དབུ་མ་ཐལ་རང་ལ་དཔྱད་པ་ལུང་རིགས་སེང་གེའི་མཇིང་བསྣོལ།

སློབ་དཔོན་བློ་གྲོས་མཐའ་ཡས།

ཐམས་ཅད་མཁྱེན་པ་གྲུབ་དབང་པདྨ་ནོར་བུར་སྒོ་གསུམ་གུས་པས་ཕྱག་འཚལ་ལོ།།

དེ་ཡང་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་དཔལ་བེའུ་རུ་བསྐྱིལ། མགུལ་གྱི་བུམ་པ་ནས་ཕྱུང་། ལྗགས་ཀྱི་པདྨོ་རུ་བཀྲམ། དུང་གི་ཚེམས་བར་ནས་ཕྱར་ཏེ་རྒྱལ་བ་ཉིད་ཀྱི་བསྟན་པ་རིན་པོ་ཆེ་བྱང་ནས་བྱང་དུ་དར་བའི་གསུང་གི་དབུགས་དབྱུང་བསྩལ་བ་ལྟར་མཁན་སློབ་ཆོས་རྒྱལ་སྤྲུལ་པའི་ལོ་པཎ་སྤྱི་དང་ཁྱད་པར་དུ་རྒྱལ་ཀུན་འགྲོ་ལ་ཐུགས་རྗེ་མཚུངས་ཀྱང་སྙིགས་དུས་ཀྱི་འགྲོ་བ་ལྷག་པར་སྐྱོང་བའི་བཀའ་དྲིན་ཅན། བོད་འབངས་ཡོངས་ཀྱི་བླ་སྐལ་གཅིག་པུར་གྱུར་པ་གུ་རུ་པདྨ་ཐོད་ཕྲེང་རྩལ་གྱི་བཀའ་དྲིན་ཁོ་ནས་གངས་ལྗོངས་མུན་པའི་གླིང་དུ་མདོ་སྔགས་ཡོངས་སུ་རྫོགས་པའི་རྒྱལ་བསྟན་ཉི་མའི་སྣང་བ་ཆེས་ཆེར་གསལ་བར་མཛད་པ་སྟེ་བཀའ་དྲིན་གྱི་ཕུང་པོ་གཞལ་ཐབས་བྲལ་བའི་བླ་མ་དེ་ལ་སྒོ་གསུམ་གུས་པས་ཕྱག་འཚལ་བའི་མདུན་བསུས་ཏེ་འདིར་བརྗོད་བྱའི་སྙིང་པོ་དབུ་མ་ཐལ་རང་གཉིས་ཀྱི་ཁྱད་པར་ཇི་ལྟར་འཇོག་པའི་ཚུལ་ཅུང་ཟད་ཅིག་འཆད་པ་ལ།

ཐལ་རང་དགོངས་པ་འགལ་བར་སྨྲ་བའི་ལུགས་བརྗོད་པ་དང་། མཐར་ཐུག་དགོངས་པ་གཅིག་ཡིན་པའི་ལུགས་བཤད་པ། ཐལ་རང་གི་ཤིང་རྟ་ཆེན་པོ་རྣམས་ཀྱིས་མཐར་ཐུག་མཐའ་བཞིའི་སྤྲོས་བྲལ་ཇི་ལྟར་བསྟན་པའི་ཚུལ་བཤད་པ། འཕྲོས་དོན་སྣང་ཙམ་དགག་བྱར་བསྟན་པ་དང་བཞི་ལས།

དང་པོ་ཐལ་རང་དགོངས་པ་འགལ་བར་སྨྲ་བའི་ལུགས་ཀྱི་འདོད་པ་ནི་འདི་ལྟ་སྟེ།

དབུ་མ་ཐལ་རང་གཉིས་ཀྱི་གནས་སྐབས་མཐར་ཐུག་ཀུན་ཏུ་དགག་བྱ་ལ་ཕྲ་རགས་ཀྱི་ཁྱད་པར་ཆེས་ཆེར་ཡོད་པའི་དབང་གིས་ཐལ་རང་དགོངས་པ་འགལ་བར་གསུངས་པས་ན་ཐོག་མར་འདི་པའི་ལུགས་ཀྱི་དགག་བྱའི་ཚད་བརྗོད་པར་བྱ་སྟེ།

 དེ་ལ་དབུ་མ་རང་རྒྱུད་པའི་དགག་བྱ་ངོས་འཛིན་པ་དང་། ཐལ་འགྱུར་པའི་དགག་བྱ་ངོས་འཛིན་པ་གཉིས་ལས་དང་པོ་ནི། དབུ་མ་དགོངས་པ་རབ་གསལ་ལས།[1] བློ་ལ་སྣང་བའམ་བློའི་དབང་གིས་བཞག་པ་མིན་པར་དོན་གྱི་སྡོད་ལུགས་སུ་ཡོད་པ་ནི། བདེན་པ་དང་དོན་དམ་དང་ཡང་དག་པར་ཡོད་པ་དང་དེར་འཛིན་པ་ནི་བདེན་འཛིན་ལྷན་སྐྱེས་སོ། །ཞེས་དང་། སྟོང་ཐུན་སྐལ་བཟང་མིག་འབྱེད་ལས་ཀྱང་།[2] དེས་ན་རང་རྒྱུད་པའི་ལུགས་ལ། མྱུ་གུ་ལ་སོགས་པ་རྣམས་ཡུལ་རང་གི་སྡོད་ལུགས་སུ་གྲུབ་པ་དང་། བློས་བཞག་པ་ལ་ལྟོས་པ་གཉིས་ཀ་ཡིན་ལ། བློའི་དབང་གིས་བཞག་པ་མིན་པར་ཡུལ་རང་གི་སྡོད་ལུགས་སུ་གྲུབ་པ་ནི་རྟགས་ཀྱི་དགག་བྱ་མཐར་ཐུག་པའོ། །ཞེས་གསུངས་པའི་དོན་གོ་བདེ་བར་བཤད་ན། རང་རྒྱུད་པའི་ལུགས་ལ་ཆོས་གང་དང་གང་ཡིན་ཡང་དེའི་ངོ་བོ་གྲུབ་ཚེ་བློས་བཞག་པ་ཡང་ཡིན་ལ་ཡུལ་རང་ངོས་ནས་ཀྱང་གྲུབ་པ་སྟེ་གཉིས་ཚོགས་ཀྱི་སྒོ་ནས་གྲུབ་དགོས་ཤིང་། བློས་བཞག་པ་ལ་མ་ལྟོས་པར་ཡུལ་ཁོ་ནའི་ངོས་ནས་གྲུབ་པ་ཞིག་བྱུང་ན་དེ་རང་རྒྱུད་པའི་དགག་བྱ་མཐར་ཐུག་པ་ཡིན་པར་གསུངས་སོ།།

གཉིས་པ་ཐལ་འགྱུར་པའི་ལུགས་ཀྱི་དགག་བྱ་བཤད་པ་ནི། དགོངས་པ་རབ་གསལ་ལས།[3]མིང་གི་ཐ་སྙད་ཀྱི་དབང་ཙམ་གྱིས་བཞག་པ་མིན་པའི་ཡོད་པར་འཛིན་པ་ནི། བདེན་པ་དང་དོན་དམ་པར་དང་ཡང་དག་ཏུ་གྲུབ་པ་དང་།རང་གི་ངོ་བོས་དང་རང་གི་མཚན་ཉིད་ཀྱིས་དང་རང་བཞིན་གྱིས་ཡོད་པར་འཛིན་པ་ལྷན་སྐྱེས་ཡིན་ལ། དེས་བཟུང་བའི་ཞེན་ཡུལ་ནི་བརྟག་པ་མཐའ་བཟུང་གི་བདེན་ཚད་དོ། །ཞེས་དང་། དེ་ལྟར་ཆོས་རྣམས་ཀྱི་ངོ་བོ་ཡུལ་ཅན་ཐ་སྙད་ཀྱི་རྟོག་པ་གཞན་ལ་རག་མ་ལས་པ་སྟེ། དེའི་དབང་གིས་བཞག་པ་མིན་པའི་རང་བཞིན་དེ་ཉིད་ལ་དགག་བྱའི་བདག་ཅེས་བྱ་ལ། ཞེས་དང་། སྟོང་ཐུན་ལས་ཀྱང་།[4] ཇི་སྐད་བཤད་པའི་ཆོས་ཐམས་ཅད་མིང་དང་རྟོག་པ་ཙམ་གྱིས་བཞག་པ་དེ་ལྟ་བུ་མ་ཡིན་པའི་ཡོད་པར་འཛིན་པ་ནི་བདེན་འཛིན་ལྷན་སྐྱེས་ཏེ། དེས་ཇི་ལྟར་གཟུང་བ་ལྟར་གྲུབ་ན་བདེན་པར་གྲུབ་པ་དང་། དོན་དམ་པར་གྲུབ་པ་དང་། ཡང་དག་པར་གྲུབ་པ་དང་། རང་གི་ངོ་བོས་གྲུབ་པ་དང་། རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་། རང་དབང་དུ་གྲུབ་པ་དང་། རྫས་སུ་གྲུབ་པ་ཞེས་བྱ་ལ། དེ་དག་སྐབས་འདིར་བརྟག་པ་མཐར་བཟུང་གི་སྒོ་ནས་རྟགས་ཀྱི་དགག་བྱའི་ཚད་ཡིན་ནོ། །ཞེས་གསུངས་པ་ལྟར་ཆོས་དང་ཆོས་ཉིད་གང་ཡིན་ཡང་རྟོག་པས་བཏགས་པ་ཙམ་ཁོ་ན་མ་གཏོགས་ཡུལ་གྱི་ངོས་ནས་གྲུབ་པ་གཅིག་ཀྱང་མེད་ལ། གལ་ཏེ་ཡུལ་རང་ངོས་ནས་གྲུབ་པ་ཞིག་བྱུང་ན་དེ་དགག་བྱར་སོང་བའི་དོན་ནོ། །མདོ་དོན་སྙིང་པོར་དྲིལ་ན། སྟོང་ཐུན་སེངྒེའི་ང་རོ་ལས།[5] དབུ་མ་རང་རྒྱུད་པ་དག་ཀྱང་བདེན་པར་གྲུབ་པ་ཐ་སྙད་དུ་ཡང་མི་བཞེད་ཀྱང་། ཐ་སྙད་དུ་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་དང་བྱ་བྱེད་འཐད་པ་འགལ་མེད་དུ་འཇོག་མི་ཤེས་པས་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཐ་སྙད་དུ་ཁས་ལེན་པར་བྱེད་དེ། ལྟ་བ་དེ་མ་བོར་བཞིན་དུ་ཐེག་པ་གསུམ་གང་གིའང་འཕགས་ལམ་རྒྱུད་ལ་སྐྱེ་བའི་ཐབས་མེད་དོ། །ཞེས་གསུངས་པ་ལྟར་རང་རྒྱུད་པས་ཐལ་འགྱུར་བའི་གཞུང་ནས་བསྟན་པའི་དགག་བྱ་ཕྲ་མོ་ངོས་འཛིན་མི་ཐུབ་པར་བརྟེན་དེ་འཛིན་པའི་བདེན་འཛིན་ལྷན་སྐྱེས་སུན་འབྱིན་མི་ནུས་པས་ན་གནས་སྐབས་མཐར་ཐུག་ཀུན་ཏུ་དགོངས་པ་འགལ་བ་ཙམ་དུ་མ་ཟད་ཐལ་འགྱུར་པའི་ལུགས་ལྟར་ན་རང་རྒྱུད་མན་ཆད་ཀྱིས་ཐེག་ཆེན་ཐར་པ་ལྟ་ཅི། ཐེག་པ་གསུམ་གང་གི་ཡང་འཕགས་ལམ་ཙམ་ཡང་ཐོབ་མི་ནུས་པར་གསུངས་སོ།།

