།

བོད་ཟླ་ ༡༢ བོད་ཚེས་ ༢༤ ནས་དགུ་གཏོར་ཆེན་མོ་དབུ་བཙུགས། དེ་ཡང་ཉིན་གྲངས་ལྔའི་རིང་དགེ་འདུན་འདུས་པ་ཡོངས་ནས་ཚོགས་ཁག་སོ་སོར་རཏ་གླིང་ཕུར་པ། བཀའ་བརྒྱད། གུར་དྲག་མེ་རླུང་འཁྱིལ་བ། མ་ཏིའི་སེང་གདོང་བཅས་ཚོགས་ཤིང་། དེ་བཞིན་གནམ་ཆོས་མགོན་ཁང་དང་སྙིང་ཐིག་མགོན་ཁང་གཉིས་ཀྱི་ནང་དུ་གསོལ་ཁ་གསོག་འདོན་གནང་ཡོད། ཉིན་མཐའ་མ་ཚེས་ ༢༩ ཉིན་གཏོར་ཟོར་འཕངས་ཤིང་། གནམ་གང་གི་ཉིན་མོར་ཚེ་སྒྲུབ་གསང་བ་འདུས་པའི་སྒོ་ནས་ཚེ་ཆོག་འཆི་བསླུའི་གླུད་མདོས་ཚོགས། འདི་ལྟར་ལྕགས་བྱི་ལོའི་མཛད་རིམ་ཁག་རྫོགས་སོ།།

བོད་རྒྱལ་ལོ་ ༢༡༤༧ བོད་ཟླ་ ༡༡ ནང་ལ་༸སྐྱབས་རྗེ་གྱང་ཁང་སྤྲུལ་སྐུ་ཐུབ་བཟང་རིན་པོ་ཆེ་ཞིང་ལ་ཕེབས་པས་གྲྭ་ཚང་གཞུང་ནས་འདི་ལོའི་ལོ་གསར་ལ་ཆོས་ཕྱོགས་ཀྱི་མཛད་སྒོ་ཁག་ལས་དགའ་སྟོན་རིགས་མེད་ཚུལ་གསལ་བསྒྲགས་གནང་བ་བཞིན། བོད་རྒྱལ་ལོ་ ༢༡༤༨ བོད་ཟླ་ ༠༡ ཚེས་ ༠༡ སྤྱི་ལོ་ ༢༠༢༡ ཟླ་ ༠༢ ཚེས་ ༡༢ གནམ་ལོ་ལྕགས་མོ་གླང་ལོའི་ལོ་གསར་ཉིན་འདུས་དམངས་ནས་རྟེན་འབྲེལ་མཚོན་ཙམ་དུ་ལྷན་འཛོམས་ཀྱིས་སྔ་དྲོར་སེམས་བསྐྱེད་སྡོམ་ཆོག་དང་གནས་བརྟན་ཕྱག་མཆོད། དེ་བཞིན་བཀྲ་ཤིས་ལོ་ལེགས་ཡོང་བའི་སྨོན་ལམ་སོགས་གསུངས་ནས་༸གོང་ས་མཆོག་གི་སྐུ་པར་དང་ྋསྐྱབས་རྗེ་དམ་པའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་ཕུལ། ལོ་ལྟར་བོད་ཚེས་ ༠༤ ཉིན་གཞིས་གྲོང་བཞི་པའི་ན་གཞོན་ཕོ་མོ་རྣམས་ནས་དགོན་འདིར་གླིང་བྲོ་བདེ་ཆེན་རོལ་མོ་གཟིགས་འབུལ་ཞུ་སྲོལ་མཆིས་ནའང་འདི་ལོར་གཟིགས་འབུལ་ཞུ་མ་ཐུབ།

སྔར་རྒྱུན་བཞིན་བོད་ཟླ་དང་པོའི་རང་དགོན་གྱི་སྒྲུབ་ཆེན་སྐབས་ ༦༡ པ་དེ་བོད་ཟླ་ ༠༡ ཚེས་ ༠༨ ཉིན་ནས་ཆོས་རྒྱལ་རཏྣ་གླིང་པའི་ཟབ་ཆོས་འདུས་པ་སྐོར་བཞིའི་ཡ་གྱལ་ཐུགས་སྒྲུབ་ཡང་སྙིང་འདུས་པའི་སྒོ་ནས་དབུ་ཚུགས། དེ་ཡང་གཙུག་ལག་ཁང་ཆེན་མོའི་ནང་དུ་ཐུགས་སྒྲུབ་ཡང་སྙིང་འདུས་པ་དང་། ལྷ་རའི་ནང་དུ་གནམ་ཆོས་དགྲ་ལྷ། སྒྲོལ་མ་ལྷ་ཁང་ནང་དུ་རཏ་གླིང་ཚེ་ཆོག ཕུར་པ་ལྷ་ཁང་ནང་དུ་རཏ་གླིང་ཕུར་བཟློག གནམ་ཆོས་མགོན་ཁང་དུ་གནམ་ཆོས་གསོལ་ཁ། སྙིང་ཐིག་མགོན་ཁང་ནང་དུ་སྙིང་ཐིག་གསོལ་ཁ་བཅས་ཉིན་བརྒྱད་རིང་ཚོགས། བོད་ཚེས་ ༡༠ ཉིན་གུ་རུའི་གོས་སྐུ་ཆེན་མོ་མཇལ་ཁ་གནང་།

དེ་ནས་བོད་ཟླ་ ༠༡ ཚེས་ ༡༥ སྒྲུབ་ཆེན་ཉིན་མཐའ་མའི་ཐོ་རངས་ལ་དབུ་འཛིན་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་ནས་སྒྲུབ་པའི་དངོས་གྲུབ་བླངས་ཤིང་། སྔ་དྲོའི་ཕྱག་ཚོད་ ༠༧:༠༠ ཐོག་ཚེ་ལྷ་རྣམ་གསུམ་གྱི་སྐུ་ཐང་མཐོང་གྲོལ་ཆེན་མོ་མཇལ་ཁ་དང་། དེའི་རྗེས་མར་མེའི་སྨོན་ལམ་དང་འབྲེལ་བཀྲ་ཤིས་པའི་ངང་སྒྲུབ་ཆེན་མཐའ་གྲུབ་བོ།
ད་ལོའི་སྒྲུབ་ཆེན་སྐབས་སུ་ནད་ཡམས་ཀྱི་རྐྱེན་པས་སྔར་སྲོལ་བཞིན་ཕྱིའི་དད་ལྡན་སེར་སྐྱ་རྣམས་གོས་སྐུ་ཆེན་མོ་མཇལ་ཁ་ཞུ་རུ་ཕེབས་མ་ཐུབ། དེ་བཞིན་སྒྲུབ་ཆེན་གྱི་ཚེས་བཅུ་དང་ཉིན་མཐའ་མའི་འཆམ་སྣ་མཇལ་ཁ་དང་། དད་ལྡན་མི་དམངས་ལ་ནང་ཆོས་ངོ་སྤྲོད་བཅས་ཀྱི་མཛད་རིམ་རྣམས་ཕྱིར་འཐེན་མ་ཞུ་ཀ་མེད་དུ་གྱུར།

བོད་ཟླ་ ༠༡ ཚེས་ ༡༨ ཉིན་སྔར་རྒྱུན་བཞིན་རྒྱལ་བ་དཔལ་ཡུལ་བའི་རི་ཆོས་རྣམ་གསུམ་དབུ་བཙུགས་ཤིང་། དེ་སྔོན་མཁན་ཆེན་པདྨ་ཤེས་རབ་དང་མཁན་ཆེན་ཚེ་དབང་རྒྱ་མཚོ་རྣམ་པ་གཉིས་ཀ་དགོན་པར་ཕེབས་དུས་མཁན་ཆེན་པདྨ་ཤེས་རབ་མཆོག་ནས་རྫོགས་ཆེན། མཁན་ཆེན་ཚེ་དབང་རྒྱ་མཚོ་མཆོག་ནས་རྩ་རླུང་། དབུ་འཛིན་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་ནས་སྔོན་འགྲོའི་ཁྲིད་ཀ་གནང་གི་ཡོད་ཀྱང་། འདི་ལོར་ནད་ཡམས་ཀྱི་རྐྱེན་པས་མཁན་ཆེན་ཁོང་རྣམ་གཉིས་དགོན་པར་ཕེབས་མ་ཐུབ་པས་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་ནས་གནམ་ཆོས་སྔོན་འགྲོ་དང་རྫོགས་ཆེན་གཉིས་ཀྱི་བཀའ་ཁྲིད་དང་། སྤྲུལ་སྐུ་ཆོས་དར་མཆོག་ནས་རྩ་རླུང་གི་ཁྲིད་ཀ་གནང་། ད་ལོ་ཕྱི་ལོགས་ནས་མི་སྐྱ་དད་ལྡན་རྣམས་རི་ཆོས་ཚོགས་པར་བཅར་མ་ཐུབ་པས་དགོན་པར་བཞུགས་པའི་དགེ་འདུན་པ་ཁོ་ནས་རི་ཆོས་ཚོགས་གནང་ཡོད། བོད་ཟླ་ ༠༢ ཚེས་ ༡༩ སྤྱི་ཟླ་ ༠༤ ཚེས་ ༠༡ ཉིན་རི་ཆོས་ཀྱི་ཉིན་མཐའ་མར་ཚོགས་འཁོར་དང་གཏང་རག་བཅས་ཕུལ་ཏེ་ལེགས་པར་མཐའ་གྲུབ།བོད་རྒྱལ་ལོ་ ༢༡༤༧ ལྕགས་བྱི་ལོའི་བོད་ཟླ་ ༡༢ ཚེས་ ༠༣ ནས་བཟུང་དགོན་འདིར། ཞིང་གཤེགས་དམ་པ་༧སྐྱབས་རྗེ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་རིན་པོ་ཆེའི་དགོངས་རྫོགས་མཆོད་འབུལ་རྒྱུན་མ་ཆད་པར་ཚོགས་ཤིང་། ལྕགས་གླང་བོད་ཟླ་ ༠༡ ཚེས་ ༢༠ སྤྱི་ཟླ ༠༣ ཚེས་ ༠༣ ཉིན་དམ་པ་གང་གི་དགོངས་ཚིགས་བདུན་པའི་དགོངས་རྫོགས་མཆོད་འབུལ་ཉིན་མཐའ་མར་ཁེལ་བས་དབུ་འཛིན་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་དབུ་བཞུགས་ཐོག་སྨིན་གླིང་རྡོར་སེམས་དང་འབྲེལ་ནས་བླ་མ་མཆོད་པ་གསུངས་ཏེ་མཐའ་ལེགས་པར་གྲུབ།

དགོན་པའི་ཡན་ལག་ཚེ་དཔལ་སྟོབས་བསྐྱེད་སྨན་ཁང་གི་འགན་འཛིན་དང་། སྨན་པ། སྨན་ཞབས་རྣམས་ཀྱིས་དགོན་པའི་དགེ་འདུན་དང་བཙུན་མ་ཡོངས་ལ་སྤྱི་ལོ་ ༢༠༢༠ ལོར་འཛམ་གླིང་གང་སར་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་པའི་སྐབས་སུའང་ཞབས་ཞུ་དམིགས་བསལ་བསྒྲུབས་པར་བརྟེན། སྤྱི་ཟླ་ ༠༣ ཚེས་ ༠༥ ཉིན་དབུ་འཛིན་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་སྨན་ཁང་དུ་ཆེད་ཕེབས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསོལ་རས་བསྩལ་གནང་མཛད་ཡོད།