ས་བཅད་གཉིས་པ་ཐལ་རང་མཐར་ཐུག་དགོངས་པ་གཅིག་པར་སྨྲ་བའི་ལུགས་བརྗོད་པ་ལ།

ཀརྨ་པ་སྐུ་ཕྲེང་བརྒྱད་པ་རྗེ་མི་བསྐྱོད་རྡོ་རྗེའི་དགོངས་པ་བརྗོད་པ། ཀུན་མཁྱེན་གོ་བོ་རབ་འབྱམས་པའི་བཞེད་པ་བརྗོད་པ། རང་ལུགས་འཇམ་མགོན་བླ་མ་མི་ཕམ་པའི་དགོངས་པ་བརྗོད་པ་དང་གསུམ་ལས།

དང་པོ་རྗེ་མི་བསྐྱོད་རྡོ་རྗེས་ཐལ་རང་གི་སློབ་དཔོན་རྣམས་དགོངས་པ་གཅིག་པར་གསུངས་པ་ནི། དྭགས་བརྒྱུད་གྲུབ་པའི་ཤིང་རྟ་ལས།[6] ཟབ་མོ་སྟོང་པ་ཉིད་ཀྱི་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་ཚུལ་ལ་ཐལ་རང་གི་སློབ་དཔོན་དག་དགོངས་པ་མི་གཅིག་པ་མ་ཡིན་ཏེ། དེ་ཐམས་ཅད་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་གཟིགས་ནས་སེམས་ཅན་མཐའ་དག་དེ་ཁོ་ནར་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཡིན་པའི་ཕྱིར། ཞེས་གསུངས་ལ། འདི་པའི་ལུགས་ལ་ཐལ་རང་གི་ཁྱད་པར་གང་གི་སྒོ་ནས་འཇོག་སྙམ་ན། ཡང་དེ་ཉིད་ལས།[7] སྒྲུབ་བྱེད་དེ་དག་ཐ་སྙད་དུ་རྗོད་པར་བྱེད་ཀྱང་ཐ་སྙད་ཙམ་དུ་གྲུབ་པ་དང་མ་གྲུབ་པར་འདོད་པ་ནི་ཐལ་རང་གི་ཁྱད་པར་ཡིན་ལ། ཞེས་གསུངས་པ་ལྟར་ཐ་སྙད་ཀུན་རྫོབ་ཙམ་དུ་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་ཁས་ལེན་ཐམས་ཅད་གཞན་ངོ་འབའ་ཞིིག་ལ་བརྟེན་ནས་འཇོག་པ་ནི་ཐལ་འགྱུར་བ་དང་། རང་ངོར་ཁས་ལེན་དང་བཅས་ཏེ་ཐ་སྙད་དུ་དགག་སྒྲུབ་བྱེད་པ་ནི་རང་རྒྱུད་པ་སྟེ། དྭགས་བརྒྱུད་གྲུབ་པའི་ཤིང་རྟ་ལས།[8] དེས་ན་བདེན་པ་གཉིས་ལས་བརྩམས་པའི་རང་ལུགས་ལ་བསྒྲུབ་བྱ་སྒྲུབ་བྱེད་ཀྱིས་རྣམ་གཞག་མེད་ཀྱང་། གཞན་གྱིས་བཏགས་པ་སེལ་བའི་ཆེད་དུ་དགག་སྒྲུབ་འཇིག་རྟེན་དང་རྗེས་མཐུན་དུ་བརྗོད་པ་ནི་ཐལ་འགྱུར་བའི་ལུགས་ཡིན་ལ། དོན་དམ་བདེན་པ་ལས་བརྩམས་པའི་རང་ལུགས་ལ་བསྒྲུབ་བྱ་སྒྲུབ་བྱེད་མེད་ཀྱང་ཀུན་རྫོབ་ལས་བརྩམས་ནས་དེ་ཉིད་འཚོལ་བྱེད་ཀྱི་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་རྣམ་གཞག་འཐད་ལྡན་གྱིས་གཞན་གྱི་བཏགས་པ་སེལ་བའི་དགག་སྒྲུབ་ཁྱད་པར་ཅན་བརྗོད་པ་ནི་རང་རྒྱུད་པའི་ལུགས་སོ་ཞེས་སྲོག་གནད་དུ་གདམས་སོ། །ཞེས་གསུངས་སོ།།

གཉིས་པ་ཀུན་མཁྱེན་གོ་རམས་པའི་བཞེད་པ་ནི། དབུ་མ་ཐལ་རང་གཉིས་ཀྱི་མཐར་ཐུག་དགོངས་པ་གཅིག་ཡིན་པའི་ཕྱིར་དེ་གཉིས་ཀྱི་ཁྱད་པར་ལྟ་བའི་སྒོ་ནས་འཇོག་པ་མ་ཡིན་ཏེ། འཇུག་འགྲེལ་ལྟ་བ་ངན་སེལ་ལས།[9] དེས་ན་སྒྲོ་སྐུར་བྲལ་བའི་ཐལ་རང་གི་ཁྱད་པར་ནི། དོན་དམ་སྤྲོས་བྲལ་གྱི་ལྟ་བའི་སྒོ་ནས་མི་ཕྱེ་སྟེ། ཐོག་མར་སྡུག་བསྔལ་གྱི་རྒྱུར་གྱུར་པའི་བདེན་འཛིན་གྱི་ཞེན་ཡུལ་བཀག་ནས། དེའི་འོག་ཏུ་མཐའ་ཕྱི་མ་གསུམ་བཀག་པའི་མཐའ་བཞིའི་སྤྲོས་བྲལ་ཀླུ་སྒྲུབ་ཀྱི་དགོངས་པ་ཅི་ལྟ་བ་བཞིན་ལུགས་གཉིས་ཀས་བཞེད་པའི་ཕྱིར་རོ། །ཞེས་གསུངས་ཤིང་། འོ་ན་འདི་གཉིས་ཀྱི་ཁྱད་པར་གང་གི་སྒོ་ནས་འབྱེད་ཅེ་ན། མཐའ་བཞིའི་སྤྲོས་བྲལ་སྒྲུབ་བྱེད་ཀྱི་རིགས་པ་འགོད་ཚུལ་གྱིས་ཁྱད་པར་ཏེ། དེ་ཉིད་ལས།[10] འདི་གཉིས་ཀྱི་ཁྱད་པར་གྱི་གཙོ་བོ་ནི་དོན་དམ་སྒྲུབ་བྱེད་ཀྱི་རིགས་པ་འགོད་ཚུལ་གྱི་སྒོ་ནས་འཇོག་སྟེ། ཀླུ་སྒྲུབ་ཀྱི་མཐའ་བཞིའི་སྐྱེ་བ་བཀག་པའི་དམ་བཅའ་གསུངས་པ་སངས་རྒྱས་བསྐྱངས་ཀྱིས་ཐལ་འགྱུར་གྱི་རིགས་པས་བསྒྲུབ། ལེགས་ལྡན་འབྱེད་ཀྱིས་རང་རྒྱུད་ཀྱི་རིགས་པས་བསྒྲུབ་པ་ལ་ཐལ་རང་གཉིས་སུ་ཕྱེ་བའི་ཕྱིར་རོ། །ཞེས་གསུངས་སོ།།

གསུམ་པ་རང་ལུགས་ཀུན་མཁྱེན་མི་ཕམ་རྒྱ་མཚོས་ཐལ་རང་གི་ཤིང་རྟ་ཆེན་པོ་རྣམས་དགོངས་པ་གཅིག་ཡིན་པར་རིགས་པས་འདི་ལྟར་བསྒྲུབས་ཏེ། དེ་ཡང་དབུ་མ་རྒྱན་གྱི་སྤྱི་དོན་ལས།[11] མཁན་པོའི་གཞུང་འདིར་ནི། ཐོག་མར་བདེན་གཉིས་སོ་སོར་འཇལ་བའི་ཤེས་རབ་དྲི་མ་མེད་པས་ཚུལ་གཉིས་བསྒྲུབས་ནས། མཐར་རྣམ་གྲངས་མ་ཡིན་པའི་དོན་དམ་ཆེན་པོར་བདེན་གཉིས་སོ་སོར་ཞེན་པའང་བཀག་ནས། མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་རྗེས་སུ་མཐུན་པར་ཁས་ལེན་ཐམས་ཅད་དང་བྲལ་བར་གཏན་ལ་ཕབ་པས་གཞུང་དེ་གཉིས་མཐར་ཐུག་གི་དགོངས་པ་ལ་དབྱེ་བསྲེ་མེད་པར་མཉམ་པ་ཉིད་དོ། །ཞེས་དང་། རབ་གསལ་བརྒལ་ལན་ལས།[12] ཐལ་རང་གཉིས་ཀས་ཕྱི་ནང་གི་ཆོས་ཐམས་ཅད་གཏན་ཚིགས་ཀྱི་སྒོ་ནས་བདེན་མེད་དུ་གཏན་ལ་ཕབ་པའི་དབུ་མ་པ་ཡིན་པར་འདྲ་ཞིང་། མཐར་ཐུག་སྤྲོས་བྲལ་ཀྱང་འདོད་པར་འདྲ་བས། དེ་གཉིས་མཐར་ཐུག་གི་དོན་ལ་དགོངས་པ་གཅིག་པར་འདོད་དེ། ཞི་སྒོ་གཉིས་སུ་མེད་པ་རྟེན་འབྱུང་དང་སྟོང་པ་ཉིད་བསྟན་པའི་ཕྱིར་རོ། །ཞེས་པ་སྟེ། མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་རྗེས་སུ་མཐུན་པར་ཁས་ལེན་ཐམས་ཅད་དང་བྲལ་བར་མཐའ་བཞིའི་སྤྲོས་བྲལ་གཏན་ལ་ཕབ་པའི་རྒྱུ་མཚན་གྱིས་མཐར་ཐུག་དགོངས་པ་གཅིག་ཏུ་བཞེད་པར་སྙམ་མོ། །འོ་ན་མཐར་ཐུག་ཁས་ལེན་ཀུན་བྲལ་གྱི་སྤྲོས་བྲལ་གཏན་ལ་ཕབ་པ་དང་། སྤྲོས་བྲལ་འདོད་པར་མཚུངས་པ་ཙམ་གྱིས་དགོངས་པ་གཅིག་ཏུ་གནས་པའི་རྒྱུ་མཚན་གང་ལགས་ཤེ་ན། རྒྱན་གྱི་སྤྱི་དོན་ལས།[13] མཐའ་བཞིའི་སྤྲོས་བྲལ་ཁས་ལེན་ཐམས་ཅད་དང་བྲལ་བ་ལས་ལྷག་པའི་སྤྲོས་པ་གཅད་རྒྱུ་ཡོད་པར་རིགས་པས་ནམ་ཡང་འགྲུབ་དཀའོ། །ཞེས་གསུངས་པ་ལྟར་མཐའ་བཞིའི་སྤྲོས་པ་ལས་ལྷག་པའི་སྤྲོས་པ་མེད་པའི་ཕྱིར་དང་། མཐའ་བཞིའི་སྤྲོས་བྲལ་ནི་ཐལ་རང་གཉིས་ཀས་ཇི་ལྟ་བ་བཞིན་གཏན་ལ་ཕབ་པས་དགོངས་པ་གཅིག་པར་གསུངས་སོ། །དེ་ལྟར་ན་ཐལ་རང་གཉིས་གནས་སྐབས་ཙམ་ལས་མཐར་ཐུག་ལ་ཁྱད་པར་ཅི་ཡང་མེད་ན་ཐལ་རང་གི་རྩོད་པ་ཐམས་ཅད་དགོས་པ་མེད་པར་ཐལ་ལོ་ཞེ་ན། མ་ཡིན་ཏེ། ཀུན་མཁྱེན་མི་ཕམ་པས་རབ་གསལ་དེ་ཉིད་སྣང་བྱེད་ལས།[14] རང་རྒྱུད་པས་མཐར་ཐུག་སྤྲོས་བྲལ་ཁས་བླངས་ཀྱང་། གནས་སྐབས་ཀྱི་བདེན་གཉིས་ཕྱེས་ནས་བཤད་པའི་ཁས་ལེན་དེ་ལ་གནོད་པ་ཅི་ཡང་མེད་པར་འདོད་པའི་ཕྱིར་ནའོ། །ཞེས་གསུངས་པ་ལྟར་དབུ་མ་རང་རྒྱུད་པས་རྣམ་གྲངས་མིན་པའི་དོན་དམ་གཏན་ལ་འབེབས་པའི་སྐབས་སུའང་གནས་སྐབས་དོན་དམ་ལ་གཉིས་སུ་ཕྱེ་སྟེ་གསུངས་པ་གང་ཞིག་དེ་ལྟར་ཕྱེ་སྟེ་བཤད་པ་ལ་གནོད་པ་ཅི་ཡང་མེད་པར་འདོད་པའི་ཕྱིར་ན་ཐལ་རང་གཉིས་རྩོད་དོ་ཞེས་པའི་དོན་ནོ། །གཞན་ཡང་རྣམ་བཤད་ནོར་བུ་ཀེ་ཏ་ཀ་ལས།[15] མཐར་ཐུག་གི་དོན་ལ་ཁྱད་པར་ཅི་ཡང་མེད་ཀྱང་གཞུང་འཆད་ཚུལ་གྱི་དབང་དུ་ཁྱད་པར་ཡོད་དེ། སངས་རྒྱས་བསྐྱངས་ཀྱི་གཞུང་ལ་ལེགས་ལྡན་གྱིས་དགག་བྱ་ལ་དོན་དམ་པའི་ཁྱད་པར་མ་སྦྱར་བའི་སྐྱོན་བརྗོད་པ་ཟླ་བས་སུན་ཕྱུང་བ་ལྟ་བུའོ། །ཞེས་གསུངས་པ་ལྟར་རོ།།

འོ་ན་ཐལ་འགྱུར་བས་རང་རྒྱུད་པ་ལ་བརྗོད་པའི་གནོད་བྱེེད་ཀྱི་རིགས་པ་འདི་ཀུན་འཇུག་གམ་མི་འཇུག་ཅེ་ན། འཇུག་པར་འདོད་དེ། མཐའ་བཞིའི་སྤྲོས་བྲལ་གཏན་ལ་འབེབས་པའི་སྐབས་སུའང་གནས་སྐབས་དོན་དམ་ལ་གཉིས་སུ་ཕྱེ་སྟེ་གཏན་ཚིགས་རང་རྒྱུད་འགོད་པ་གང་ཞིག་གཏན་ཚིགས་རང་རྒྱུད་ལ་བརྟེན་ནས་ཁས་ལེན་ཀུན་བྲལ་གྱི་ལྟ་བ་མཐར་ཐུག་གཏན་ལ་འབེབས་མི་ནུས་པ་ནི། ཚིག་གསལ་ལས།[16] དབུ་མ་པ་ཡིན་ན་ནི་རང་གི་རྒྱུད་ཀྱི་རྗེས་སུ་དཔག་པར་བྱ་བ་རིགས་པ་ཡང་མ་ཡིན་ཏེ། ཕྱོགས་གཞན་ཁས་བླངས་པ་མེད་པའི་ཕྱིར་རོ། །ཞེས་དང་། དབུ་མའི་ལྟ་བ་ཁས་ལེན་བཞིན་དུ་ཡང་རང་གི་རྒྱུད་ཀྱི་སྦྱོར་བའི་ངག་བརྗོད་པ་གང་ཡིན་པ་དེ་ནི་ཆེས་ཤིན་ཏུ་ཉེས་པ་དུ་མའི་ཚོགས་ཀྱི་གནས་སུ་རྟོགས་ཏེ། ཞེས་པའི་གཞུང་ལས་ཀྱང་གསལ་བར་ངེས་ནུས་སོ། །དེས་ན་དབུ་མ་རང་རྒྱུད་པས་འཕགས་པའི་མཉམ་གཞག་གི་གཟིགས་སྟངས་ལྟར་ཁས་ལེན་ཀུན་བྲལ་གྱི་ལྟ་བ་གཏན་ལ་འབེབས་པའི་སྐབས་སུའང་གནས་སྐབས་དོན་དམ་ལ་གཉིས་སུ་ཕྱེ་སྟེ་གསུངས་པ་ལ་སྐྱོན་འཇུག་གི་ཁས་ལེན་དང་བཅས་བཞིན་དུ་རྣམ་གྲངས་པའི་དོན་དམ་གཏན་ལ་འབེབས་པ་ལ་སྐྱོན་ཅི་ཡང་མི་འཇུག་པ་ནི་ཀུན་མཁྱེན་མི་ཕམ་པས་རབ་གསལ་དེ་ཉིད་སྣང་བྱེད་ལས།[17] རྣམ་གྲངས་པའི་བདེན་མེད་ཙམ་སྒྲུབ་པའི་ཁས་ལེན་ཡོད་ན་ཚུལ་གསུམ་གྱི་གཏན་ཚིགས་རང་རྒྱུད་པའི་རྗེས་དཔག་མི་རིགས་པའི་སྐྱོན་ཅི་ཡང་མི་འཇུག་གོ །ཞེས་གསུངས་པ་དང་། མ་ཟད་ཐལ་འགྱུར་པས་ཀྱང་གལ་ཏེ་རང་རྒྱུད་པ་ལྟར་འཕགས་པའི་རྗེས་ཐོབ་ཀྱི་ལྟ་བ་གཏན་ལ་འབེབས་དགོས་ན་རང་རྒྱུད་པ་ལས་ལྷག་པ་གང་ཡང་མེད་དེ། རྒྱན་གྱི་སྤྱི་དོན་ལས།[18] ཐལ་འགྱུར་པ་རྣམ་གྲངས་པའི་དོན་དམ་ལ་གནས་ནས་བདེན་གཉིས་སོ་སོའི་ཁས་ལེན་དང་བཅས་པ་ཞིག་རྣམ་པ་ཀུན་ཏུ་ཡིན་ན། རང་རྒྱུད་པ་དང་ཁྱད་ཕྱེ་མི་ནུས་ཏེ། ཞེས་གསུངས་པས་ཀྱང་གྲུབ་བོ།།

རྩ་བའི་ས་བཅད་གསུམ་པ། ཐལ་རང་གི་ཤིང་རྟ་ཆེན་པོ་རྣམས་ཀྱིས་མཐར་ཐུག་མཐའ་བཞིའི་

སྤྲོས་བྲལ་གཏན་ལ་ཕབ་པའི་ཚུལ་བཤད་པ།

དེ་ཡང་འཇམ་མགོན་བླ་མ་མི་ཕམ་པས་ཐལ་རང་གི་སློབ་དཔོན་རྣམས་ཀྱིས་གནས་སྐབས་དོན་དམ་གཉིས་པོ་རྩལ་འདོན་མཛད་ཚུལ་གྱི་ཁྱད་པར་དང་། མཐར་ཐུག་མཐའ་བཞིའི་སྤྲོས་བྲལ་ཇི་ལྟ་བ་བཞིན་གཏན་ལ་ཕབ་པས་དགོངས་པ་གཅིག་ཡིན་པར་གསུངས་པ་ལྟར་དེའི་ཚུལ་སློབ་དཔོན་ཟླ་བའི་དབུ་མ་ཚིག་གསལ་དང་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་ཤེས་རབ་སྒྲོན་མ། སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱི་ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་པ། སློབ་དཔོན་ཡེ་ཤེས་སྙིང་པོའི་བདེན་གཉིས་དང་དེའི་རང་འགྲེལ། མཁན་ཆེན་ཞི་འཚོའི་བདེན་གཉིས་དཀའ་འགྲེལ་དང་། དབུ་མ་རྒྱན་དང་དེའི་རང་འགྲེལ། སློབ་དཔོན་ཀ་མ་ལ་ཤཱི་ལའི་དཀའ་འགྲེལ་སོགས་ལས་ཇི་ལྟར་གསལ་བ་ལྟར་བཤད་པ་ལ། ཐོག་མར་རྩ་ཤེས་ཀྱི་མཐའ་བཞིའི་སྐྱེ་བ་འགོག་བྱེད་ཀྱི་རིགས་པ་ལས་བདག་སྐྱེ་འགོག་པའི་ཚིག་དོན་འགྲེལ་ཚུལ་ལ་མཚོན་ནས་མདོ་ཙམ་ཞུས་ན། སློབ་དཔོན་ཟླ་བས་ཚིག་གསལ་ལས།[19] དེའི་ཕྱིར་བདག་ལས་དངོས་པོ་གང་དག་གང་ན་ཡང་སྐྱེ་བ་ནམ་ཡང་ཡོད་པ་མ་ཡིན་ནོ་ཞེས་དེ་ལྟར་སྦྱར་བར་བྱའོ། །དེ་བཞིན་དུ་དམ་བཅའ་བ་གསུམ་པོ་ལ་ཡང་སྦྱར་བར་བྱའོ། །ཞེས་དང་། སློབ་དཔོན་ལེགས་ལྡན་གྱིས་ཤེས་རབ་སྒྲོན་མ་ལས།[20] འདི་ལྟར་སྐྱེ་བར་སྨྲ་བ་དག་ལས་ཁ་ཅིག་ནི་དངོས་པོ་རྣམས་བདག་ལས་སྐྱེའོ་ཞེས་ཟེར། གཞན་དག་ནི་གཞན་ལས་སོ་ཞེས་ཟེར། ཁ་ཅིག་ནི་གཉིས་ལས་སོ་ཞེས་ཟེར། གཞན་དག་ནི་རྒྱུ་མེད་པ་ལས་སོ་ཞེས་ཟེར་བ་དག་རིགས་པ་དང་ལུང་དག་གིས་བརྟགས་པ་ན་སྐྱེ་བ་རྣམ་པ་ཐམས་ཅད་དུ་འཐད་པ་མི་བཟོད་པར། ཞེས་དང་། དེ་ལ་རེ་ཞིག་བདག་ལས་མ་ཡིན་ཞེས་བྱ་བ་ཅི་ཞིག་ཅེ་ན། སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བ་ལ་སོགས་པ་སྟེ། རེ་རེ་དང་སྦྱར་བར་བྱའོ། །ཞེས་གསུངས་པ་ལྟར་བདག་ལས་སྐྱེ་བ་ནམ་ཡང་ཡོད་པ་མ་ཡིན་ཞེས་དགག་བྱ་ལ་དོན་དམ་གྱི་ཁྱད་པར་མ་སྦྱར་བར་དབུ་མ་ཚིག་གསལ་དང་གཅིག་མཚུངས་སུ་འགྲེལ་བ་ནི་ཁས་ལེན་ཀུན་བྲལ་རྣམ་གྲངས་མིན་པའི་དོན་དམ་གཏན་ལ་འབེབས་པའི་སྐབས་སོ།།