སྤྱི་ཟླ་ ༠༣ ཚེས་ ༡༥ ཉིན་དབུ་འཛིན་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་དབུ་བཞུགས་པའི་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་རྒྱུན་ལས་ཚོགས་ཆེན་ཐོག་དགོན་པའི་ལས་བྱེད་ཆེ་ཁག་གི་འོས་གཞི་བཏོན་པ་ལས། རྣམ་གླིང་ཆེས་མཐོའི་འགན་འཛིན་ནས་བསྐོ་བཞག་གཏན་འབེབས་གནང་བ་དང་ལས་བྱེད་རྙིང་པ་རྣམས་ཀྱིས་སྤྱི་ཟླ་ ༠༣ ཚེས་ ༢༡ བོད་ཟླ་ ༠༢ ཚེས་ ༠༨ ཉིན་སྔར་སྲོལ་བཞིན་རྒྱུན་ལས་ཚང་འཛོམས་ཐོག་རྩིས་སྤྲོད་རྩིས་ལེན་གནང་།

བད་ཟླ་ ༠༢ ཚེས་ ༡༠ སྤྱི་ཟླ་ ༠༣ ཚེས་ ༢༣ ཉིན་གུ་རུ་རིན་པོ་ཆེའི་དུས་བཟང་དང་སྟབས་བསྟུན་སྔ་དྲོ་རང་དགོན་གྱི་མཆོད་མེ་ལྷ་ཁང་བསྐྱར་བཞེངས་ལེགས་པར་གྲུབ་ནས་དབུ་འཛིན་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་དབུ་བཞུགས་ཐོག་བཀྲ་ཤིས་དབུ་འབྱེད་མཛད་ཅིང་། ཕྱི་དྲོའི་ཆར་གྲྭ་ཚང་གཞུང་གི་ལས་བྱེད་འཕོ་ལེན་ཡང་གནང་།

སྤྱི་ཟླ་ ༠༣ ཚེས་ ༢༨ ཉིན་དབུ་འཛིན་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་དབུ་བཞུགས་ཐོག་སྤྱིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་དང་། བྱེ་བྲག་ཏུ་རིས་མེད་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་བརྟན་ཅིང་མཛད་ཕྲིན་རྒྱས་པ་དང་། ཁྱད་པར་དུ་དགོན་འདིའི་ཕྱི་ནང་གསང་གསུམ་གྱི་མི་འདོད་པའི་ཉེར་འཚེ་མཐའ་དག་ཞི་ཆེད། སྔ་དྲོའི་ཆར་རི་བོ་བསང་མཆོད་དང་། ཕྱི་དྲོའི་ཆར་སྙིང་ཐིག་གསོལ་ཁ་དང་འབྲེལ་ནས་མ་མོའི་འཁྲུགས་སྐོང་བསགས་སྒྲུབ་མཛད།

སྤྱི་ཟླ་ ༠༤ ཚེས་ ༠༦ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་སྦེལ་ཀོབ་ས་གནས་སུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་སྐབས་འདི་ག་ཐེག་མཆོག་རྣམ་གྲོལ་གླིང་དུ་ཆེད་ཕེབས་ཀྱིས་དགེ་འདུན་བཙུན་མ་རྣམས་ལ་གསུང་བཤད་གནང་ཞིང་། རྣམ་གླིང་འདུས་སྤྱིའི་ཚབ་ཞུས་ཏེ་དབུ་འཛིན་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་ནས་འཚམ་འདྲིའི་གསུང་བཤད་དང་གཟེངས་བསྟོད་བཅས་འབུལ་གནང་མཛད་ཡོད།

སྤྱི་ཟླ་ ༠༤ ཚེས་ ༠༨ ཉིན་དབུ་འཛིན་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་གིས་ཟླ་བ་གསུམ་ལྷག་སྔོན་ནས་དགོན་པའི་ཁོར་ཡུག་ཡོངས་རྫོགས་ལ་ཚོན་རྩི་འབྱུག་མཁན་དང་བླངས་ལས་བྱེད་དགེ་འདུན་པ་རྣམས་ལ་ཐུགས་རྗེ་ལེགས་འབུལ་གྱི་བཀའ་སློབ་དང་འབྲེལ་བཞེས་ལག་ཕུལ། འདི་ལོར་རང་དགོན་ཡོངས་རྫོགས་ལ་ཚོན་རྩི་བསྐྱར་གཏོང་གནང་བའི་འགྲོ་གྲོན་ཆ་ཚང་དབུ་འཛིན་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་ནས་མཐུན་འགྱུར་བསྩལ་གནང་མཛད་ཡོད།

ལོ་ལྟར་ཕྱོགས་མཐའ་ཁག་གི་དགོན་པ་དང་ས་གནས་མི་དམངས་ལ་ཆོས་ཕྱོགས་ཀྱི་ལམ་སྟོན་པ་དང་འདི་ཕྱིའི་བདེ་ཐབས་སུ་ཞབས་རིམ་སྒྲུབ་མཁན་འདི་ག་གྲྭ་ཚང་ནས་བླ་མ་དང་གྲྭ་པ་གྲངས་མང་གཏོང་སྲོལ་ཡོད་པ་ལྟར་སྤྱི་ཟླ་ ༠༤ ཚེས་ ༠༥ ཉིན་ཕྱོགས་མཐའ་ཁག་ལ་བླ་གྲྭ་ ༣༠ ཙམ་གཏོང་ཐུབ་པ་བྱུང་ཡོད།

ལོ་ལྟར་རེ་བཞིན་བོད་ཟླ་ ༠༣ ཚེས་ ༡༠ ནས་ཟླ་དྲུག་རིང་སྐྱ་སེར་དབྱེར་མེད་ཐོག་སྔོན་འགྲོ་འབུམ་ལྔ་བསགས་སྦྱང་གནང་སྲོལ་ཡོད་པ་ལྟར་འདི་ལོར་ཡང་སྤྱི་ཟླ་ ༠༤ ཚེས་ ༢༢ ཉིན་ནས་བཟུང་རང་དགོན་གྱི་དགེ་འདུན་པ་གྲངས་ ༢༨ ཙམ་གྱིས་ལྷ་ཁང་ཆེན་མོའི་འོག་ཐོག་གི་ཚོགས་ཁང་དུ་འབུམ་ལྔ་བསགས་སྦྱང་དབུ་བཙུགས། ཁོང་རྣམས་ལ་སྤྲུལ་སྐུ་ཆོས་དར་མཆོག་ནས་སྔར་མུས་བཞིན་ཁྲིད་ཀ་སྐྱོང་བཞིན་པའོ། །འདི་ལོར་འབུམ་ལྔ་བསགས་སྦྱང་གནང་མཁན་དགོན་པའི་ཕྱི་ལོགས་ནས་དད་ལྡན་པ་མཉམ་ཞུགས་བྱེད་ཐུབ་མེད།

ད་ལོ་ནད་ཡམས་ཀྱི་དཀའ་ངལ་གང་འཚམ་ཡོད་ཀྱང་བོད་ཟླ་བཞི་པའི་བཀའ་མའི་སྒྲུབ་ཆེན་སྔར་བཞིན་ཚོགས་ཐུབ་པ་བྱུང་། དེ་ཡང་བོད་ཟླ་ ༠༤ ཚེས་ ༠༥ ཞོགས་པར་བཀའ་མའི་སྒྲུབ་མཆོད་མདོ་ཚོགས་ཆེན་འདུས་པ་དང་། སྒྱུ་འཕྲུལ་ཞི་བ། སྒྱུ་འཕྲུལ་ཁྲོ་བོ། ཡང་དག་ཟླ་གམ་དགུ་པ། སངས་རྒྱས་མཉམ་སྦྱོར། གཤིན་རྗེ། རོང་ལུགས་ཕུར་པ་བཅས་མཆོད་ཁག་བདུན་གྱི་སྟ་གོན་ས་ཆོག་དང་། དེའི་རྗེས་ལ་ནམ་རྒྱུན་ལྟར་ན་སྒྲུབ་པའི་རྩ་འཆམ་ཆེན་མོ་གཟིགས་འབུལ་ཞུ་སྲོལ་མཆིས་ཀྱང་འདི་ལོར་མ་ཐུབ། བོད་ཚེས་ ༠༦ ཉིན་ཐིག་ཆོག་དང་། དེ་ནས་བོད་ཚེས་ ༠༧ བར་རྡུལ་ཚོན་དཀྱིལ་འཁོར་ལེགས་པར་བཞེངས་གྲུབ་སྟེ། བོད་ཚེས་ ༠༨ ཉིན་དཀྱིལ་འཁོར་གྱི་རྒྱན་གོས་བསྒྲུབས། དེ་ནས་བོད་ཚེས་ ༠༩ ཉིན་སྒྲུབ་ཆེན་དངོས་གཞི་དབུ་བཙུགས། དེ་ཡང་ལྷ་ཁང་ཆེན་མོའི་ནང་དུ་མདོ་ཚོགས་ཆེན་འདུས་པ་དང་། མཆོད་ཁག་གཞན་རྣམས་ཚོགས་ཁག་སོ་སོར་ཚོགས། དེ་མིན་སྐབས་དེར་ཀར་གླིང་ཞི་ཁྲོ། རཏ་གླིང་ཕུར་པ། གནམ་ཆོས་གསོལ་ཁ། སྙིང་ཐིག་གསོལ་ཁ། དགྲ་ལྷ་བཅས་ཀྱང་ཚོགས་ཁག་འདྲ་མིན་བྱས་ཏེ་ཚོགས་ཤིང་། བོད་ཚེས་ ༡༥ ཉིན་ལས་བཞིའི་སྦྱིན་སྲེག་དང་བཅས་མཐའ་གྲུབ། ནམ་རྒྱུན་ཡིན་ན་ལོ་ལྟར་སྔ་འགྱུར་མཐོ་སློབ་ཀྱི་ལས་བྱེད་པ་ཕུད་སློབ་ཕྲུག་ཡོངས་ནས་སྒྲུབ་མཆོད་འདི་ཚོགས་དགོས་ཀྱང་ལོ་སྔོན་མ་ནས་བཟུང་སྤྱིར་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་ཡམས་ཁྱབ་པ་དང་སྒོས་སུ་འདི་ལོའི་སྤྱི་ཟླ་བཞི་པའི་ཚེས་འགོ་ཙམ་ནས་གནས་ཡུལ་རྒྱ་གར་དུ་ཏོག་དབྱིབས་ནད་ཡམས་འཕེལ་རིམ་གཉིས་པ་ཁྱབ་འཕེལ་གྱིས་ཧ་ཅང་ཛ་དྲག་ཏུ་གྱུར་པས་དུས་ཡུན་ངེས་མེད་རིང་རྒྱལ་ཡོངས་ཁྱིམ་སྡོད་བཀའ་རྒྱ་ཕབ་རྐྱེན་མི་མང་པོ་མཉམ་ཚོགས་བྱེད་རྒྱུར་འཛེམས་ཟོན་གྱིས། བཤད་གྲྭའི་ལོ་རིམ་བཞི་པ་ཡན་གྱི་ལས་བྱེད་མིན་པའི་སློབ་ཕྲུག་རྣམས་ནས་སྒྲུབ་ཆེན་ཚོགས་ཡོད།དེ་བཞིན་ས་ག་ཟླ་བའི་བོད་ཚེས་ ༡༥ ཉིན་སྟོན་མཆོག་ཐུབ་པའི་དབང་པོའི་གོས་སྐུ་ཆེན་མོ་འགྲེམས་སྟོན་གྱིས་དགེ་འདུན་པ་དང་ཉེ་འཁོར་གཞིས་གྲོང་གཙོས་ས་གནས་ཁག་ནས་དད་ལྡན་སྐྱ་སེར་མང་པོ་མཇལ་ཁར་བཅར་སྲོལ་མཆིས་རུང་ད་ལོ་ཕྱིའི་དད་ལྡན་རྣམས་དགོན་པའི་ནང་ཕེབས་མི་ཆོག་པ་དང་དགེ་འདུན་པ་རྣམས་མཉམ་ཚོགས་འབོར་ཆེན་མི་ཆོག་པས་ཐུབ་དབང་གོས་སྐུ་ཆེན་མོ་མཇལ་ཁ་གནང་མ་ཐུབ།