འོ་ན་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཁས་ལེན་དང་བཅས་ཏེ་རྣམ་གྲངས་པའི་དོན་དམ་ཇི་ལྟར་བསྟན་ཅེ་ན། ཤེས་རབ་སྒྲོན་མ་ལས།[21] འདིར་སྦྱོར་བའི་ཚིག་ཏུ་འགྱུར་བ་ནི་དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་བདག་ལས་སྐྱེ་བ་མེད་པར་ངེས་ཏེ། ཡོད་པའི་ཕྱིར་དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན་ནོ། །ཞེས་དགག་བྱ་ལ་དོན་དམ་གྱི་སྒྲ་སྦྱར་ནས་གསུངས་པ་ནི་ཁས་ལེན་དང་བཅས་ཏེ་རྣམ་གྲངས་པའི་དོན་དམ་བསྟན་པའི་སྐབས་སོ། །དེས་ན་སློབ་དཔོན་ལེགས་ལྡན་གྱིས་རྩ་ཤེས་ལས་མཐའ་བཞིའི་སྤྲོས་བྲལ་བསྟན་པའི་གཞུང་དོན་འགྲེལ་བ་ན་ཚིག་གསལ་ལྟར་དུ་དགག་བྱ་ལ་དོན་དམ་གྱི་ཁྱད་པར་མ་སྦྱར་བར་འགྲེལ་ཚུལ་ཞིག་དང་དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་ནས་འགྲེལ་ཚུལ་གཉིས་རེ་ཡོད་པ་ནི་རིམ་བཞིན་ཐལ་འགྱུར་པ་དང་ཐུགས་ཀྱི་དགོངས་པ་གཅིག་དང་གསུང་གི་དབྱངས་གཅིག་གིས་ཁས་ལེན་ཀུན་བྲལ་རྣམ་གྲངས་མིན་པའི་དོན་དམ་གཏན་ལ་འབེབས་པའི་སྐབས་དང་། ཁས་ལེན་དང་བཅས་ཏེ་རྣམ་གྲངས་པའི་དོན་དམ་གཏན་ལ་འབེབས་པའི་སྐབས་ལགས་སོ།།

སྤྱིར་ཐལ་འགྱུར་པའི་སློབ་དཔོན་རྣམས་ཀྱིས་མཐའ་བཞིའི་སྤྲོས་བྲལ་ཇི་ལྟ་བ་བཞིན་གཏན་ལ་འབེབས་པ་ལ་རང་གཞན་ཐམས་ཅད་ཐུན་མོང་དུ་གྱུར་པས་འདིར་གཙོ་བོ་དབུ་མ་རང་རྒྱུད་པའི་སློབ་དཔོན་རྣམས་ཀྱིས་བདེན་སྟོང་མེད་དགག་དེ་ཉིད་དོན་དམ་མཐར་ཐུག་མིན་པ་དང་དོན་དམ་མཐར་ཐུག་མཐའ་བཞིའི་སྤྲོས་བྲལ་དུ་འདོད་པའི་ཚུལ་བརྗོད་པར་བྱ་སྟེ། དེ་ཡང་སློབ་དཔོན་ལེགས་ལྡན་གྱིས་ཤེས་རབ་སྒྲོན་མ་ལས།[22] དངོས་པོ་ཐམས་ཅད་བརྗོད་དུ་མེད་པར་མཐོང་བའི་བརྗོད་པར་བྱ་བ་ལྡོག་པས་ཏེ། བརྗོད་པ་འཇུག་པའི་རྒྱུ་མེད་པའོ་ཞེས་བྱ་བའི་ཐ་ཚིག་གོ །བརྗོད་པར་བྱ་བ་དེ་ཡང་ཇི་ལྟར་ལྡོག་པར་འགྱུར་ཞེ་ན། སེམས་ཀྱི་སྤྱོད་ཡུལ་ལྡོག་པའོ། །གང་གི་ཕྱིར་ཞེས་བྱ་བའི་ཚིག་གི་ལྷག་མའོ། །སེམས་ཀྱི་སྤྱོད་ཡུལ་ནི་སེམས་ཀྱི་ཡུལ་ཏེ། གཟུགས་ལ་སོགས་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དང་། སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་ལས།[23] ཆོས་ཐམས་ཅད་སྐྱེ་འགག་མེད་པར་རོ་གཅིག་པར་ཁོང་དུ་ཆུད་པར་བྱ་སྟེ། ཞེས་དང་། དེ་ཉིད་ལས། མཐོང་བ་མེད་པ་གང་ཡིན་པ་དེ་ཉིད་དེ་ཁོ་ན་མཐོང་བ་ཡིན་པས། ཞེས་གསུངས་པ་ལྟར་སེམས་ཀྱི་སྤྱོད་ཡུལ་ཐམས་ཅད་ལྡོག་པས་ཆོས་ཉིད་མཐར་ཐུག་མ་མཐོང་བའི་ཚུལ་གྱིས་མཐོང་བར་གསུངས་པ་ནི། སློབ་དཔོན་ཟླ་བས་ཚིག་གསལ་ལས་ཆོས་ཉིད་རྟོགས་ཚུལ་གསུངས་པ་དང་དབྱངས་གཅིག་གོ །གཞན་ཡང་སློབ་དཔོན་ཡེ་ཤེས་སྙིིང་པོས་བདེན་གཉིས་ལས།[24] ཡང་དག་སྐྱེ་བ་བཀག་པ་ཡིས། །ཡང་དག་པར་ན་སྐྱེ་མེད་འདོད། །ཅེས་རྣམ་གྲངས་པའི་དོན་དམ་བསྟན་ཅིང་། དེ་ཉིད་ལས།[25] སྐྱེ་ལ་སོགས་པ་བཀག་པ་ཡང་། །ཡང་དག་པ་དང་མཐུན་ཕྱིར་འདོད། །དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་ཏུ་ན་བཀག་མེད་གསལ། །ཞེས་དང་། དེའི་ཐད་ཀྱི་རང་འགྲེལ་ལས།[26] སྐྱེ་ལ་སོགས་པ་བཀག་པ་ཡང་། །ཡང་དག་པར་སྐྱེ་བ་ལ་སོགས་པར་རྟོག་པའི་དངོས་པོ་བཀག་པའི་གཏན་ཚིགས་ཀྱིས། ཡང་དག་པ་དང་མཐུན་ཕྱིར་འདོད། །དོན་དམ་པ་ཡིན་པར་ཁོ་བོ་ཅག་འདོད་དོ། །ཞེས་དང་། དེ་ཡང་རིགས་པས་དཔྱད་ན་ཀུན་རྫོབ་ཁོ་ན་སྟེ། ཅིའི་ཕྱིར་ཞེ་ན། དགག་བྱ་ཡོད་པ་མ་ཡིན་ཕྱིར། །ཡང་དག་ཏུ་ན་བཀག་མེད་གསལ། །དགག་བྱ་མེད་ན་བཀག་པ་མི་འབྱུང་བའི་ཕྱིར་ཏེ། ཡུལ་མེད་པའི་བཀག་པ་མི་རིགས་པའི་ཕྱིར་རོ། །ཞེས་དང་། མཁན་ཆེན་ཞི་འཚོས་དེའི་ཐད་ཀྱི་དཀའ་འགྲེལ་ལས།[27] སྐྱེ་བ་ལ་སོགས་པ་བཀག་པ་ཀུན་རྫོབ་ཁོ་ན་ཡིན་པའི་ཕྱིར་རོ། །ཞེས་སྐྱེ་བ་ལ་སོགས་པ་བཀག་པ་བདེན་སྟོང་མེད་དགག་དེ་ཡང་རིགས་པས་དཔྱད་ན་ཀུན་རྫོབ་ཡིན་པར་གསུངས་པས་དོན་དམ་མཐར་ཐུག་ཏུ་མི་བཞེད་པ་གསལ་བར་གྲུབ་བོ། །དེ་མཚུངས་དབུ་མ་རྒྱན་ལས་ཀྱང་། བདག་དང་གཞན་སྨྲས་དངོས་འདི་དག །ཡང་དག་ཏུ་ན་གཅིག་པ་དང་། །དུ་མའི་རང་བཞིན་བྲལ་བའི་ཕྱིར། །རང་བཞིན་མེད་དེ་གཟུགས་བརྙན་བཞིན། །ཞེས་རྣམ་གྲངས་པའི་དོན་དམ་བསྟན་ཅིང་། དེ་ཉིད་ལས།[28] དམ་པའི་དོན་དང་མཐུན་པའི་ཕྱིར། །འདི་ནི་དམ་པའི་དོན་ཞེས་བྱ། །ཡང་དག་ཏུ་ན་སྤྲོས་པ་ཡི། །ཚོགས་རྣམས་ཀུན་ལས་དེ་གྲོལ་ཡིན། །ཞེས་དང་། སྐྱེ་ལ་སོགས་པ་མེད་པའི་ཕྱིར། །སྐྱེ་བ་མེད་ལ་སོགས་མི་སྲིད། །དེ་ཡི་ངོ་བོ་བཀག་པའི་ཕྱིར། །དེ་ཡི་ཚིག་གི་སྒྲ་མི་སྲིད། །ཡུལ་མེད་པ་ལ་དགག་པ་ཡི། །སྦྱོར་བ་ལེགས་པ་ཡོད་མ་ཡིན། །རྣམ་པར་རྟོག་ལ་རྟེན་ན་ཡང་། །ཀུན་རྫོབ་པར་འགྱུར་ཡང་དག་མིན། །ཞེས་དང་། དེའི་རང་འགྲེལ་ལས།[29] ཀུན་རྫོབ་ཅེས་བྱ་བའི་རྣམ་པར་རྟོག་པའི་བློ་ལ་བརྟེན་པའི་ཕྱིར་མ་སྐྱེས་པ་ལ་སོགས་པ་ནི་ཀུན་རྫོབ་པར་འགྱུར་གྱི། ཞེས་དང་། དོན་དམ་པ་ནི་དངོས་པོ་དང་དངོས་པོ་མེད་པ་དང་། སྐྱེ་བ་དང་མི་སྐྱེ་བ་དང་། སྟོང་པ་དང་མི་སྟོང་པ་ལ་སོགས་པ་སྤྲོས་པའི་དྲ་བ་མཐའ་དག་སྤངས་པའོོ། །སྐྱེ་བ་མེད་པ་ལ་སོགས་པ་ནི་དེ་ལ་འཇུག་པ་དང་མཐུན་པའི་ཕྱིར་དོན་དམ་པ་ཞེས་ཉེ་བར་འདོགས་སོ། །ཞེས་དང་།

སློབ་དཔོན་ཀ་མ་ལ་ཤཱི་ལས་དཀའ་འགྲེལ་ལས།[30] སྐྱེ་བ་མེད་པ་ལ་སོགས་པ་རྣམ་པར་རྟོག་པ་ལ་བརྟེན་པ་ཉིད་དུ་ཁས་ལེན་ན་སྐྱེ་བ་མེད་པ་ལ་སོགས་པ་དེ་ཀུན་རྫོབ་ཡིན་གྱི་དོན་དམ་པ་ནི་མ་ཡིན་ཏེ། རྣམ་པར་རྟོག་པ་ལ་ཀུན་རྫོབ་ཀྱི་ངོ་བོ་ཡིན་པའི་ཕྱིར་དང་། རྣམ་པར་རྟོག་པའི་སྤྱོད་ཡུལ་ཡང་སྒྲོ་བཏགས་པའི་ངོ་བོ་ཡིན་པའི་ཕྱིར་ཇི་ལྟར་དོན་དམ་འགྱུར། ཞེས་སོགས་ཞི་འཚོ་ཡབ་སྲས་ཀྱིས་རྒྱ་ཆེར་གསུངས་པ་ལྟར་གནས་སྐབས་རྣམ་གྲངས་པའི་དོན་དམ་བསྟན་ཅིང་། དེ་ཡང་རྣམ་པར་རྟོག་པའི་བློའི་སྤྱོད་ཡུལ་ཡིན་པ་དང་། དོན་དམ་མཐར་ཐུག་བློའི་ཡུལ་ལས་འདས་པའི་རྣམ་གྲངས་མིན་པར་བཞེད་པ་ནི་གཞུང་རང་ལས་གསལ་བར་བསྟན་ཏོ། །ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་ལས།[31] སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་དང་། འཕགས་པ་ལྷ་དང་། ལེགས་ལྡན་འབྱེད་དང་། བུད་དྷ་པ་ལི་ཏ་ལ་སོགས་པ་ཐེག་པ་ཆེན་པོ་དབུ་མ་པའི་ལམ་སྨྲ་བ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བསྟན་པ་ཡིན་ནོ། །ཞེས་དང་། མ་ཟད་རང་རྒྱུད་པས་མཐར་ཐུག་སྤྲོས་བྲལ་གཏན་ལ་འབེབས་སྐབས་རང་ངོར་ཁས་ལེན་གང་ཡང་མེད་པ་ཡང་། མཁན་ཆེན་ཞི་འཚོས་དབུ་མ་རྒྱན་ལས། ཡོད་དང་མེད་དང་ཡོད་མེད་ཅེས། །ཁས་མི་ལེན་པ་གང་ཡིན་པ། །དེ་ལ་ནན་ཏན་ལྡན་པས་ཀྱང་། །ཅིར་ཡང་ཀླན་ཀ་བྱ་མི་ནུས། །ཞེས་དང་། བདེན་གཉིས་དཀའ་འགྲེལ་ལས།[32] དབུ་མ་པ་ནི་བྱས་ཤིང་འགོག་པ་སྨྲ་བ་ནི་མ་ཡིན་གྱི། འོན་ཀྱང་ཕ་རོལ་པོས་ཕྱོགས་གང་ཁས་ལེན་པ་དེ་ཁོ་ན་འགོག་པ་སྨྲའོ། །ཇི་སྟེ་ཕ་རོལ་པོ་ཕྱོགས་འགའ་ཡང་ཁས་མི་ལེན་ན་ནི། དབུ་མ་པ་འགོག་པ་ཡང་ཅི་ཡང་མི་སྨྲ་བ་ཉིད་དོ། །ཞེས་རང་རྒྱུད་པའི་ཤིང་རྟ་རྣམས་ཀྱིས་ཁས་ལེན་ཀུན་བྲལ་གྱི་ལྟ་བ་གསལ་བར་གསུངས་པ་མངོན་སུམ་དབང་པོའི་ཡུལ་དུ་གྱུར་པ་ལ་བསྙོན་དུ་མེད་དོ།།

འོ་ན་དབུ་མ་རང་རྒྱུད་པས་རྣམ་གྲངས་པའི་དོན་དམ་རྩལ་དུ་བཏོན་ནས་བཤད་པ་ལ་དགོས་པ་གང་ཡོད་ཅེ་ན། དགོས་པ་གཉིས་ཀྱིས་ལན་འདེབས་པར་སྤྲོ་སྟེ། དང་པོ་ནི། སྤྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་གདུལ་བྱ་འདུལ་བའི་དོན་དུ་བསམ་བཞིན་སྲིད་པ་བཟུང་བ་ཤ་སྟག་ཡིན་པས་ན་འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་རྣམས་ཀྱང་གདུལ་བྱ་རྗེས་སུ་གཟུང་བར་བྱ་བའི་ཆེད་དུ་ཐེག་པ་ཆེན་པོའི་ལམ་སྲོལ་ཟབ་རྒྱས་ཀྱི་ཚུལ་མཐའ་དག་ཕྱེ་བ་གོར་མ་ཆགས་ལ། ལམ་སྲོལ་དེའི་རྗེས་སུ་འཇུག་པའི་གདུལ་བྱ་རྣམས་ཀྱི་དབང་པོ་ལའང་རྣོ་རྟུལ་གྱི་ཁྱད་པར་ཆེ་བར་བརྟེན། རིམ་ཅན་པ་རྣམས་ལ་མཐའ་བཞིའི་སྤྲོས་པ་རིམ་གྱིས་འགོག་ཅིང་ཁས་ལེན་དང་བཅས་ཏེ་རྣམ་གྲངས་པའི་དོན་དམ་རྩལ་དུ་བཏོན་ནས་གསུངས་པ་དང་། ཅིག་ཅར་བ་རྣམས་ལ་དང་པོ་ཉིད་ནས་སྤྲོས་པ་ཐམས་ཅད་ཅིག་ཅར་དུ་འགོག་ཅིང་ཁས་ལེན་ཀུན་བྲལ་སྣང་སྟོང་ཟུང་འཇུག་རྣམ་གྲངས་མ་ཡིན་པའི་ཆོས་ཉིད་མཐར་ཐུག་གཏན་ལ་འབེབས་པའོ།།

གཉིས་པ། དེ་ཡང་འཇམ་མགོན་བླ་མས་དབུ་མ་རྒྱན་འགྲེལ་ལས།[33] མདོར་ན་ཐལ་རང་གི་སྲོལ་འདི་དག་རྗེས་ཐོབ་བདེན་གཉིས་སོ་སོར་སྣང་བའི་སྐབས་དང་། མཉམ་གཞག་བདེན་གཉིས་རོ་མཉམ་པའི་གནས་སྐབས་ལ་རྩལ་འདོན་མཛད་པ་ཙམ་དུ་གོ་བ་ནི་ཤིན་ཏུ་འགངས་ཆེ་ཞིང་དོན་ཆེ་བ་ཡིན་ནོ། །ཞེས་གསུངས་པ་ལྟར་དབུ་མའི་ལྟ་བ་མཐར་ཐུག་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱི་གཟིགས་སྣང་དང་མཐུན་པ་ཐལ་འགྱུར་ལྟར་དུ་ཡིན་ཡང་། དེའི་རྗེས་ཐོབ་བདེན་གཉིས་ཚད་མའི་ཡིན་ལུགས་དབུ་མ་རང་རྒྱུད་པ་ལྟར་གནས་པ་ལགས་པས་འཕགས་པའི་མཉམ་རྗེས་གཉིས་ཀྱི་གཟིགས་པ་སོ་སོར་རྩལ་འདོན་མཛད་དེ་ཐེག་པ་ཆེན་པོའི་ཟབ་པའི་ཚུལ་མཐའ་དག་གསལ་བར་བྱས་པའི་དགོས་པ་བཅས་སོ།།

མདོ་སྙིང་པོར་དྲིལ་ན། ཀུན་མཁྱེན་མི་ཕམ་པས་སྟོང་ཐུན་ཆེན་མོ་སེང་གེའི་ང་རོ་ལས།[34] སྟོན་པ་བདེ་བར་གཤེགས་པས་གསུང་གི་སྐབས་ལ་ལར་སྟོང་པ་ཉིད་བསྟན་པའི་སྒོ་ནས་བདེ་གཤེགས་སྙིང་པོའི་ངོ་བོ་གསལ་བར་མཛད། ལ་ལར་སྟོབས་སོགས་ཀྱི་ཡོན་ཏན་ཡེ་ལྡན་དུ་བསྟན་པའི་ཆ་ནས་བདེ་གཤེགས་སྙིང་པོའི་རང་བཞིན་གསལ་བར་མཛད་དེ། ཞེས་གསུངས་པ་ལྟར་དོན་ལ་སྟོན་པ་བདེ་བར་གཤེགས་པས་ངེས་དོན་དུ་གསུངས་པའི་བཀའ་འཁོར་ལོ་བར་མཐའ་གཉིས་ཀ་སྦྲང་རྩི་དང་བུ་རམ་རོ་གཅིག་པ་ལྟར་འགལ་མེད་གནད་གཅིག་ཏུ་གོ་ཐུབ་ན་ཐེག་ཆེན་གྱི་ཤིང་རྟ་ཆེན་པོ་རྣམས་མཐར་ཐུག་དགོངས་པ་གཅིག་ཡིན་པར་ཤེས་ཐུབ་པ་དང་། ཐལ་རང་གི་ཤིང་རྟ་ཆེན་པོ་རྣམས་ཀྱང་བདེ་གཤེགས་སྙིང་པོའི་ངོ་བོ་སྟོང་ཆ་དེ་ཉིད་རིམ་དང་ཅིག་ཅར་གྱིས་གཏན་ལ་འབེབས་ཚུལ་སོགས་ཀྱིས་མཐར་ཐུག་གི་གནད་གཅིག་ཏུ་གོ་ཞིང་། དེ་བཞིན་གཤེགས་པའི་བསྟན་པ་ཐམས་ཅད་ལམ་རྣམ་དག་དང་དེ་གསལ་བར་བྱས་པའི་འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་ཐམས་ཅད་ཀྱང་དགོངས་པ་གཅིག་ཏུ་བབས་པར་ཤེས་ནུས་པ་ནི་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་ལེགས་བཤད་སེངྒེའི་ང་རོ་ལས་གཟོད་རྟོགས་ཐུབ་པའོ།།

བཞི་པ་འཕྲོས་དོན་སྣང་ཙམ་དགག་བྱར་བསྟན་པ་ལ། སྣང་ཙམ་དགག་བྱ་མ་ཡིན་པའི་གཞན་ལུགས་མདོ་ཙམ་བརྗོད་པ་དང་། རང་ལུགས་ལུང་རིགས་གཉིས་ཀྱིས་སྣང་ཙམ་དགག་བྱར་བསྟན་པ་གཉིས་ལས།

དང་པོ། དབུ་མ་དགོངས་པ་རབ་གསལ་ལས།[35] བུམ་པ་བུམ་པས་སྟོང་ན་བུམ་པ་ལ་བུམ་པ་མེད་དགོས་ན། རང་ལ་རང་མེད་ན་གཞན་སུ་ལ་ཡང་མེད་པས་བུམ་པ་གཏན་མེད་པར་འགྱུར་རོ། །ཞེས་དང་། བྱང་ཆུབ་ལམ་རིམ་ལས།[36] ཧ་ཅང་ཐལ་ཆེས་ནས་དགག་པར་བྱ་བའི་ཚོད་མ་ཟིན་པར་བཀག་ན་ནི་རྒྱུ་འབྲས་རྟེན་འབྲེལ་གྱི་རིམ་པ་སུན་ཕྱུང་བས་ཆད་པའི་མཐར་ལྟུང་ཞིང་ལྟ་བ་དེ་ཉིད་ཀྱིས་ངན་འགྲོར་འཁྲིད་པར་བྱེད་དོ། །ཞེས་གསུངས་པ་ལྟར་དབུ་མའི་དོན་དཔྱོད་རིགས་པ་དག་གིས་ཆོས་རྣམས་རང་བཞིན་གྱིས་གྲུབ་པའི་ཡོད་པ་འགོག་པ་ལས། ཆོས་རྣམས་གདོད་ནས་མེད་པར་འགོག་པ་མིན་ཞིང་། དོན་དཔྱོད་ཀྱི་ངོར་ཐ་སྙད་ཙམ་དུ་མ་རྙེད་པ་ནི་ཆོས་དེ་མ་རྙེད་པ་ཡིན་གྱིས་མེད་པར་རྙེད་པ་མིན་ཞེས་པ་སྟེ། དོན་དམ་དཔྱོད་པའི་ངོར་ཆོས་གང་ཡང་མ་རྙེད་ཀྱང་རིགས་པ་དེའི་ངོར་མ་རྙེད་པ་དེས་ཐ་སྙད་ཀྱི་ཆོས་རྣམས་ཁེགས་པའི་དོན་དུ་མི་འགྲོ་བར་གསུངས་སོ། །མདོར་ན་སྔ་འགྱུར་བའི་གཞུང་ནས་བསྟན་པའི་དབུ་མ་རང་རྒྱུད་པས་རྣམ་གྲངས་པའི་དོན་དམ་གཏན་ལ་འབེབས་པའི་སྐབས་ཀྱི་རིགས་པ་དང་གཅིག་མཚུངས་སུ་སྣང་ངོ་།།