ལོ་སྔོན་མ་ནས་ཏོག་དབྱིབས་ནད་ཡམས་ཀྱིས་དཀའ་ངལ་ཧ་ཅང་སྤྲད་པས་རྒྱ་གར་ནང་དུ་མི་མང་པོར་སྔོན་འགོག་ཁབ་རག་རྒྱུར་དཀའ་ངལ་ཆེ་བའི་སྐབས་འདིར་རང་དགོན་གྱི་སྨན་ཁང་གི་ལས་བྱེད་རྣམས་ལ་འགོག་ཁབ་རིམ་པ་གཉིས་ཀ་བརྒྱབ་ཟིན་ནས་སྤྱི་ལོ་ ༢༠༢༡ ཟླ་ ༠༣ ཚེས་ ༡༠ ཉིན་ལྕམ་སྲིང་བདེ་ཆེན་ལགས་དང་ཕྱག་མཛོད་ཟུར་པ་གྲགས་པ་བླ་མ་རྣམ་གཉིས་ལ་སྨན་ཁབ་དང་པོ་དེ་བརྒྱབ་ཡོད། དེ་ནས་བཟུང་རིམ་པས་སྦེལ་ཀོབ་ས་གནས་འཚོ་བྱེད་ཁང་གསར་སྨན་ཁང་ནས་རང་དགོན་གྱི་རྒན་གསོ་ཁང་གི་རྒན་རྒོན་རྣམས་དང་བླ་མ་རྒན་གྲས་རིགས་ལ་སྨན་ཁབ་རིམ་པ་དང་པོ་དེ་བརྒྱབ་ཅིང་། སྤྱི་ཟླ་ ༠༣ ཚེས་ ༡༨ ཉིན་དགོན་པའི་རྒྱུན་ལས་རྣམས་དང་མདུན་ཐོན་ལས་བྱེད་རྣམས་ལ་སྔོན་འགོག་ཁབ་རིམ་པ་དང་པོ་དེ་བརྒྱབ། དེ་ལྟར་སྤྱི་ཟླ་གསུམ་པའི་ནང་སྨན་ཁང་གི་ལས་བྱེད་དང་དགུང་ལོ་ ༦༥ ཡན་དང་དགུང་ལོ་ ༤༥ ཡན་གྱི་དགེ་འདུན་བཙུན་མ་གྲངས་ ༡༠༠ ལྷག་ལ་སྨན་ཁབ་རིམ་པ་དང་པོ་དེ་བརྒྱབ་ཡོད།

སྤྱི་ཟླ་ ༠༤ ཚེས་ ༢༡ ཉིན་དེ་སྔོན་འགོག་ཁབ་དང་པོ་བརྒྱབ་ཟིན་པ་རྣམས་ལ་རང་དགོན་གྱི་ཚེ་དཔལ་སྟོབས་བསྐྱེད་སྨན་ཁང་དུ་འགོག་ཁབ་གཉིས་པ་དེ་བརྒྱབ།
དེ་བཞིན་སྤྱི་ཟླ་ ༠༥ ཚེས་ ༣༠ ཉིན་རང་དགོན་དུ་ལོ་ན་ ༡༨ ནས་ ༤༤ བར་ལོན་པའི་དགེ་འདུན་པ་དང་བཙུན་མ་ཞལ་གྲངས་ ༡༤༠༠ ལྷག་ལ་ས་གནས་རྫོང་གི་ཆོག་མཆན་འོག་ཏོག་དབྱིབས་ནད་ཡམས་ཀྱི་སྔོན་འགོག་ཁབ་རིམ་པ་དང་པོ་དེ་བརྒྱབ་ཐུབ་པ་བྱུང་ཡོད། དེ་བཞིན་སྔ་དུས་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་མཆོག་ནས་ས་གནས་གཞིས་ཆགས་ཁག་ལ་ས་བཅུད་བུམ་པ་དང་གཡང་བུམ་སོགས་རིན་ཐང་གཞལ་དུ་མེད་པའི་དམ་རྫས་བུམ་སྒྲུབ་རིགས་མཐུན་འགྱུར་དང་། ཆར་འབེབས་སོགས་གནང་བའི་མཛད་བཟང་དང་མཐུན་པར། སྤྱི་ཟླ་ ༠༦ ཚེས་ ༠༡ ཉིན། རང་དགོན་གྱི་དབུ་འཛིན་མཆོག་སྤྲུལ་རྣམ་གཉིས་དང་མཁན་ཆེན་རྣམ་གསུམ་གྱི་བཀའ་སློབ་ལམ་སྟོན་འོག་དགོན་པའི་ངོས་ནས་སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་དང་། བདེ་སྐྱིད་སླར་གསོའི་གཞིས་གྲོང་ཁག་ ༡༨ ནང་གི་ལོ་ན་ ༡༨ ནས་ ༤༤ བར་གྱི་མི་གྲངས་ ༡༧༠༠ ལྷག་ལ་ཏོག་དབྱིབས་སྔོན་འགོག་ཁབ་རིམ་པ་དང་པོ་དེ་སྨན་སྦྱིན་དུ་ཕུལ་ཡོད། ཁྱོན་བསྡོམས་ཉིན་གྲངས་གཉིས་ཀྱི་ནང་རང་དགོན་དང་ས་གནས་གཞིས་གྲོང་ཁག་བཅས་སུ་ཡོངས་བསྡོམས་ཏོག་དབྱིབས་སྔོན་འགོག་ཁབ་ ༣༡༠༠ ལྷག་བརྒྱབས་པས་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་སྐྱ་སེར་བྱིངས་ལ་འདི་ལྟ་བུའི་གྲངས་འབོར་ཆེ་བའི་ཏོག་དབྱིབས་འགོག་ཁབ་རྒྱག་མཁན་དང་ཤོས་གྲས་སུ་གྱུར། སྐབས་འདིའི་སྨན་ཁབ་ཀྱི་འགྲོ་གྲོན་ཡོངས་སུ་རྫོགས་པ་དབུ་འཛིན་མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ་ནས་གཏོང་གནང་མཛད་ཡོད།

སྤྱི་ལོ་ ༢༠༢༡ ཟླ་ ༠༦ ཚེས་ ༡༧ ཉིན་གྱི་ཞོགས་པར་རང་དགོན་གྱི་མཁན་ཐོག་དང་པོའི་གྲས་མཁན་རིན་པོ་ཆེ་བཀྲ་ཤིས་ཚེ་རིང་མཆོག་བལ་ཡུལ་དུ་ཞིང་ལ་ཕེབས་པས་སྤྱིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་དང་གསང་ཆེན་སྔ་འགྱུར་བ། བྱེ་བྲག་ཏུ་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་ཞལ་སློབ་ཀུན་ལ་ཧ་ཅང་གྱོང་གུད་ཆེ་བའི་གནས་སུ་གྱུར། མཁན་རིན་པོ་ཆེ་ཁོང་ལ་མཚོན་ན་དགུང་ལོ་ཉི་ཤུའི་ཐོག་ཚེ་རབས་གཏན་གྱི་བླ་མ་གྲུབ་དབང་ཡིད་བཞིན་ནོར་བུའི་ཞལ་མཇལ་བ་ནས་དགོན་འདིར་ཐོས་བསམ་སྒོམ་གསུམ་གོམ་པ་རིམ་འཛེགས་ཀྱིས་སློབ་གཉེར་གནང་བའི་སྐབས་ཕྱགས་མ་འཕྱག་པ་ནས་བཟུང་མཆོད་དཔོན། དབུ་སྐྱོར། རྒྱ་དཔོན། མ་བྱན། དགེ་སྐོས། ཟ་ཁང་གི་ལས་བྱེད། སྐྱོར་དཔོན་བཅས་གནང་མྱོང་ལ། ལོ་ཪིམ་ཐོན་ནས་ཀྱང་དངུལ་གཉེར་དང་ཚོགས་གཞོན། ཚོགས་གཙོ་སོགས་རྒྱུན་ལས་སོགས་ཀྱི་འགན་བཞེས། དེ་ནས་བལ་ཡུལ་དུ་ནུབ་རི་སྔ་འགྱུར་དཔལ་ཡུལ་བྱང་ཆུབ་དར་རྒྱས་གླིང་ཕྱག་བཏབ་ནས་དགེ་འདུན་པ་བརྒྱ་ཕྲག་དང་། སྔ་འགྱུར་རྗེས་དྲན་གྱི་སློབ་གྲྭ་གསར་འཛུགས་ཀྱིས་སློབ་ཕྲུག་བརྒྱ་ཕྲག་ལྔ་དང་སུམ་ཅུ་ལྷག་ལ་ལྟོ་གོས་ཆོས་གསུམ་གནང་བའི་སྒོ་ནས་མཛད་ཕྲིན་སྐྱོང་མུས་ཡིན་ཀྱང་ད་ཆ་ཞིང་ལ་ཕེབས་པས་ཀུན་ཀྱང་མྱ་ངན་གྱིས་གདུང་བར་གྱུར། རང་དགོན་ནས་གནས་ཚུལ་དེ་ཐོས་མ་ཐག་དབུ་འཛིན་མཆོག་སྤྲུལ་རྣམ་གཉིས་དང་། མཁན་ཆེན་རྣམ་གསུམ་གཙོས་མཁན་སློབ་དགེ་འདུན་འདུས་དམངས་ཡོངས་ཡིད་གདུང་དྲག་པོས་དགེ་བསྔོ་སྨོན་ལམ་སོགས་ལ་འབད་པའི་ཁར། དམིགས་བསལ། མཁན་རིན་པོ་ཆེའི་ས་ལམ་ལ་བར་ཆད་ཞི་ཞིང་། ཐུགས་དགོངས་ཡོངས་སུ་རྫོགས་པའི་ཆེད། འདི་གའི་འདུས་དམངས་ནས་ཀརྨ་གླིང་པའི་ཞི་ཁྲོའི་དཀྱིལ་འཁོར་ཞལ་ཕྱེ་སྟེ་བདུན་ཚིགས་ཆ་ཚང་སྲུང་བརྩི་ཟབ་རྒྱས་དང་འབྲེལ་དགོངས་རྫོགས་མཆོད་འབུལ་ཞུས།

བོད་ཟླ་ ༠༥ ཚེས་ ༡༥ འཛམ་གླིང་སྤྱི་བསངས་ཀྱི་ཉིན་མོར་གྲྭ་ཚང་གི་བླ་མ་རྣམས་གཙོ་བོར་བཞུགས་པའི་ཐོག་རང་དགོན་གྱི་ལྷ་ར་རུ་གནམ་ཆོས་བསང་ཆེན་གྱི་སྒོ་ནས་བསང་མཆོད་རྒྱས་པ་ཕུལ་ཏེ་དར་འཛུགས་སོགས་མཛད

སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་མཛད་རིམ་སྙིང་བསྡུས།

ན་ནིང་སྤྱི་ལོ་ ༢༠༢༠ ལོར་འཛམ་གླིང་ཡུལ་གྲུ་གང་སར་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་དུ་སོང་ནས་རང་གཞན་ཚང་མར་དཀའ་ངལ་ཤུགས་ཆེར་ཕྲད་པས། རྒྱ་གར་གཞུང་ནས་ཏོག་དབྱིབས་ནད་ཡམས་ཞི་བའི་ཆེད་ཐེམ་སྤང་བཀའ་རྒྱ་དང་མི་མང་འདུ་འཛོམས་མི་ཆོག་པར་བརྟེན། ལོ་དེར་སློབ་གཉེར་བ་ཡོངས་རྫོགས་ཚང་འཛོམས་གནང་ཐུབ་མེད་པའི་རྐྱེན་གྱིས་དགོན་པའི་ནང་དུ་ཡོད་པའི་སློབ་གཉེར་བ་དང་། དགོན་པའི་ཕྱི་ན་ལུས་པའི་སློབ་གཉེར་བ་བཅས་ཁག་གཉིས་ཀྱི་ཆེད། ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་ཐེངས་ཞེ་གསུམ་པ་དེ་སྔ་ཕྱི་གཉིས་སུ་བགོས་ནས་རྒྱུགས་སྤྲོད་སྔ་མ་དེ་ན་ནིང་སྤྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༦ ཉིན་མཐའ་གྲུབ་ནས། རྒྱུགས་སྤྲོད་སྔ་མར་མཉམ་ཞུགས་བྱེད་མ་ཐུབ་པར་དགོན་པའི་ཕྱི་ན་ལུས་པའི་སློབ་གཉེར་བ་རྣམས་བོད་རྒྱལ་ལོ་ ༢༡༤༨ རབ་གནས་ལྕགས་མོ་གླང་གི་ལོ་སྤྱི་ལོ་ ༢༠༢༡ ལོར་རིམ་པ་བཞིིན་དགོན་པར་འབྱོར་རྗེས། རྒྱུགས་སྤྲོད་ཕྱི་མ་དེ་སྡེ་ཚན་གསུམ་དུ་བགོས་ནས། སྡེ་ཚན་དང་པོ་ལོ་རིམ་དགུ་པའི་སློབ་གཉེར་བ་རྣམས་ཀྱིས་སྤྱི་ཟླ་ ༠༢ ཚེས་ ༡༥ ཉིན་ནས་དང་། སྡེ་ཚན་གཉིས་པ་ལོ་རིམ་བདུན་པ་དང་བརྒྱད་པའི་སློབ་གཉེར་བ་རྣམས་ཀྱིས་སྤྱི་ཟླ་ ༠༣ ཚེས་ ༠༤ ཉིན་ནས་དང་། སྡེ་ཚན་གསུམ་པ་ལོ་རིམ་དྲུག་པ་མན་ཆད་ཀྱིས་སྤྱི་ཟླ་ ༠༣ ཚེས་ ༡༧ ཉིན་ནས་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་བཏང་སྟེ། ཉིན་གཉིས་རེའི་མཚམས་སུ་རྒྱུགས་སྤྲོད་ཐེངས་རེ་བཏང་ནས་སྤྱི་ཟླ་ ༠༣ ཚེས་ ༢༩ ཉིན་རྒྱུགས་སྤྲོད་ཆེན་མོ་མཐའ་གྲུབ་པར་བྱས།
སྤྱི་ཟླ་ ༠༣ ཚེས་ ༣༠ ཉིན་གྱི་སྔ་དྲོའི་ཆར་ད་ལོའི་བཤད་གྲྭའི་གསར་ཞུགས་སློབ་གཉེར་བ་རྣམས་ཀྱིས་ངག་རྒྱུགས་ཕུལ་ཞིང་། ཕྱི་དྲོ་ཆུ་ཚོད་ ༠༣ པའི་ཐོག་འབྲི་རྒྱུགས་ཕུལ། ད་ལོའི་ཆར་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་སྔོན་འགྲོ་འཛིན་གྲྭར་གསར་ཞུགས་སློབ་གཉེར་བ་གྲངས་ ༡༢༧ དང་། ལོ་རིམ་དང་པོར་ཐད་ཀར་གསར་ཞུགས་སློབ་གཉེར་བ་གྲངས་ ༠༤ བཅས་ཁྱོན་བསྡོམས་ད་ལོའི་ཆར་གསར་ཞུགས་སློབ་གཉེར་བ་ ༡༣༡ བྱུང་ཡོད། སྔར་རྒྱུན་ལྟར་བོད་རྒྱལ་ལོ་ ༢༡༤༨ བོད་ཟླ་ ༠༢ ཚེས་ ༠༣ ཉིན། གུང་སེང་ཟླ་བ་གཉིས་པོ་མཐའ་གྲུབ་སྟེ་བཤད་གྲྭ་སླར་ཡང་དབུ་བཙུགས་ཤིང་། དགོང་མོ་ཆུ་ཚོད་དགུ་པའི་ཐོག་སློབ་གཉེར་བ་ཚང་འཛོམས་ཀྱིས་བཀྲ་ཤིས་བརྒྱད་པ་དང་བར་བསམ་སྒྲོལ་གསུམ་སོགས་གསུངས་ནས་ད་ལོའི་དཔེ་ཁྲིད་དབུ་འཛུགས་ཀྱི་རྟེན་འབྲེལ་ཙམ་མཛད།

བོད་ཟླ་ ༠༢ ཚེས་ ༠༨ སྤྱི་ལོ་ ༢༠༢༡ ཟླ་བ་ ༠༣ ཚེས་ ༢༡ ཉིན་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་གྲུབ་འབྲས་གསལ་བཤད་ཀྱི་ཉིན་ཁེལ་ཡོད་ཀྱང་། ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་དུས་ཚོད་ཕྱིར་འགྱངས་བྱས་ཏེ། སྤྱི་ཟླ་ ༠༤ ཚེས་ ༠༧ ཉིན་འདུ་ཁང་ཆེན་མོའི་འོག་ཐོག་ཏུ་དབུ་འཛིན་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་དང་། སྔ་འགྱུར་མཐོ་སློབ་ཆེན་མོའི་ཚོགས་གཙོ་མཁན་རིན་པོ་ཆེ་ཀུན་བཟང་བདེ་ཆེན་མཆོག་གི་དབུས་ཁུངས་སོ་སོའི་རྒྱུན་ལས་རྣམས་དང་མཁན་སློབ་དགེ་བའི་བཤེས་གཉེན་རྣམ་པ་དབུ་བཞུགས་ཐོག སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དང་། བཙུན་དགོན་ཐོས་བསམ་དགའ་བའི་ཚལ་གྱི་སློབ་གཉེར་བ་ཡོངས་ཀྱི་མདུན། སྤྱི་ལོ་ ༢༠༡༩ ལོའི་ལོ་རིམ་བཞི་པ་དང་དྲུག་པ་དགུ་པ་བཅས་མཐར་སོན་གྱི་ཕྱག་ཁྱེར་གནང་རྒྱུ་ལྷག་པ་དེ་ཉིད་རིམ་པ་བཞིན་«མཐའ་བྲལ་སྨྲ་བའི་དབང་ཕྱུག་»དང་«ཕར་ཕྱིན་རབ་འབྱམས།» «ངེས་གསང་ལེགས་བཤད་མཛོད་འཆང་»བཅས་ཀྱི་ཕྱག་ཁྱེར་གནང་ཞིང་། དེའི་རྗེས་སྤྱི་ལོ་ ༢༠༢༠ ལོའི་ལོ་འཁོར་རྒྱུགས་སྤྲོད་སྔ་ཕྱི་གཉིས་ཀྱི་གྲུབ་འབྲས་གསལ་བཤད་གནང་བ་དང་སྦྲགས། ཡིག་རྒྱུགས་རྩེ་ཕུད་སོན་པའི་ཨང་དང་པོ་དང་གཉིས་པ་གསུམ་པ་བཅས་དང་། རྩ་བ་ལྡེབ་གྲངས་བརྒྱ་ཡན་ཆད་འབུལ་མཁན་རྣམས་ལ་དབུ་འཛིན་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེའི་ཕྱག་ནས་གསོལ་རས་དང་། སྤྱི་ལོ་ ༢༠༢༠ ལོའི་ལོ་རིམ་བཞི་པ་དང་དྲུག་པ་དགུ་པ་མཐར་ཕྱིན་པའི་སློབ་གཉེར་བ་རྣམས་ལའང་གོང་བཞིན་སྔ་ཕྱི་རིམ་པར་བསླབ་པ་མཐར་སོན་གྱི་ཕྱག་ཁྱེར་གནང་། མཐར་དབུ་འཛིན་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་ནས་འདུས་མང་ཡོངས་ལ་བཀའ་སློབ་ལམ་སྟོན་བསྩལ་ཏེ་མཛད་རིམ་མཐའ་གྲུབ།

ད་ལོ་སྤྱི་ལོ་ ༢༠༢༡ ལོར་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་ནས་བསླབ་པ་མཐར་སོན་པའི་སློབ་དཔོན་གྲངས་ ༩༠ དང་། མཚོ་རྒྱལ་བཤད་སྒྲུབ་ཐོས་བསམ་དགའ་བའི་ཚལ་ནས་བསླབ་པ་མཐར་སོན་པའི་སློབ་དཔོན་མ་གྲངས་ ༡༥ བཅས་བྱུང་ཡོད། སྔར་སྲོལ་བཞིན་སྔ་འགྱུར་མཐོ་སློབ་ཆེན་མོའི་ལོ་འགོའི་ཞབས་རིམ་སྤྱི་ཟླ་ ༠༤ ཚེས་ ༠༨ དང་ ༠༩ དང་ ༡༠ བཅས་ཉིན་གསུམ་རིང་བཀའ་འགྱུར་དག་ཚར་དང་། སྙིང་ཐིག་བསང་གསོལ། ཕུར་ཟློག་བཅས་ཚོགས།

ལོ་ལྟར་སྔ་འགྱུར་མཐོ་སློབ་ཆེན་མོའི་དཔེ་ཁྲིད་དངོས་གཞི་དེ་བོད་ཟླ་ ༠༢ ཚེས་ ༢༥ ཉིན་དབུ་འཛུགས་ཀྱི་ཡོད་ཀྱང་ནད་ཡམས་ཀྱི་རྐྱེན་པས་ཕྱིར་འགྱངས་ཀྱིས་ད་ལོའི་དཔེ་ཁྲིད་དངོས་གཞི་བོད་ཟླ་ ༠༣ ཚེས་ ༠༡ སྤྱི་ཟླ་ ༠༤ ཚེས་ ༡༢ ཉིན་དབུ་བཙུགས། ད་ལོའི་ཆར་སྔ་འགྱུར་མཐོ་སློབ་ཆེན་མོར་མཁན་སློབ་ཞལ་གྲངས་ ༣༣ གྱིས་དཔེ་ཁྲིད་དང་འཛིན་སྐྱོང་གནང་བཞིན་ཡོད། དེ་བཞིན་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་ནས་རང་དགོན་གྱི་སྡེ་ཚན་ཁག་གི་འཛིན་སྐྱོང་གནང་མཁན་མཁན་སློབ་གྲངས་ ༡༨ དང་། གཞི་རིམ་སློབ་གྲྭ་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་དུ་དཔེ་ཁྲིད་དང་འཛིན་སྐྱོང་གནང་མཁན་མཁན་སློབ་གྲངས་ ༤༧ དང་། བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་ལ་འཛིན་སྐྱོང་གནང་མཁན་མཁན་སློབ་གྲངས་ ༠༦ དང་། གཞན་ཡང་མཐོ་སློབ་ཆེན་མོ་འདི་ནས་རྒྱ་གར་ནང་མཁན་སློབ་ ༡༡༡ བལ་ཡུལ་དུ་ ༡༣༧ འབྲུག་ཡུལ་དུ་ ༩༣ ཕྱི་རྒྱལ་ Swiss ལ་ ༠༡ ཨུ་རུ་སུ་ལ་ ༠༡ བཏང་བ་བཅས་ཁྱོན་བསྡོམས་མཁན་སློབ་གྲངས་ ༤༤༦ ཙམ་གྱིས་རང་དགོན་འདིས་མཚོན་པའི་དགོན་སྡེ་ཁག་དང་སློབ་གྲྭ་སོགས་སུ་ཆོས་ཕྱོགས་དང་འབྲེལ་བའི་ཕྱག་ལས་སྒྲུབ་མུས་ལགས་སོ།།