གཉིས་པ་རང་ལུགས་ལུང་རིགས་གཉིས་ཀྱིས་སྣང་ཙམ་དགག་བྱར་བསྟན་པ་ལས་དང་པོ་ལུང་གིས་སྒྲུབ་པ་ནི།

སྟོན་པ་བཅོམ་ལྡན་འདས་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས།[37] གཟུགས་གཟུགས་ཀྱིས་སྟོང་སྟེ། གཟུགས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་གཟུགས་མ་ལགས། གཟུགས་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། གཟུགས་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་གཟུགས་སོ། །ཞེས་དང་། མདོ་དེ་ཉིད་ལས།[38] ཉན་ཐོས་ཀྱི་ས་ནས་འབྱུང་བ་མ་ཡིན་ནོ། །རང་སངས་རྒྱས་ཀྱི་ས་ནས་འབྱུང་བ་མ་ཡིན་ནོ། །དེ་དག་ནི་ཡིད་མི་ཆེས་པ་སྟེ། ཇི་ལྟར་ཡིད་མི་ཆེས་ཤེ་ན། གཟུགས་གཟུགས་ཀྱིས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ། །ཞེས་དང་།[39] ཡང་མདོ་དེ་ཉིད་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་གཟུགས་གཟུགས་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །ཞེས་དང་། དེ་ཉིད་ལས།[40] གཟུགས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་གཟུགས་སོ། །ཞེས་དང་། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས།[41] བྱིས་པའི་བློ་ཅན་མཚན་མར་འཛིན་པ་དག །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་དང་། ཤེར་ཕྱིན་སྟོང་ཕྲག་ཉི་ཤུ་ལྔ་པ་ལས།[42] གཟུགས་གཟུགས་ཀྱིས་སྟོང་ཞེས་བྱ་བར་མི་དད་དོ། །བྱང་ཆུབ་ཀྱི་བར་དུ་བྱང་ཆུབ་ཀྱིས་སྟོང་ཞེས་བྱ་བར་མི་དད་དོ། །དེ་དག་ནི་གནས་པ་མ་ཡིན་ནོ། །ཇི་ལྟར་གནས་པ་མ་ཡིན་ཞེ་ན། ཞེས་སོགས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མ་ཡིན། ཕྱིར་མི་ལྡོག་པའི་ས་ལ་གནས་པ་མ་ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་ལ་གནས་པ་མ་ཡིན་ནོ། །དེ་དག་ནི་མངོན་པར་ཞེན་པ་ཡིན་ནོ། །ཇི་ལྟར་མངོན་པར་ཞེན་པ་ཡིན་ཞེ་ན། གཟུགས་ལ་མངོན་པར་ཞེན་པ་ཡིན། ཞེས་དང་། རིགས་པ་དྲུག་ཅུ་པའི་འགྲེལ་པ་ལས།[43] ཅི་སྐྱེ་བ་ངོ་བོ་ཉིད་ཀྱིས་མེད་ཀྱང་བླ་སྟེ་ཐ་སྙད་དུ་གཟུགས་སྐྱེས་སོ། །ཚོར་བ་སྐྱེས་སོ་ཞེས་བྱ་བས་སྐྱེ་བ་ཡོད་དོ་སྙམ་དུ་སེམས་ན་ནི་ཀྱེ་མ་ལམ་ལོག་པར་སོང་དུ་གདོན་མི་ཟའོ། །ཞེས་དང་། དབུ་མ་རྩ་བ་ཤེས་རབ་ལས།[44] འབྱུང་བ་དང་ནི་འཇིག་པ་དག །མཐོང་ངོ་སྙམ་དུ་ཁྱོད་སེམས་ན། །འབྱུང་བ་དང་ནི་འཇིག་པ་དག །གཏི་མུག་ཉིད་ཀྱིས་མཐོང་བ་ཡིན། །ཞེས་དང་། དངོས་པོ་ཡོད་པར་ཁས་བླངས་ན། །རྟག་དང་ཆད་པར་ལྟ་བ་ནི། །ཐལ་བར་འགྱུར་ཏེ། ཞེས་དང་། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་[45]ཤེས་རབ་སྒྲོན་མ་ལས་འཕགས་པ་དཀོན་མཆོག་བརྩེགས་པའི་མདོའི་ལུང་དྲངས་ཏེ། སྟོང་པ་ཉིད་ཀྱིས་ཆོས་རྣམས་སྟོང་པར་མི་བྱེད་ཀྱི། འདི་ལྟར་ཆོས་རྣམས་སྟོང་པའོ། །ཞེས་གཟུགས་གཟུགས་ཀྱིས་སྟོང་པར་གསུངས་པ་ལ་སོགས་ངེས་དོན་གྱི་མདོ་སྡེ་དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས་ཚད་ལྡན་དག་གི་ལུང་ཚིག་ཤིན་ཏུ་མང་བས་འདིར་མ་བཀོད་ལ་འདི་ཙམ་གྱིས་ཀྱང་གསལ་བར་གྲུབ་ངེས་སོ། །གལ་ཏེ་ལུང་ཚིག་དེ་རྣམས་སྒྲ་ཇི་བཞིན་པ་མ་ཡིན་པར་བཤད་ན་ནི་སློབ་དཔོན་ཟླ་བས། སྟོང་ཉིད་དོན་ཅན་ངེས་དོན་ཤེས་པར་གྱིས། །ཞེས་གསུངས་པའི་ལུགས་དང་རྒྱང་རིང་བར་གྱུར་ཏེ། བཀའ་བར་པ་ངེས་དོན་གྱི་མདོ་དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས་དག་གི་དངོས་བསྟན་མཐར་ཐུག་ཡིན་པའི་ཕྱིར་རོ།།

གཉིས་པ་སྣང་ཙམ་དགག་བྱར་རིགས་པས་སྒྲུབ་པ་ལ། ཕྱོགས་ཆ་བརྟག་པའི་རིགས་པས་སྒྲུབ་པ་དང་། ཐུན་མོང་བལྟ་བྱའི་རིགས་པས་སྒྲུབ་པ་གཉིས་ལས།

དང་པོ་ཕྱོགས་ཆ་བརྟག་པའི་རིགས་པས་སྒྲུབ་པ་ནི། སློབ་དཔོན་དབྱིག་གཉེན་ཞབས་ཀྱིས་ཉི་ཤུ་པ་ལས།[46] དྲུག་གིས་ཅིག་ཅར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ནི་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། ། ཞེས་དང་། དབུ་མ་རྒྱན་ལས།[47] དབུས་གནས་རྡུལ་ཕྲན་རྡུལ་གཅིག་ལ། །བལྟས་པའི་རང་བཞིན་གང་ཡིན་པ། །རྡུལ་ཕྲན་གཞན་ལ་ལྟ་བ་ཡང་། །དེ་ཉིད་གལ་ཏེ་ཡིན་བརྗོད་ན། །དེ་ལྟ་ཡིན་ན་དེ་ལྟ་བུ། །ས་ཆུ་ལ་སོགས་རྒྱས་འགྱུར་རམ། །ཞེས་སོགས་གསུངས་པ་ལྟར་བུམ་པ་ལྟ་བུ་ཞིག་ལ་མཚོན་ནས་ཞུ་ན། ལྟོ་ལྡིར་བ་ཞབས་ཞུམ་པ་སོགས་ཀྱི་མཚན་ཉིད་དེ་ལྡན་གྱི་བུམ་པ་གྲུབ་པ་ལ་ལྟོ་ལྡིར་བ་དང་ཞབས་ཞུམ་པ་སོགས་རེ་རེ་ནས་གྲུབ་དགོས་ཀྱི་ལྟོ་ལྡིར་བའི་ཆ་ཤས་གཅིག་མ་ཚང་ཡང་བུམ་པ་གྲུབ་མི་ནུས་ལ། ལྟོ་ལྡིར་བ་རང་ལ་ཡང་ཕྱོགས་བཞི་ལས་ཤར་ཕྱོགས་ལྟ་བུ་རེ་རེ་ནས་མ་གྲུབ་པ་ལ་ལྟོ་ལྡིར་བའི་གོང་བུ་ཡང་གྲུབ་མི་ནུས་ཤིང་། དེའི་ཤར་ཕྱོགས་ལྟ་བུ་གཅིག་ལ་མཚོན་ནའང་དེའི་སྟེང་འོག་རེ་རེ་ནས་མ་གྲུབ་པ་ལ་དེའི་ཕྱོགས་ཆ་ཚང་བ་འཇོག་མི་ནུས་པ་དེ་ལྟར་མཐར་གཏུགས་ན་བུམ་པ་གྲུབ་པ་ལ་དེའི་རྡུལ་ཕྲན་ཕྲ་མོ་ནས་གྲུབ་དགོས་པ་ཞིག་འགྱུར་ལ། དེ་ལྟའི་རྡུལ་ཕྲ་མོ་དེ་ལ་ཕྱོགས་ཆ་བརྟག་པའི་རིགས་པས་དཔྱད་ན། དབུས་ཀྱི་རྡུལ་དེ་ལ་ཕྱོགས་བཞིའི་རྡུལ་ཚོགས་པ་ན་ཤར་ཕྱོགས་ལ་ལྟ་བའི་དབུས་རྡུལ་གྱི་ངོས་དེ་ལྷོ་ཕྱོགས་ལ་ལྟ་བའི་དབུས་རྡུལ་གྱི་ངོས་དེ་ཡིན་ན་ནི་ཕྱོགས་བཞིའི་རྡུལ་ཇི་ཙམ་ཚོགས་ཀྱང་རྡུལ་ཕྲན་ཉིད་ལས་རགས་པར་གྲུབ་མི་ནུས་ལ། གལ་ཏེ་ཕྱོགས་སོ་སོ་ལ་ལྟ་བའི་ངོས་སོ་སོར་གྲུབ་ན་ནི་རྡུལ་ཕྲན་ཆ་མེད་མི་རུང་ཞིང་། དེ་ལྟར་རྡུལ་རང་ངོས་ནས་ཕྲ་བའི་མཐར་ཐུག་པ་ཞིག་ལ་དཔྱད་པ་གོང་ལྟར་སོང་ན་ཆ་མེད་པའི་རྡུལ་ཞིག་གྲུབ་མི་སྲིད་པའི་མཐའ་སྟོང་པ་ལ་ཐུག་པ་ནི་ཐ་སྙད་དུའང་དེ་ལྟའི་རྡུལ་ཞིག་མ་གྲུབ་པའི་རྒྱུ་མཚན་གྱིས་ཡིན་པར་སོང་བས་རིགས་པས་བརྟགས་ཤིང་དཔྱད་ཚེ་རྡུལ་ཕྲ་རབ་ཞིག་དོན་དམ་པར་གྲུབ་པ་ལྟ་ཅི། ཐ་སྙད་དུའང་མེད་པར་ངེས་ནུས་པ་ནི་ཐ་སྙད་ཙམ་དུའང་སྣང་བའི་ངང་ཚུལ་འདི་མེད་པའི་རྒྱུ་མཚན་གྱིས་ཡིན་ནོ།།

གཉིས་པ་ཐུན་མོང་བལྟ་བྱའི་རིགས་པས་སྣང་ཙམ་འགོག་ཚུལ་ནི། དེ་ཡང་འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལས།[48] ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། ཉི་མ་དང་ཟླ་བ་ཡོངས་སུ་མ་དག་གམ་ཅི་ན་དམུས་ལོང་དག་གིས་མི་མཐོང་། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །དེ་ནི་དམུས་ལོང་གིས་ནོངས་ཀྱི་ཉི་མ་དང་ཟླ་བས་ནི་མ་ནོངས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་དེ་བཞིན་དུ་སེམས་ཅན་ལ་ལས་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་རྒྱན་བཀོད་པ་མི་མཐོང་བ་དེ་ནི་སེམས་ཅན་རྣམས་ཀྱིས་མི་ཤེས་པས་ཉེས་ཀྱི་དེ་ལ་དེ་བཞིན་གཤེགས་པས་ཉེས་པ་ནི་མ་ཡིན་ནོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་ནི་ཡོངས་སུ་དག་མོད་ཀྱི་ཁྱོད་ཀྱིས་དེ་མི་མཐོང་ངོ་། །དེ་ནས་ཚངས་པ་རལ་པ་ཅན་གྱིས་གནས་བརྟན་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རིའི་བུ་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་མ་དག་གོ་ཞེས་མ་ཟེར་ཅིག །ཅེས་དང་།

ཀུན་མཁྱེན་རོང་ཟོམ་ཆེན་པོས་སྣང་བ་ལྷར་སྒྲུབ་ལས།[49] ཆོས་ཐམས་ཅད་སྒྱུ་མ་ཙམ་དུ་སྣང་བའི་ངོར་ཡང་འགྲོ་བ་ཕལ་པ་ལ་སྣང་བ་ལྟར། ལུས་དང་ངག་དང་ཡིད་ཀྱིས་བསྡུས་པའི་ལུས་དང་སྤྱོད་ཡུལ་དུ་སྣང་བ་འདི་དག་སྡུག་བསྔལ་གྱི་རང་བཞིན། ཉོན་མོངས་པ་སྐྱེ་བའི་གནས་ཀྱི་མཚན་ཉིད་ཁོ་ན་མ་ཡིན་ཏེ། གང་ཟག་དག་པ་རྣམས་ལ་སྣང་བ་བཞིན་དུ། སྐུ་གསུང་ཐུགས་རྡོ་རྗེས་བསྡུས་པ་ཞིང་དང་སྤྱོད་ཡུལ་ཡོངས་སུ་དག་པའི་བདག་ཉིད་དུ་སངས་རྒྱས་པའི་མཚན་ཉིད་ཀྱང་ཡིན་ཏེ། སེམས་ཀྱི་རྣམ་པ་སྣང་བ་ཡིན་པའི་ཕྱིར། དངོས་གྲུབ་དམ་པ་ཐོབ་པ་རྣམས་ལ་ལྷར་སྣང་བ་དང་། ཐ་མལ་པ་ལ་བུམ་པ་དང་ཀ་བ་ལ་སོགས་པར་སྣང་བ་བཞིན་ནོ། །ཞེས་སོགས་ཀྱིས་སྐབས་ནས་གསུངས་པ་ལྟར་དཔེ་བརླན་གཤེར་ཕོར་པ་གང་ལ་མཚོན་ནས་ཞུ་ན། ཡི་དྭགས་ཀྱིས་རྣག་ཁྲག་དང་མིས་ཆུ། ལྷས་བདུད་རྩི་མཐོང་བ་ལྟ་བུ་རང་རང་གི་ལས་སྣང་སྣ་ཚོགས་པའི་དབང་གིས་སྣང་བ་ཐ་དད་པར་སྣང་བ་ལས་གལ་ཏེ་སྣང་བའི་ཆོས་ཤིག་ཡུལ་ལ་ཡོད་ན་རྣག་དང་ཆུ་སོགས་གང་རུང་གི་ངོ་བོར་ཡོད་དགོས་ཀྱང་དེ་འདྲའི་ཡུལ་གཅིག་འཇོག་མི་ཐུབ་པ་ནི་དོན་གྱི་སྟེང་ནས་སྣང་བའི་ཆོས་ཤིག་མེད་པས་ཡིན་པར་གྲུབ་བོ། །དེས་ན་འཇམ་མགོན་བླ་མས་དམ་ཆོས་དོགས་སེལ་ལས།[50] བདག་གིས་ནི་དོན་དམ་དཔྱོད་པའི་རིགས་པ་དེས་བདེན་པ་གཉིས་ཆར་དུ་ཡང་མ་སྐྱེས་པ་དང་མེད་པར་གཞལ་ཞེས་འདོད་དེ། ཞེས་རྒྱབ་རྟེན་འཇུག་པའི་ལུང་དྲངས་ནས་གསུངས་པ་ལྟར་མཐར་ཐུག་དཔྱོད་པའི་རིགས་པའི་དཔྱད་ངོར་མ་གྲུབ་པ་དེས་ཐ་སྙད་དུའང་སྣང་བའི་ངང་ཚུལ་ཐམས་ཅད་ཁེགས་པ་ལགས་སོ། །ད་དུང་སྣང་ཙམ་འགོག་བྱེད་ཀྱི་རིགས་པ་ལ་ལྟོས་གྲུབ་ཀྱི་རིགས་པ་དང་། རྟོན་པ་བཞི་གོ་ལྡོག་ཏུ་ཐལ་བའི་རིགས་པ་སོགས་མང་ཡང་ཡི་གེས་འཇིགས་ཏེ་མ་བྲིས་སོ།།

འོ་ན་ཀུན་རྫོབ་ཀྱི་སྣང་བ་འདི་ཀུན་མ་གྲུབ་ན་བདེན་བཞི་དང་ལས་འབྲས་ལ་སྐུར་འདེབས་ཀྱི་ལམ་དུ་གྱུར་པས་ངན་སོང་སྐྱེ་བའི་རྒྱུར་གྱུར་རོ་ཞེ་ན། མ་ཡིན་ཏེ། སློབ་དཔོན་ཟླ་བས་དབུ་མ་འཇུག་པ་ལས།[51] འདི་ན་ཇི་ལྟར་སད་བཞིན་ཇི་སྲིད་དུ། །མ་སད་དེ་སྲིད་དེ་ལ་གསུམ་པོ་ཡོད། །སད་པར་གྱུར་ན་གསུམ་ཆར་ཡོད་མིན་ལྟར། །གཏི་མུག་གཉིད་སད་ལས་དེ་དེ་བཞིན་ནོ། །དབང་པོ་རབ་རིབ་བཅས་པས་བློ་གང་གིས། །རབ་རིབ་མཐུ་ལས་སྐྲ་རྣམས་གང་མཐོང་བ། །དེ་བློ་ལ་ལྟོས་གཉིས་ཆར་བདེན་པ་སྟེ། །དོན་གསལ་མཐོང་ལ་གཉི་གའང་རྫུན་པ་ཡིན། །ཞེས་དང་། ལྟ་བ་ཡང་དག་སྒྲོན་མ་ལས།[52] རྨི་ལམ་དག་གི་བདེ་དང་སྡུག་བསྔལ་ཡང་། །སད་པར་གྱུར་ན་རང་བཞིན་མཉམ་པ་ལྟར། །རྣམ་པར་རྟོག་དང་མི་རྟོག་གཉི་གའང་། །ཤེས་པས་རིག་ན་རང་བཞིན་ཡོངས་ཀྱིས་མཉམ། །ཞེས་གསུངས་པ་ལྟར་མ་རིག་པའི་གཉིད་མཐུག་འདི་ནམ་གནས་ཀྱི་བར་སྣང་བ་འགོག་མེད་དུ་ཤར་ཞིང་དེའི་ངོར་ལས་འབྲས་ལ་སོགས་པ་ཐམས་ཅད་ཀྱང་བསླུ་མེད་དུ་འབྱུང་ཡང་། སྣང་བ་འདི་དག་དངོས་སུ་ཡོད་པའི་དབང་གིས་སྣང་བ་མ་ཡིན་པར་མ་རིག་པའི་འཁྲུལ་རྒྱུའི་རྐྱེན་གྱིས་སྣང་ཞིང་། ནམ་མ་རིག་པའི་གཉིད་ལས་སངས་ཚེ་མ་རིག་པ་དེའི་དབང་གིས་སྣང་བའི་འཁྲུལ་སྣང་བདེན་བདེན་པོ་འདི་ཀུན་ནུབ་པར་གྱུར་པ་ནི་ཉི་མ་ཤར་བས་མུན་པ་སེལ་བ་ཇི་བཞིན་ནོ། །དེས་ན་སྣང་བ་སྣ་ཚོགས་པ་འདི་དག་མེད་སྣང་གློ་བུར་བ་ཙམ་ལས་མ་གྲུབ་བོ།།

གཞན་ཡང་སྣང་ཙམ་ཆོས་ཅན། རིགས་པའི་དགག་བྱ་ཡིན་ཏེ། བདག་འཛིན་གྱི་རྟེན་ཡིན་པའི་ཕྱིར་ཏེ། སྣང་བའི་ངང་ཚུལ་དེ་ལ་དམིགས་ཏེ་ཆགས་སོགས་ཉོན་མོངས་ཅི་རིགས་བྱུང་ཞིང་ཕྱི་མའི་རྣམ་ཤེས་འཕེན་བྱེད་ཀྱི་ལས་གསོག་པའི་ཕྱིར་དང་། རྣམ་འགྲེལ་ལས་ཀྱང་། འདི་ཡུལ་སུན་ཕྱུང་མེད་པར་ནི། །དེ་སྤོང་བ་ནི་ནུས་མ་ཡིན། །ཞེས་པས་ཀྱང་གསལ་བར་ངེས་སོ། །འོ་ན་འཇམ་མགོན་བླ་མ་མི་ཕམ་པས་རྒྱན་གྱི་སྤྱི་དོན་ལས།[53] མདོར་ན་མཐུན་སྣང་གི་དངོས་པོ་འདི་ཙམ་དགག་པའི་དབུ་མ་པ་སུ་ཡང་མེད་ལ། ཞེས་གསུངས་པ་དང་འགལ་ལོ་སྙམ་ན། མི་འགལ་ཏེ། དེའི་དོན་བོད་སྤྲུལ་རིན་པོ་ཆེས་ལྟ་གྲུབ་ཤན་འབྱེད་ཀྱི་རང་འགྲེལ་ལས་འདི་ལྟར་གསུངས་ཏེ།[54] ཆོས་ཅན་ཀུན་རྫོབ་ཀྱི་སྣང་བ་ཐམས་ཅད་དོན་དམ་སྟོང་པ་ཆེན་པོའི་ངོར་མ་གྲུབ་པར་ངེས་པའི་སྒོ་ནས་གང་སྣང་བའི་ཆོས་འདི་དག་ཀུན་རྫོབ་སྒྱུ་མ་ལྟ་བུར་ངེས་ཟིན་ན། ད་དུང་ཡང་དོན་དཔྱོད་ཚད་མའི་རིགས་ཤེས་ཀྱིས་དེ་ལས་གཞན་པའི་བདེན་གྲུབ་ཀྱང་འགོག་ཏུ་མེད་ཅིང་སྟོང་པ་རྟེན་འབྱུང་དུ་ངེས་ཟིན་པའི་སྣང་བའི་ངང་ཚུལ་ཡང་འགོག་པར་བྱེད་པ་མ་ལགས་སོ། །གལ་ཏེ་ཀུན་རྫོབ་ཐ་སྙད་ཙམ་དུ་ཡང་ཐ་སྙད་དཔྱོད་པའི་རིགས་ཤེས་ཀྱིས་ལས་རྒྱུ་འབྲས་སོགས་སྣང་བའི་ངང་ཚུལ་འགོག་པར་བྱེད་ན་ནི་མེད་པར་ལྟ་བ་ཆེན་པོར་གྱུར་པ་ལགས་སོ། །ཞེས་གསུངས་པ་ལྟར་རོ། །གཞན་ཡང་འཇུག་པ་ལས།[55] རིགས་དེས་ཐ་སྙད་དུའང་རིགས་མིན་ན། །ཁྱོད་ཀྱི་སྐྱེ་བ་གང་གི་ཡིན་པར་འགྱུར། །ཞེས་སོགས་ནས་གསུངས་པ་ལྟར་སྣང་ཙམ་པོ་དེ་ཡང་དགག་བྱ་མ་ཡིན་པར་འདོད་ན་ངེས་དོན་གྱི་མདོ་དང་བསྟན་བཅོས་ཚད་ལྡན་དག་གིས་ལུང་དང་རིགས་པ་བརྒྱ་ཕྲག་གི་འཕྲང་ལས་ནམ་ཡང་བརྒལ་དཀའ་བར་སེམས་སོ།།