སྔར་སྲོལ་བཞིན་བོད་ཟླ་ ༠༣ ཚེས་ ༠༣ ཉིན་སྔ་འགྱུར་མཐོ་སློབ་ཆེན་མོའི་ལས་བྱེད་འཕོ་ལེན་གྱི་ཉིན་ཁེལ་ཡོད་པས། ཉིན་དེའི་དགོང་མོར་སྤྱི་ལོ་ ༢༠༢༠ ལོའི་ཚོགས་གཙོ་མཁན་རིན་པོ་ཆེ་ཀུན་བཟང་བདེ་ཆེན་མཆོག་དང་སྤྱི་ལོ་ ༢༠༢༡ ལོའི་ཚོགས་གཙོ་མཁན་རིན་པོ་ཆེ་བསོད་ནམས་ནོར་བུ་རྣམ་གཉིས་དབུ་བཞུགས་ཐོག བཤད་གྲྭའི་ཚོགས་གཙོ་རྙིང་པའི་ཕྱག་ནས་ལས་བྱེད་རྙིང་པ་རྣམས་ལ་ཐུགས་རྗེ་ལེགས་འབུལ་གྱི་གསོལ་རས་བསྩལ་གྲུབ་རྗེས། སྔར་སྲོལ་བཞིན་སྤྱི་ལོ་ ༢༠༢༠ ལོའི་དངུལ་གཉེར་ནས་དགེ་འདུན་འདུས་མང་ཡོངས་ལ་ལོ་འཁོར་རྩིས་ཁྲ་ཆེན་མོ་སྙན་སྒྲོན་ཞུས་པ་དང་། སྤྱི་ལོ་ ༢༠༢༡ ལོའི་ལས་བྱེད་གསར་བསྐོ་དང་། རྟེན་འབྲེལ་མཚོན་ཆེད་ཁ་བཏགས་ཕུལ་རྗེས་རྒྱུན་ལས་ཚོགས་མི་རྣམ་པས་སོ་སོའི་ལོ་གཅིག་གི་ལས་བསྡོམས་ཀྱི་ཚུལ་དུ་བཀའ་སློབ་གནང་ཞིང་།

ཕྱི་ཉིན་བོད་ཟླ་ ༠༣ ཚེས་ ༠༤ དགོང་མོར་སྤྱི་ལོ་ ༢༠༢༡ ལོའི་སྔ་འགྱུར་མཐོ་སློབ་ཆེན་མོའི་ཚོགས་གཙོ་མཁན་པོ་བསོད་ནམས་ནོར་བུ་མཆོག་གི་དབུས་རྒྱུན་ལས་གསར་པ་རྣམས་ཀྱིས་ལས་འཆར་དང་འབྲེལ་བའི་བཀའ་སློབ་དང་། དགེ་སྐོས་ཆེན་མོ་མཆོག་གིས་སྒྲིག་གཞི་སྒྲོགས་སྦྱང་གནང་། ཏོག་དབྱིབས་ནད་ཡམས་ཀྱིས་ད་དུང་ཡང་ཕྱི་ནང་གི་ཡུལ་གྲུ་ཁག་དང་ལྷག་པར་རྒྱ་གར་དུ་ནད་ཀྱིས་མནར་བཞིན་པའི་ཛ་དྲག་ལ་གཞིགས་ཏེ། རྣམ་གླིང་ཆེས་མཐོའི་རྒྱུན་ལས་ནས་ལམ་སྟོན་གནང་བ་བཞིན་བཤད་གྲྭའི་རྒྱུན་ལས་ཀྱིས་གྲོས་བསྡུར་ཐོག་མཐོ་སློབ་ཆེན་མོའི་དགེ་སློབ་ཚང་འཛོམས་ཀྱིས་སྤྱི་ཟླ་ ༠༣ ཚེས་ ༡༥ ཉིན་དང་པོར་རི་བོ་བསང་མཆོད་དང་མ་མོ་འཁྲུགས་སྐོང་། ཚིག་བདུན་བླ་སྒྲུབ་དང་འབྲེལ་ཏེ་བཛྲ་གུ་རུ་གསོག་སྒྲུབ་དང་། ཉིན་གཉིས་པར་མནོལ་བསང་ལྷ་ཆབ་སྔོན་མོ་དང་མ་མོ་འཁྲུགས་སྐོང་། གནོད་སྦྱིན་ཙིའུ་དམར་གྱི་ཕྲིན་བཅོལ་བཅས་འཚོགས་ཤིང་། ཉིན་དེ་ནས་ཟླ་བ་གཅིག་གི་རིང་གཟའ་མཇུག་རེས་གཟའ་པ་སངས་དགོང་མོར་ཆུ་ཚོད་གཅིག་གི་རིང་གདུགས་དཀར་མཆོག་གྲུབ་མ་དང་། གོང་བཞིན་ཚིག་བདུན་བླ་སྒྲུབ་དང་འབྲེལ་ནས་བཛྲ་གུ་རུ་གསོག་སྒྲུབ་དང་། སྔ་དྲོའི་དཔེ་ཁྲིད་འགོ་མ་བཙུགས་སྔོན་དགེ་སློབ་ཐུན་མོང་ནས་རྡོ་རྗེ་གོ་ཁྲབ་ཀྱི་གཟུངས་སྔགས་བཟླ་འགོ་བཙུགས། ཏོག་དབྱིབས་ནད་དུག་གི་རྐྱེན་པས་དགོན་པའི་ཉེ་འཁོར་དུ་གནས་སྟངས་ཛ་དྲག་ཏུ་སོང་བའི་རྐྱེན་གྱིས་དགོན་པའི་བདེ་འཇགས་ཀྱི་ཆེད་སྤྱི་ཟླ་ ༠༥ ཚེས་ ༢༧ ནས་དུས་ཡུན་ངེས་མེད་རིང་ཆོས་རྩོད་མཚམས་འཇོག་བྱས།

གསང་ཆེན་སྔ་འགྱུར་བསྟན་པའི་ཤིང་རྟ་ཆེན་པོ་འཇམ་མགོན་མི་ཕམ་ཕྱོགས་ལས་རྣམ་རྒྱལ་རྒྱ་མཚོའི་འདས་མཆོད་དེ། སྔར་བཞིན་བོད་ཟླ་ ༠༤ ཚེས་ ༢༩ སྤྱི་ཟླ་ ༠༦ ཚེས་ ༠༩ ཉིན་འཁེལ་བ་ལྟར། ད་ལོའང་བཤད་གྲྭའི་ཚོགས་ཁང་ཆེ་བའི་ནང་གོ་སྒྲིག་ཞུས་ཏེ། སྤྱི་ཚེས་ ༠༨ ཉིན་དགོང་མོ་ཆུ་ཚོད་ ༠༧:༣༠ ཐོག ནད་ཡམས་ཀྱི་རྐྱེན་སྔར་སྲོལ་ལྟར་ལྷ་ཁང་ཆེན་མོའི་ནང་འདུ་འཛོམས་གནང་ཐུབ་མེད་ནའང་། བཤད་གྲྭའི་ཚོགས་ཁང་ཆེ་བའི་ནང་སྔ་འགྱུར་མཐོ་སློབ་ཆེན་མོའི་དགེ་བའི་བཤེས་གཉེན་རྣམ་པ་དང་། ལོ་རིམ་དགུ་པ། བརྒྱད་པ། བདུན་པ་བཅས་ཀྱི་སློབ་གཉེར་རྣམས་དང་། ལྷ་ཁང་ཆུང་བའི་ནང་དུ་ལོ་རིམ་དྲུག་པ། གཞན་སློབ་གཉེར་བ་རྣམས་སོ་སོའི་གྲྭ་ཤག་གི་མདུན་ཁྱམས་སུ་བཞུགས་ཏེ། བཤད་གྲྭའི་འདུ་ཁང་རྙིང་པའི་ནང་བཞུགས་པའི་འཇམ་མགོན་མི་ཕམ་ཕྱོགས་ལས་རྣམ་རྒྱལ་རྒྱ་མཚོའི་སྐུ་འདྲ་དང་གསུང་འབུམ་རྣམས། ལོ་རིམ་དགུ་པའི་སློབ་གཉེར་བ་ཁག་ཅིག་གིས་སེར་ཕྲེང་དང་བཅས་བཤད་གྲྭའི་ཚོགས་ཁང་ཆེ་བའི་ནང་དུ་གདན་འདྲེན་ཞུས་ཏེ། མགོན་པོ་གང་ཉིད་ཀྱིས་མཛད་པའི་ངེས་ཤེས་སྒྲོན་མེ་ཞལ་འདོན་མཛད།

ཕྱི་ཉིན་སྤྱི་ཚེས་ ༠༩ ཉིན་འདས་མཆོད་དངོས་དེ། ཉིན་སྔོན་མ་བཞིན་ཁག་སོ་སོ་རུ་འཚོགས་ཏེ། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ཞལ་ཕྱེ་ཞིང་ལས་བྱང་གི་གཞུང་བསྲངས་ཏེ་ཚོགས་མཆོད་རྒྱ་ཆེར་སྤྲོས་ཤིང་། བར་མཚམས་སུ་ལེགས་བཤད་མཆོད་སྤྲིན་དུ་དམིགས་ཏེ། སྔ་དྲོའི་ཆར་ལོ་རིམ་གཉིས་པའི་སློབ་གཉེར་བ་གཅིག་གིས་དབུ་མ་རྒྱན་ལས་བདེན་གཉིས་སྐོར་དང་། ཉིན་གུང་གི་ཆར་ལོ་རིམ་གསུམ་པའི་སློབ་གཉེར་བ་གཅིག་གིས་དབུ་མ་ལ་འཇུག་པ་ལས་རིང་སོང་སྐོར་དང་། ཕྱི་དྲོའི་ཆར་ལོ་རིམ་དྲུག་པའི་སློབ་གཉེར་བ་གཅིག་གིས་ཤེར་ཕྱིན་མངོན་རྟོགས་རྒྱན་ལས་མཁྱེན་གསུམ་གྱི་སྐོར་ཆོས་བཤད་གནང་།

དགོང་མོའི་ཆར་སྔ་འགྱུར་མཐོ་སློབ་ཆེན་མོའི་འདུ་ཁང་རྙིང་པའི་མདུན་མཆོད་རྫས་རྒྱ་ཆེར་བཤམས་ཤིང་། འཇམ་མགོན་མི་ཕམ་ཕྱོགས་ལས་རྣམ་རྒྱལ་རྒྱ་མཚོའི་སྐུ་ཐང་མཇལ་ཁ་གནང་བའི་རྗེས། བཤད་གྲྭའི་དྲུང་ཡིག་ནས་འདུས་མང་ཡོངས་ལ་འཇམ་མགོན་མི་ཕམ་རིན་པོ་ཆེའི་རྣམ་ཐར་སྙན་སྒྲོན་ཞུས་པ་དང་སྦྲགས། ལོ་རིམ་བདུན་པའི་སློབ་གཉེར་བ་ཞིག་གིས་གསང་སྙིང་སྤྱི་དོན་འོད་གསལ་སྙིང་པོ་ལས་གཞི་ཡི་སྐོར་ཆོས་བཤད་དང་། ལོ་རིམ་བཞི་པའི་སློབ་གཉེར་བ་གཉིས་ནས་ཚོགས་ལངས་དང་། དེ་བཞིན་ལོ་རིམ་གསུམ་པ་དྲུག་པ་བརྒྱད་པ་བཅས་ཀྱི་སློབ་གཉེར་བ་རེ་དམ་བཅར་བཞུགས་ཤིང་། ལོ་རིམ་གཉིས་པ་ནས་དབུ་བཙུགས་ཏེ་གསུམ་པ། དྲུག་པ། བདུན་པའི་སློབ་གཉེར་བ་བཅས་ཀྱིས་དུས་ཡུན་སྐར་མ་བཅོ་ལྔ་ལས་མི་མང་བ་རྟགས་གསལ་བཏང་གནང་ཡོད། དེའི་རྗེས་ལོ་རིམ་དགུ་པའི་སློབ་གཉེར་བ་གཅིག་གིས་བཀྲ་ཤིས་པའི་ཚིག་བཟང་སྐྱོར་བའི་སྒོ་ནས་འཆད་རྩོད་ཀྱི་མཛད་རིམ་མཐའ་གྲུབ་པ་དང་། མཐར་བསྔོ་སྨོན་དང་བཅས་མཇུག་གྲུབ།

སྔ་འགྱུར་མཐོ་སློབ་ཆེན་མོའི་མཁན་ཐོག་དང་པོའི་གྲས་སུ་སོན་པ་མཁན་རིན་པོ་ཆེ་བཀྲ་ཤིས་ཚེ་རིང་མཆོག་ཞི་བར་གཤེགས་པའི་ཉིན་ཞག་གསུམ་པ། སྤྱི་ལོ་ ༢༠༢༡ ཟླ་བ་ ༠༦ པའི་ཚེས་ ༡༩ ཉིན་ཁེལ་བས། སྔ་དྲོ་ཆུ་ཚོད་ ༠༧ ནས་ ༡༡ བར་བཤད་གྲྭའི་ཚོགས་གཙོ་མཁན་རིན་པོ་ཆེ་བསོད་ནམས་ནོར་བུ་མཆོག་གི་དབུས་མཁན་སློབ་འདུས་མང་ཡོངས་ནས། ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ལས་བྱང་ཚོར་བ་རང་གྲོལ་དང་འབྲེལ་ཏེ་གནམ་ཆོས་བླ་མ་མཆོད་པའི་ཆོ་གའི་སྒོ་ནས་དགོངས་རྫོགས་མཆོད་འབུལ་འཚོགས།

རྣམ་གླིང་གཞི་རིམ་སློབ་གྲྭ་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་གི་མཛད་རིམ་སྙིང་བསྡུས།

བོད་རྒྱལ་ལོ་ ༢༡༤༨ རབ་གནས་ལྕགས་མོ་གླང་ལོ་བོད་ཟླ་ ༠༢ ཚེས་ ༠༣ སྤྱི་ལོ་ ༢༠༢༡ ཟླ་ ༠༣ ཚེས་ ༡༦ ཉིན་སློབ་གྲྭའི་དགུན་ཁའི་ཟླ་གཉིས་གུང་སེང་རྫོགས་ནས་སླར་ཡང་དབུ་བཙུགས། བོད་ཟླ་ ༠༣ ཚེས་ ༠༧ ཉིན་གྱི་དགོང་མོར་རང་དགོན་གྱི་དབུ་འཛིན་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་དབུ་བཞུགས་ཐོག་སྤྱི་ལོ་ ༢༠༢༠ ལོའི་གཞི་རིམ་སློབ་གྲྭའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་གྲུབ་འབྲས་གསལ་བཤད་གནང་། ལོ་འདིར་འཛིན་གྲྭ་བརྒྱད་པ་མཐར་ཕྱིན་པའི་སློབ་གཉེར་བ་ ༤༨ དང་། ཀ་ཁ་འཛིན་གྲྭར་གསར་དུ་ཞུགས་པའི་སློབ་གཉེར་བ་ ༥༧ བཅས་ཁྱོན་བསྡོམས་ད་ལོའི་ཆར་གཞི་རིམ་སློབ་གྲྭ་འདིར་སློབ་ཕྲུག་ ༧༣༤ ཡིས་སློབ་སྦྱོང་གནང་བཞིན་ཡོད། སྤྱི་ཟླ་ ༠༤ ཚེས་ ༠༨ ཉིན་དབུ་འཛིན་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་ནས་གཞི་རིམ་སློབ་གྲྭའི་གསར་ཞུགས་སློབ་ཕྲུག་རྣམས་ལ་སྐྱབས་འགྲོའི་སྡོམ་པ་གནང་།

སྤྱི་ཟླ་ ༠༤ ཚེས་ ༡༣ ཉིན་རྒྱུན་ལས་གསར་རྙིང་རྣམ་པས་ལོ་འདིའི་གཞི་རིམ་སློབ་གྲྭའི་ལས་བྱེད་དགེ་སློབ་རྣམས་བདམས་རྗེས། ཚེས་ ༡༤ ཉིན་རྒྱུན་ལས་གསར་རྙིང་དང་མཁན་སློབ་ལྷན་འཛོམས་ཐོག་ལས་བྱེད་འཕོ་ལེན་གནང་། ད་ལོའི་ཆར་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་གི་འཛིན་སྐྱོང་གནང་མཁན་རྒྱུན་ལས་གཙོས་པའི་མཁན་སློབ་གྲངས་ ༤༦ དང་། སྔ་འགྱུར་མཐོ་སློབ་ཆེན་མོ་ནས་དབྱིན་ཡིག་དགེ་རྒན། ཀློག་དགེ་རྒན། ཆོ་ག་ཕྱག་ལེན་དགེ་རྒན་བཅས་སློབ་གྲངས་ ༣༩ ཙམ་ཕེབས་ཡོད། ཁྱོན་བསྡོམས་འདི་ལོར་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་དུ་དགེ་རྒན་ ༨༥ ཡིས་ཐུགས་ཁུར་ཆེར་བཞེས་ཀྱིས་ཡི་གེ་འབྲི་ཀློག་ནས་བཟུང་སུམ་རྟགས་དག་གསུམ། རྒྱལ་རབས་ཆོས་འབྱུང་། བཤེས་སྤྲིངས་དང་རྒྱལ་སྲས་ལག་ལེན། བློ་རིགས་དང་རྟགས་རིགས། སྐད་ཡིག་སློབ་དེབ། དབྱིན་ཇི་དང་ཨང་རྩིས། དབུ་མཛད་དང་གཏོར་རྒྱན་སོགས་ཆོ་ག་ཕྱག་ལེན་དང་བཅས་རིག་པའི་གནས་རྣམས་ལ་སློབ་སྟོན་གནང་མུས་སུ་ཡོད། 

གཞན་ཡང་ཟླ་རེའི་བོད་ཚེས་ཉེར་ལྔའི་དགོང་མོར་གསུར་དང་།  ཞབས་བརྟན་གསུང་དགོས་རིགས་རྣམས་སྒྲུབ་བཞིན་ཡོད། བོད་ཟླ་ ༠༣ ཚེས་ ༣༠ ཉིན་ཟླ་དྲུག་སྔ་མའི་རྩ་བའི་སློབ་ཚན་གྱི་ཟླ་རྒྱུགས་ཐེངས་དང་པོ་དང་། བོད་ཟླ་ ༠༤ ཚེས་ ༠༧ ཉིན་འཛིན་གྲྭ་གསུམ་པ་མན་ཆད་ཀྱི་ཟླ་དྲུག་སྔ་མའི་ཨང་རྩིས་ཟླ་རྒྱུགས་ཐེངས་དང་པོ། བོད་ཟླ་ ༠༤ ཚེས་ ༢༢ ནས་ཉིན་གསུམ་རིང་བོད་སྐད་རྒྱུགས་སྤྲོད་ཐེངས་དང་པོ་བཅས་བཏང་།  བོད་ཟླ་ ༠༥ ཚེས་ ༣༠ ཉིན་ཟླ་དྲུག་སྔ་མའི་རྩ་བའི་སློབ་ཚན་གྱི་ཟླ་རྒྱུགས་ཐེངས་གཉིས་པ་དང་། དེ་བཞིན་བོད་ཟླ་ ༠༦ ཚེས་ ༠༧ ཉིན་འཛིན་གྲྭ་འོག་མ་རྣམས་ཀྱིས་ཨང་རྩིས་དང་། གོང་མ་རྣམས་ཀྱིས་དབྱིན་སྐད་ཟླ་རྒྱུགས་ཐེངས་དང་པོ་བཏང་བ་བཅས་སོ།།

སྔ་འགྱུར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་གི་ཟླ་དྲུག་སྔ་མའི་མཛད་རིམ་ཁག་ལས།
བཙུན་དགོན་གྲྭ་ཚང་གི་མཛད་རིམ།

བོད་རྒྱལ་ལོ་ ༢༡༤༨ རབ་བྱུང་ ༡༧ རབ་གནས་ལྕགས་ཕོ་བྱི་བའི་ལོ་བོད་ཟླ་ ༡༡ ཚེས་ ༢༧ སྤྱི་ལོ་ ༢༠༢༡ ཟླ་ ༠༡ ཚེས་ ༡༠ ཉིན་བདག་ཅག་རྣམས་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བ་༸སྐྱབས་རྗེ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་རིན་པོ་ཆེ་གང་ཉིད་དགོངས་པ་ཆོས་དབྱིངས་སུ་གཤེགས་པའི་ཚུལ་བསྟན་པས། སྤྱི་ཟླ་ ༠༡ ཚེས་ ༡༥ ཉིན་བཙུན་མ་ཡོངས་ནས་སྨིན་གླིང་རྡོར་སེམས་དང་སྦྲེལ་ཏེ་བླ་མ་མཆོད་པ་དང་། དྲི་མེད་བཤགས་རྒྱུད། ཡི་གེ་བརྒྱ་པ་བཅས་ཀྱི་སྒོ་ནས་དགོངས་རྫོགས་མཆོད་འབུལ་ཚོགས། ཉིན་དེ་ནས་བཟུང་དགོངས་རྫོགས་མཆོད་འབུལ་མཐའ་མ་གྲུབ་བར་བཙུན་མ་རེ་མོས་ཀྱིས་རྒྱུན་མ་ཆད་པར་བླ་མ་མཆོད་པ་གསུངས་ཡོད་ཅིང་། དེ་བཞིན་སྤྱི་ཟླ་ ༠༡ ཚེས་ ༢༠ ཉིན་མགོན་པོ་གང་གི་བདུན་ཚིགས་དང་པོ་དབུ་བཙུགས་ནས་བདུན་ཚིགས་མཐའ་མའི་བར་བཙུན་མ་ཡོངས་ཀྱིས་རིགས་ཀུན་ཁྱབ་བདག་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཞལ་ཕྱེ་སྟེ་བླ་མ་མཆོད་པའི་སྒོ་ནས་དགོངས་རྫོགས་མཆོད་འབུལ་རྒྱ་ཆེར་བསྒྲུབས།


ལོ་ལྟར་བཞིན་བོད་ཟླ་ ༡༢ པའི་ཚེས་ ༠༡ ཉིན་གནས་མཆོག་རྡོ་རྗེ་གདན་དུ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཚོགས་ཀྱི་ཡོད་ཀྱང་ད་ལོར་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་སྔར་ལྟར་ཚོགས་ཐབས་མ་བྱུང་ཡང་། སྨོན་ལམ་ཆེན་མོའི་རྒྱུན་ལས་ནས་འབོད་སྐུལ་གནང་བ་ལྟར་སྤྱི་ཟླ་ ༠༡ ཚེས་ ༢༡ ནས་ ༢༣ བར་ཉིན་གསུམ་གྱི་རིང་འདི་གར་བཙུན་མ་ཡོངས་ཀྱིས་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་དང་། འཇམ་དཔལ་མཚན་བརྗོད་སོགས་གསུངས་ཏེ་ཉིན་མཐའ་མར་རིག་འཛིན་འདུས་པའི་ཚོགས་འཁོར་དང་འབྲེལ་སྔ་འགྱུར་རྡོར་གདན་སྨོན་ལམ་ཆེན་མོ་སྐབས་སོ་གཉིས་པ་མཐའ་གྲུབ།