འདིར་སྨོན་པ།

ཀུན་ཁྱབ་མཁའ་ལ་ཕྲིན་ལས་ཉིན་མོར་བྱེད། །འཆར་ནུབ་ཡོངས་བྲལ་ཕན་བདེའི་སྣང་བ་ཅན།།
བསྟན་འགྲོའི་པད་ཚལ་རྒྱས་པའི་ཉེར་འཚོ་མཆོག །བསྐལ་པ་རྒྱ་མཚོར་རབ་ཏུ་གསལ་གྱུར་ཅིག།


[1]  སེར་སྨད་དཔེ་མཛོད་པར་མ། དེབ་གཟུགས། སྟོད་ཆ། ཤོག་གྲངས། ༧༢ པར་གསལ།

[2]  སེར་བྱེས་པར་མ། དེབ་གཟུགས། ཤོག་གྲངས། ༡༣༠ པར་གསལ།

[3]  སེར་སྨད་དཔེ་མཛོད་པར་མ། སྟོད་ཆ། དེབ་གཟུགས། ཤོག་གྲངས། ༢༠༠ པར་གསལ།

[4]  སེར་བྱེས་པར་མ། དེབ་གཟུགས། ཤོག་གྲངས། ༡༦༢ པར་གསལ།

[5]  སེར་བྱེས་པར་མ། དེབ་གཟུགས། ཤོག་གྲངས། ༨༡ པར་གསལ།

[6]  ནི་ཏཱརྠ་ཤེས་རིག་དཔེ་སྐྲུན་ཁང་། འཕྲུལ་དེབ། ཤོག་གྲངས། ༤༡༥ པར་གསལ།

[7]  ནི་ཏཱརྠ་ཤེས་རིག་དཔེ་སྐྲུན་ཁང་། འཕྲུལ་དེབ། ཤོག་གྲངས། ༣༨༦ པར་གསལ།

[8]  ནི་ཏཱརྠ་ཤེས་རིག་དཔེ་སྐྲུན་ཁང་། འཕྲུལ་དེབ། ཤོག་གྲངས། ༣༨༧ པར་གསལ།

[9]  རིན་ཆེན་ཆོས་གླིང་པར་མ། དེབ་གཟུགས། ཤོག་གྲངས། ༦༩ པར་གསལ།

[10]  རིན་ཆེན་ཆོས་གླིང་པར་མ། དེབ་གཟུགས། ཤོག་གྲངས། ༧༠ པར་གསལ།

[11]  རྣམ་གླིང་པར་མ། དེབ་གཟུགས། ཤོག་གྲངས། ༥༩ པར་གསལ།

[12]  རྣམ་གླིང་པར་མ། དེབ་གཟུགས། ཤོག་གྲངས། ༢༩༥ པར་གསལ།

[13]  རྣམ་གླིང་པར་མ། དེབ་གཟུགས། ཤོག་གྲངས། ༥༨ པར་གསལ།

[14]  རྣམ་གླིང་པར་མ། དེབ་གཟུགས། ཤོག་གྲངས། ༢༩༦ པར་གསལ།

[15]  རྣམ་གླིང་པར་མ། དེབ་གཟུགས། ཤོག་གྲངས། ༠༥ པར་གསལ།

[16]  རྣམ་གླིང་པར་མ། དེབ་གཟུགས། ཤོག་གྲངས། ༣༧༦ ༣༨༢ པར་གསལ།

[17]  རྣམ་གླིང་པར་མ། དེབ་གཟུགས། ཤོག་གྲངས། ༢༥༣ པར་གསལ།

[18]  རྣམ་གླིང་པར་མ། དེབ་གཟུགས། ཤོག་གྲངས། ༦༠ པར་གསལ།

[19]  བསྟན་འགྱུར། དེབ་གཟུགས། པོད། ༡༣༧ ཤོག་གྲངས། ༡༡  པར་གསལ།

[20]  བསྟན་འགྱུར། དེབ་གཟུགས། པོད། ༡༣༠ ཤོག་གྲངས། ༤༣༤  པར་གསལ།

[21]  བསྟན་འགྱུར། དེབ་གཟུགས། པོད། ༡༣༠ ཤོག་གྲངས། ༤༣༥ པར་གསལ།

[22]  བསྟན་འགྱུར། ཡེ་ཤེས་སྡེ་པར་མ། དེབ་གཟུགས། པོད། ༡༣༡ ཤོག་གྲངས། ༡༦༣ པར་གསལ།

[23]  བསྟན་འགྱུར། ཡེ་ཤེས་སྡེ་པར་མ། དེབ་གཟུགས། པོད། ༡༣༥ ཤོག་གྲངས། ༦༣༡ པར་གསལ།

[24]  བསྟན་འགྱུར། ཡེ་ཤེས་སྡེ་པར་མ། དེབ་གཟུགས། པོད། ༡༤༣ ཤོག་གྲངས། ༤༥༩ པར་གསལ།

[25]  བསྟན་འགྱུར། ཡེ་ཤེས་སྡེ་པར་མ། དེབ་གཟུགས། པོད། ༡༤༣ ཤོག་གྲངས། ༤༢༦ པར་གསལ།

[26]  བསྟན་འགྱུར། ཡེ་ཤེས་སྡེ་པར་མ། དེབ་གཟུགས། པོད། ༡༤༣ ཤོག་གྲངས། ༤༤༣ པར་གསལ།

[27]  བསྟན་འགྱུར། ཡེ་ཤེས་སྡེ་པར་མ། དེབ་གཟུགས། པོད། ༡༤༣ ཤོག་གྲངས། ༤༩༩ པར་གསལ།

[28]  བསྟན་འགྱུར། ཡེ་ཤེས་སྡེ་པར་མ། དེབ་གཟུགས། པོད། ༡༤༣ ཤོག་གྲངས། ༥༩༥ པར་གསལ།

[29]  བསྟན་འགྱུར། ཡེ་ཤེས་སྡེ་པར་མ། དེབ་གཟུགས། པོད། ༡༤༣  ཤོག་གྲངས། ༦༥༠ པར་གསལ།

[30]  བསྟན་འགྱུར། ཡེ་ཤེས་སྡེ་པར་མ། དེབ་གཟུགས། པོད། ༡༤༣ ཤོག་གྲངས། ༧༨༠ པར་གསལ།

[31]  བསྟན་འགྱུར། ཡེ་ཤེས་སྡེ་པར་མ། དེབ་གཟུགས། པོད། ༡༣༥ ཤོག་གྲངས། ༦༣༢ པར་གསལ།

[32]  བསྟན་འགྱུར། ཡེ་ཤེས་སྡེ་པར་མ། དེབ་གཟུགས། ཤོག་གྲངས། ༥༢༣ པར་གསལ།

[33]  རྣམ་གླིང་པར་མ། དེབ་གཟུགས། ཤོག་གྲངས། ༧༥ པར་གསལ།

[34]  རྣམ་གླིང་པར་མ། དེབ་གཟུགས། ཤོག་གྲངས། ༡༩༧ པར་གསལ།

[35]  དགོངས་པ་རབ་གསལ། ཨ་དརྴ་མཉེན་ཆས། ཤོག་གྲངས། ༡༡༧  པར་གསལ།

[36]  བྱང་ཆུབ་ལམ་རིམ། ཨ་དརྴ་མཉེན་ཆས། ཤོག་གྲངས། ༣༧༥  པར་གསལ།

[37]  སྡེ་དགེ་བཀའ་འགྱུར། ཨ་དརྴ། ཤོག་གྲངས། ༣༦༧  པར་གསལ།

[38]  སྡེ་དགེ་བཀའ་འགྱུར། ཨ་དརྴ། ཤོག་གྲངས། ༢༠༩  པར་གསལ།

[39]  སྡེ་དགེ་བཀའ་འགྱུར་། ཨ་དརྴ། ཤོག་གྲངས། ༡༢༡  བར་གསལ།

[40]  སྡེ་དགེ་བཀའ་འགྱུར། ཨ་དརྴ། ཤོག་གྲངས། ༡༡༠  བར་པར་གསལ།

[41]  སྡེ་དགེ་བཀའ་འགྱུར། པོད། ཆ། ཤོག་གྲངས། ༢༨༤ པར་གསལ།

[42]  སྡེ་དགེ་བསྟན་འགྱུར། ཨ་དརྴ། ཤོག་གྲངས། ༡༥༨  པར་གསལ།

[43]  སྡེ་དགེ་བསྟན་འགྱུར། པོད། ཡ། ཤོག་གྲངས། ༡༥ པར་གསལ།

[44]  རྣམ་གླིང་པར་མ། དེབ་གཟུགས། ཤོག་གྲངས། ༡༦༥ པར་གསལ།

[45]  བསྟན་འགྱུར། ཡེ་ཤེས་སྡེ་པར་མ། དེབ་གཟུགས། པོད། ༡༣༡ ཤོག་གྲངས། ༡༦༦ པར་གསལ།

[46]  སྡེ་དགེ་བསྟན་འགྱུར། ཨ་དརྴ། ཤོག་གྲངས། ༣  པར་གསལ།

[47]  བསྟན་འགྱུར། ཡེ་ཤེས་སྡེ་པར་མ། དེབ་གཟུགས། པོད་གྲངས། ༡༤༣ ཤོག་གྲངས། ༥༨༢ པར་གསལ།

[48]  སྡེ་དགེ་བཀའ་འགྱུར། ཨ་དརྴ། ཤོག་གྲངས། ༡༨༠  པར་གསལ།

[49]  རྣམ་གླིང་པར་མ། དེབ་གཟུགས། ཤོག་གྲངས། ༡༢༦ པར་གསལ། 

[50]  རྣམ་གླིང་པར་མ། དེབ་གཟུགས། ཤོག་གྲངས། ༤༠༢ པར་གསལ།

[51]  རྣམ་གླིང་པར་མ། འཇུག་པ་རང་འགྲེལ། ཤོག་གྲངས། ༡༣༢ པར་གསལ།

[52]  ཐེག་ཆེན་ཚུལ་འཇུག རྣམ་གླིང་པར་མ། ཤོག་གྲངས ༡༤༦ པར་གསལ།

[53]  རྣམ་གླིང་པར་མ། དེབ་གཟུགས། ཤོག་གྲངས། ༢༤  པར་གསལ།

[54]  རྣམ་གླིང་པར་མ། དེབ་གཟུགས། ཤོག་གྲངས། ༨༤ པར་གསལ།

[55]  སྡེ་དགེ་བསྟན་འགྱུར། པོད། འ། ཤོག་གྲངས། ༢༠༦ པར་གསལ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།