སྤྱི་ཟླ་ ༠༢ ཚེས་ ༠༨ ནས་ ༡༠ བར་སྔར་སྲོལ་བཞིན་ཉིན་གསུམ་རིང་སེང་གདོང་མ་དང་འབྲེལ་དགུ་གཏོར་ཚོགས། བོད་རྒྱལ་ལོ་ ༢༡༤༨ རབ་བྱུང་ ༡༧ པའི་བོད་ཟླ་དང་པོའི་ཚེས་ ༠༡ ལྕགས་མོ་གླང་ལོ་སྤྱི་ལོ་ ༢༠༢༡ ཟླ་ ༠༢ ཚེས་ ༡༢ གནམ་ལོ་གསར་དུ་བཞད་པའི་སྐབས་ནད་ཡམས་ཀྱི་རྐྱེན་པས་སྔར་བཞིན་དགོན་པ་སྤྱིའི་འདུ་ཁང་ཆེན་མོ་ཨོ་རྒྱན་མདོ་སྔགས་བཤད་སྒྲུབ་དར་རྒྱས་གླིང་དུ་དགེ་འདུན་པ་དང་བཙུན་མ་ཡོངས་ལྷན་དུ་མཉམ་འཚོགས་མ་ཐུབ་ནའང་། ཞོགས་པ་ཆུ་ཚོད་ ༠༣ པའི་ཐོག་བཙུན་དགོན་ལྷ་ཁང་ནང་བཙུན་མ་ལྷན་འཛོམས་ཀྱིས་སྒྲོལ་མའི་མཎྜལ་བཞི་ཆོག་དང་། གནས་བརྟན་ཕྱག་མཆོད་སོགས་འཚོགས་ནས་རིམ་པར་༸གོང་ས་མཆོག་དང་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་ཡང་སྲིད་མཆོག་གི་བཞུགས་ཁྲིར་མཇལ་དར་ཕུལ་ཏེ་ཆོས་ཕྱོགས་ཀྱི་བྱེད་སྒོའི་རྟེན་འབྲེལ་ཙམ་ལས། ༸སྐྱབས་རྗེ་ཐུབ་བསྟན་དཔལ་བཟང་རིན་པོ་ཆེ་མཆོག་ཞིང་དུ་གཤེགས་པའི་མྱ་ངན་མཚོན་ཆེད་ལོ་གསར་གྱི་དགའ་སྟོན་རིགས་དམིགས་བསལ་གང་ཡང་སྲུང་བརྩི་ཞུས་མེད། སྤྱི་ཟླ་ ༠༢ ཚེས་༢༠ ནས་ཉིན་བརྒྱད་ཀྱི་རིང་ཡི་དམ་དཔལ་ཆེན་འདུས་པའི་དཀྱིལ་འཁོར་ཞལ་ཕྱེ་སྟེ་སྔ་འགྱུར་བཀའ་མའི་སྒྲུབ་མཆོད་ཚོགས། ལོ་ལྟར་བཞིན་དཔལ་ཡུལ་རིག་འཛིན་གོང་མའི་ཕྱག་སྲོལ་མི་ཉམས་རྒྱུན་སྐྱོང་ཆེད་ཟླ་བ་གཅིག་གི་རིང་དཔལ་ཡུལ་གནམ་ཆོས་རྫོགས་པ་ཆེན་པོ་སངས་རྒྱས་ལག་འཆང་གི་ཟླ་ཆོས་སྔོན་རྩ་རྫོགས་གསུམ་ཉམས་བཞེས་གནང་སྲོལ་ཡོད་པ་བཞིན་འདི་ལོར་ཡང་བོད་ཟླ་ ༠༡ ཚེས་ ༡༨ ནས་དབུ་བཙུགས་ཏེ་བོད་ཟླ་ ༠༢ ཚེས་ ༡༨ བར་ཟླ་བ་གཅིག་རིང་འཚོགས་ཏེ་གཏང་རག་ཚོགས་འཁོར་དང་བཅས་མཐའ་གྲུབ།

སྤྱི་ཟླ་ ༠༣ ཚེས་ ༢༨ ཉིན་འཛམ་གླིང་ཞི་བདེ་ལ་དམིགས་ཏེ་སྔ་དྲོའི་ཆར་རི་བོ་བསང་མཆོད་དང་། མནོལ་བསང་ལྷ་ཆབ་སྔོན་མོ། ཕྱི་དྲོའི་ཆར་མ་མོའི་འཁྲུགས་སྐོང་བཅས་གསུངས། སྔར་སྲོལ་བཞིན་ལོ་ལྟར་བཙུན་དགོན་སྤྱིའི་ཞབས་རིམ་གནང་མུས་ལྟར་སྤྱི་ཟླ་ ༠༣ ཚེས་ ༣༠ ནས་ཉིན་གསུམ་གྱི་རིང་སློབ་དཔོན་མ་རྣམ་པས་ཕུར་བཟློག་དང་། ཉིན་བཞི་པར་བཙུན་མ་ཡོངས་ནས་བཀའ་འགྱུར་དག་ཚར་དང་། ཉིན་ལྔ་པར་སྒྲོལ་མ་གསུངས་ཤིང་། ཉིན་མཐའ་མར་བསང་དང་གསོལ་ཁ་བཅས་ཉིན་དྲུག་ཚོགས་ནས་མཐའ་གྲུབ། སྔར་སྲོལ་བཞིན་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་གླིང་གི་ལས་བྱེད་འཕོ་ལེན་ནི། བོད་ཟླ་ ༠༣ ཚེས་ ༠༥ སྤྱི་ཟླ་ ༠༤ ཚེས་ ༡༧ ཉིན་འཁེལ་ཡོད་པས་ཉིན་དེར། སྔ་འགྱུར་མཐོ་སློབ་ཆེན་མོ་དང་བཙུན་དགོན་གཉིས་ཀྱི་ཚོགས་གཙོ་རྙིང་པ་མཁན་རིན་པོ་ཆེ་ཀུན་བཟང་བདེ་ཆེན་མཆོག་དང་། སྤྱི་ལོ་ ༢༠༢༡ ལོའི་ཚོགས་གཙོ་གསར་པ་མཁན་རིན་པོ་ཆེ་བསོད་ནམས་ནོར་བུ་མཆོག་དབུ་བཞུགས་ཐོག་ལས་བྱེད་རྙིང་པ་རྣམས་ལ་གསོལ་རས་དང་། ལས་བྱེད་གསར་དུ་བསྐོས་པ་ཚོར་རྟེན་འབྲེལ་གྱི་ཁ་བཏགས་གནང་ཞིང་། རྒྱུན་ལས་རྣམ་པས་ལོ་གཅིག་གི་ཕྱག་ལས་གནང་བའི་ཉམས་མྱོང་དང་འབྲེལ་ནས་བཀའ་སློབ་ལམ་སྟོན་བསྩལ། ད་ལོའི་ཆར་ལས་བྱེད་ཁྱོན་བསྡོམས་ ༡༣༥ ཡིས་འགན་འཁུར་མུས་ཡིན།

སྤྱི་ཟླ་ ༠༤ ཚེས་ ༡༨ ཉིན་ཚོགས་གཙོ་མཁན་རིན་པོ་ཆེ་བསོད་ནམས་ནོར་བུ་མཆོག་གི་དབུས་དགེ་སློབ་ལྷན་འཛོམས་ཐོག་བཙུན་དགོན་གྱི་སྒྲིག་གཞི་རྩ་ཁྲིམས་ཆེན་མོ་སྒྲོགས་སྦྱང་དང་འབྲེལ་རྒྱུན་ལས་གསར་པ་རྣམ་པས་འདི་ལོའི་ལས་བྱེད་གསར་པ་རྣམས་དང་། འདུས་མང་ཡོངས་ལ་བཀའ་སློབ་ལམ་སྟོན་གནང་། སྤྱི་ཟླ་ ༠༤ ཚེས་ ༢༢ ཉིན་གནམ་ཆོས་སྔོན་འགྲོའི་འབུམ་ལྔ་བསགས་སྦྱང་དབུ་བཙུགས་ཤིང་ད་ལོའི་ཆར་བཙུན་མ་ ༢༡ ཙམ་གྱིས་བསགས་སྦྱང་གནང་བཞིན་ཡོད། རྒྱ་གར་ནང་ཉིན་རེ་བཞིན་ཁྱབ་བཞིན་པའི་ཏོག་དབྱིབས་ནད་ཡམས་ཞི་བའི་ཆེད་སྤྱི་ཟླ་ ༠༤ ཚེས་ ༢༦ ཉིན་སྔ་དྲོ་ཆུ་ཚོད་ ༠༧ ནས་ ༡༡ བར་བཙུན་མ་ཡོངས་ཀྱིས་ཚིག་བདུན་བླ་སྒྲུབ་ཀྱི་སྒོ་ནས་བཛྲ་གུ་རུ་གསོག་སྒྲུབ་དང་། རི་བོ་བསང་མཆོད། མནོལ་བསང་ལྷ་ཆབ་སྔོན་མོ་དང་། ཉིན་གུང་ཆུ་ཚོད་ ༠༡:༠༠ ནས་ ༠༥:༠༠ བར་མ་མོའི་འཁྲུགས་སྐོང་འཚོགས།

སྤྱི་ཟླ་ ༠༤ ཚེས་ ༢༧ ནས་དབུ་བཙུགས་ནས་སྔ་དྲོ་ཆུ་ཚོད་ ༠༦ ནས་ ༠༧ བར་རི་བོ་བསང་མཆོད་དང་། མནོལ་བསང་ལྷ་ཆབ་སྔོན་མོ་བདུན་ཕྲག་གཉིས་རིང་གསུངས་ཤིང་། ཕྱི་དྲོ་ཆུ་ཚོད་ ༨:༣༠ ནས་ ༩:༣༠ བར་ཚིག་བདུན་བླ་སྒྲུབ་ཀྱི་སྒོ་ནས་བཛྲ་གུ་རུ་གསོག་སྒྲུབ་བྱས། སྤྱི་ཟླ་ ༠༥ ཚེས་༢༠ ནས་ ༢༦ བར་བདུན་ཕྲག་གཅིག་གི་རིང་སྨིན་གླིང་རྡོར་སེམས་དང་སྦྲེལ་བཀའ་མའི་སྒྲུབ་མཆོད་འཚོགས།

སྔ་འགྱུར་བཙུན་དགོན་སྒྲུབ་སྡེ་དགའ་ཚལ་གླིང་གི་སྒྲུབ་ཐེངས་གཉིས་པ་རྣམས་བོད་ཟླ་ ༠༤ ཚེས་ ༡༠ སྤྱི་ཟླ་ ༠༥ ཚེས་ ༢༡ བཀྲ་ཤིས་པའི་ཉིན་མོར་ལོ་གསུམ་ཕྱོགས་གསུམ་གྱི་བསྙེན་མཚམས་མཐའ་གྲུབ་པས། ཉིན་དེའི་ཞོགས་པ་ཆུ་ཚོད་ ༨:༣༠ ཐོག་ནད་ཡམས་ཀྱི་རྐྱེན་པས་སྔར་བཞིན་འདུས་མང་ཚང་འཛོམས་ཐོག་རྟེན་འབྲེལ་མཛད་སྒོ་རྒྱ་ཆེར་མ་བྱུང་ནའང་སྒྲུབ་བླ་བཙུན་མ་རྣམས་སྒྲུབ་ཁང་ནས་བཙུན་དགོན་དུ་གདན་དྲངས་རྗེས་རྣམ་གྲོལ་གླིང་དགོན་པའི་རྒྱུན་ལས་རྣམས་ཀྱིས་དར་དཀར་ཕུལ་ཏེ་རྟེན་འབྲེལ་ཙམ་མཛད། ད་ལོར་སྒྲུབ་བླ་ཐོན་མཁན་བཙུན་མ་ ༡༧ བྱུང་ཡོད།

༧སྐྱབས་རྗེ་རིན་པོ་ཆེའི་ཐུགས་དགོངས་ལྟར་རྒྱུན་དུ་སྔ་དྲོར་སྒྲོལ་ཆོག་དང་བསྐང་གསོལ་ཆད་མེད་དུ་འཚོག་བཞིན་པ་དང་། དེ་བཞིན་ཚེས་བཅུ་ཉེར་ལྔ་སོགས་དུས་ཆེན་རྣམས་སུ་བླ་མ་རིག་འཛིན་འདུས་པའི་ཚོགས་འཁོར་དང་མཁའ་འགྲོ་ཡུམ་ཀ་བདེ་ཆེན་རྒྱལ་མོའི་ཚོགས་འཁོར་སྐོར་བཞིན་པ་དང། དད་ལྡན་ཡོན་བདག་རྣམས་ཀྱི་རེ་འདོད་ལྟར་དམིགས་བསལ་ཞབས་རིམ་གང་དགོས་རྣམས་ལེགས་པར་སྒྲུབ་བཞིན་ཡོད། ད་ལོ་བཙུན་དགོན་འདིར་བཙུན་མ་གསར་ཞུགས་ ༠༩ ཕེབས་ཡོད་པ་དང་། དེ་བཞིན་སྤྱིར་བཙུན་དགོན་འདིར་གཏན་འཇགས་སུ་བཞུགས་མཁན་བཙུན་མ་ ༦༠༠ ཙམ་ཡོད་ཀྱང་ད་ལོའི་ཆར་ཡང་ནད་ཡམས་སོགས་ཀྱི་རྐྱེན་པས་ཚང་འཛོམས་གནང་མ་ཐུབ་པར་བརྟེན་ད་ལོའི་ཆར་བཙུན་མ་ ༥༣༣ ཙམ་གྱིས་སློབ་སྦྱོང་དང་ཆོས་ཕྱོགས་ཀྱི་བྱ་བ་ལ་བརྩོན་བཞིན་པ་ལགས་སོ།།

བཙུན་དགོན་བཤད་གྲྭ་ཐོས་བསམ་དགའ་བའི་ཚལ་གྱི་མཛད་རིམ་སྙིང་བསྡུས།

བོད་རྒྱལ་ལོ་ ༢༡༤༨ རབ་གནས་ལྕགས་མོ་གླང་གི་ལོ་བོད་ཟླ་ ༠༢ ཚེས་ ༠༣ སྤྱི་ལོ་ ༢༠༢༡ ཟླ་ ༠༣ ཚེས་ ༡༦ ཉིན་ལོ་ལྟར་བཞིན་ཟླ་གཉིས་གུང་སེང་མཐའ་གྲུབ་ནས་བཤད་གྲྭ་སླར་ཡང་དབུ་འཛུགས་པའི་དུས་ཚོད་ཁེལ་ཡོད་ཀྱང་། ནད་ཡམས་ཀྱི་རྐྱེན་པས་རེ་ཞིག་ཚང་འཛོམས་གནང་མ་ཐུབ། སྤྱི་ལོ་ ༢༠༢༡ ཟླ་ ༠༣ ཚེས་ ༡༧ ཉིན་བཤད་གྲྭའི་གསར་ཞུགས་སློབ་གཉེར་བ་རྣམ་པས་ངག་རྒྱུགས་དང་། ཚེས་ ༡༨ ཉིན་བྲིས་རྒྱུགས་བཏང་། ད་ལོའི་ཆར་བཤད་གྲྭའི་སྔོན་འགྲོ་འཛིན་གྲྭར་སློབ་གཉེར་བ་གསར་ཞུགས་ ༢༦ དང་། ལོ་རིམ་དང་པོར་གསར་ཞུགས་དམིགས་བསལ་མེད། ལོ་ལྟར་བོད་ཟླ་ ༠༢ ཚེས་ ༠༨ སྤྱི་ལོ་ ༢༠༢༡ ཟླ་བ་ ༠༣ ཚེས་ ༢༡ ཉིན་སྔ་འགྱུར་མཐོ་སློབ་ཆེན་མོ་དང་གཅིག་མཚུངས་སུ་ལོ་འཁོར་རྒྱུགས་སྤྲོད་ཀྱི་གྲུབ་འབྲས་གསལ་བཤད་ཀྱི་ཉིན་ཁེལ་ནའང་། ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་ཕྱིར་འགྱངས་སུ་བཏང་སྟེ། སྤྱི་ཟླ་ ༠༤ ཚེས་ ༠༧ ཉིན་རྣམ་གླིང་འདུ་ཁང་ཆེན་མོའི་འོག་ཐོག་ཏུ་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དང་། བཙུན་དགོན་ཐོས་བསམ་དགའ་བའི་ཚལ་གྱི་སློབ་གཉེར་བ་རྣམས་ལ་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་གྲུབ་འབྲས་གསལ་བཤད་གནང་། སྔར་སྲོལ་བཞིན་བོད་ཟླ་ ༠༢ ཚེས་ ༢༥ སྤྱི་ཟླ་ ༠༤ ཚེས་ ༠༦ ཉིན་སྔ་འགྱུར་བཙུན་དགོན་ཐོས་བསམ་དགའ་བའི་ཚལ་གྱི་དཔེ་ཁྲིད་དབུ་འཛུགས་མ་ཐུབ་པར་སྤྱི་ཟླ་ ༠༤ ཚེས་ ༡༣ ཉིན་དཔེ་ཁྲིད་དབུ་བཙུགས་ཀྱང་། ནད་ཡམས་ཀྱི་རྐྱེན་ལས་སྤྱི་ཟླ་ ༠༥ ཚེས་ ༡༢ ཉིན་ནས་རེ་ཞིག་དཔེ་ཁྲིད་མཚམས་འཇོག་བྱས།

བོད་ཟླ་ ༠༤ ཚེས་ ༠༩ ཉིན་ཁྱད་ཆོས་ཆེ་བ་དྲུག་གི་བདག་ཉིད་དཔལ་གསང་ཆེན་སྔ་འགྱུར་བའི་བསྟན་པའི་ཤིང་རྟ་ཆེན་པོ་འཇམ་མགོན་མི་ཕམ་ཕྱོགས་ལས་རྣམ་རྒྱལ་རྒྱ་མཚོ་གང་གི་སྐུའི་འདས་མཆོད་ཉིན་བཙུན་དགོན་གྱི་དགེ་སློབ་ལྷན་འཛོམས་ཐོག་མཆོད་འབུལ་ཟབ་རྒྱས་འཚོག་མ་ཐུབ་ནའང་། དགོང་མོ་ཆུ་ཚོད་ ༠༧ ནས་ ༠༩ བར་བཙུན་མ་རྣམས་སོ་སོའི་བཞུགས་ཤག་མདུན་ནས་འཇམ་དཔལ་རྒྱུད་ལུགས་དང་འབྲེལ་ཚོགས་མཆོད་ཕུལ་ཏེ་སྐུའི་འདས་མཆོད་འཚོགས། ད་ལོའི་ཆར་སྔ་འགྱུར་ཐོས་བསམ་དགའ་བའི་ཚལ་ནས་བསླབ་པ་ཐར་སོན་པའི་བཙུན་མ་གྲངས་ ༡༥ དང་། སྤྱི་ལོ་ ༢༠༠༤ ནས་ད་ལྟའི་བར་བཙུན་དགོན་བཤད་གྲྭ་ནས་སློབ་དཔོན་མ་གྲངས་ཁྱོན་བསྡོམས་ ༢༠༦ བྱུང་ཡོད། སྤྱི་ལོ་ ༢༠༢༡ ལོའི་བཙུན་དགོན་བཤད་གྲྭའི་དཔེ་ཁྲིད་དང་འཛིན་སྐྱོང་གནང་མཁན་མཁན་སློབ་གྲངས་ ༠༦ དང་། སློབ་དཔོན་མ་གྲངས་ ༡༦ བཅས་ཁྱོན་བསྡོམས་སློབ་དཔོན་དང་སློབ་དཔོན་མ་ ༢༢ གྱིས་སློབ་ཚན་འཁྲིད་མུས་དང་། སློབ་གཉེར་བ་གྲངས་ ༡༩༢ ཀྱིས་ཐོས་བསམ་བྱེད་བཞིན་ཡོད། ད་ལོའི་ཆར་ཕྱོགས་མཐའ་ཁག་ནས་སྙན་ཞུ་བྱུང་བ་ལྟར་རྒྱ་བལ་འབྲུག་གསུམ་གྱི་དགོན་སྡེ་དང་སློབ་གྲྭ་ཁག་ལ་སློབ་དཔོན་མ་གྲངས་ ༣༣ ཙམ་གྱིས་ཆོས་ཕྱོགས་ཀྱི་བྱ་བ་སྒྲུབ་བཞིན་ཡོད།
བཙུན་དགོན་གཞི་རིམ་སློབ་གྲྭ་ཐུབ་བསྟན་པད་ཚལ་གླིང་གི་མཛད་རིམ་སྙིང་བསྡུས།

བོད་རྒྱལ་ལོ་ ༢༡༤༦ བོད་ཟླ་ ༠༢ ཚེས་ ༡༠ སྤྱི་ལོ་ ༢༠༢༡ ཟླ་བ་ ༠༣ ཚེས་ ༢༣ ཉིན་རྣམ་གླིང་དབུ་འཛིན་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་དབུ་བཞུགས་ཐོག་སློབ་གྲྭའི་ལོ་འཁོར་རྒྱུགས་སྤྲོད་ཀྱི་གྲུབ་འབྲས་གསལ་བཤད་གནང་། མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་ནས་འཛིན་གྲྭ་སོ་སོའི་ཨང་དང་པོ་དང་། གཉིས་པ། གསུམ་པ་དང་། དེ་བཞིན་བློ་རྒྱུགས་ལྡེབ་གྲངས་བརྒྱ་ཡན་འབུལ་མཁན་རྣམས་ལ་བྱ་དགའ་དང་། འཛིན་གྲྭ་བརྒྱད་པ་མཐར་སོན་པའི་སློབ་གཉེར་བ་རྣམས་ལ་ཕྱག་ཁྱེར་བསྩལ་གནང་མཛད། བཙུན་དགོན་གཞི་རིམ་སློབ་གྲྭའི་སྒྲིག་གཞི་དང་སློབ་ཚན་རྣམས་རྣམ་གླིང་སློབ་གྲྭ་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་དང་གཅིག་མཚུངས་ཡིན། སྤྱི་ལོ་ ༢༠༢༡ ཟླ་བ་ ༠༤ ཚེས་ ༡༣ ཉིན་བཙུན་དགོན་གཞི་རིམ་སློབ་གྲྭ་ཐུབ་བསྟན་པད་ཚལ་གླིང་གི་དཔེ་ཁྲིད་དབུ་བཙུགས། ད་ལོའི་ཆར་གཞི་རིམ་སློབ་གྲྭར་གསར་ཞུགས་སློབ་གཉེར་བ་གྲངས་ ༠༨ བྱུང་ཡོད་ཅིང་། ད་ལྟའི་ཆར་སློབ་གཉེར་བ་ཁྱོན་བསྡོམས་ ༡༤༨ ཙམ་གྱིས་སློབ་སྦྱོང་གནང་བཞིན་པ་དང་། སློབ་དཔོན་མ་ ༢༢ ཙམ་གྱིས་སློབ་གྲྭར་དཔེ་ཁྲིད་དང་འཛིན་སྐྱོང་གནང་བཞིན་ཡོད།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།