མངོན་པ་མཛོད་ཀྱི་མཆོད་བརྗོད་སྐབས་ནས་བསྟན་པའི་མུན་པའམ་མ་རིག་པའི་ངོ་བོ་ལ་དཔྱད་པ།

ལོ་རིམ་བཞི་པའི་སློབ་གཉེར་བ། ཀུན་བཟང་ཉི་མ།

ངན་སྤྱོད་འཚེ་བའི་དྲི་མ་རིང་དུ་སྤངས།།
རྟེན་འབྱུང་རིག་པའི་འཕྲུལ་གྱིས་སྲིད་རྩ་བཅད།།
ཞི་བ་ཐར་པའི་ལམ་གྱི་ཤིང་རྟ་པ།།
འདྲེན་མཆོག་ཤཱཀྱའི་སྲས་པོར་སྙིང་ནས་འདུད།།

ཕྱི་ནང་གྲུབ་མཐའ་རྒྱ་མཚོའི་ཕ་མཐར་ཕྱིན།།
སྡེ་བདུན་མངོན་པའི་མཛོད་ཀྱི་སྒོ་འཕར་ཕྱེ།།
གསུང་རབ་རིན་ཆེན་གླིང་ལ་ཁྲིད་མཁས་པ།།
སློབ་དཔོན་སངས་རྒྱས་གཉིས་པར་གུས་པས་འདུད།།

ཅེས་མཆོད་ཡུལ་གོང་མ་དག་ལ་བསྟོད་པའི་མེ་ཏོག་གི་མཆོད་པ་སྔོན་དུ་བཏང་སྟེ། དེ་ཡང་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་མཛོད་རྩ་བ་ལས།1 གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང་། །འཁོར་བའི་འདམ་ལས་འགྲོ་བ་དྲངས་མཛད་པ། །དོན་བཞིན་སྟོན་པ་དེ་ལ་ཕྱག་འཚལ་ནས། །ཞེས་གསུངས་པ་ལྟར། འདིར་གང་ཞིག་བརྗོད་པར་བྱ་བ་མངོན་པ་མཛོད་ཀྱི་མཆོད་བརྗོད་སྐབས་ནས་བསྟན་པའི་མུན་པའམ་མ་རིག་པའི་ངོ་བོ་ལ་དཔྱད་དགོས་པའི་རྒྱུ་མཚན་ནི། དེ་བཞིན་གཤེགས་པ་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས།2 ཞི་བའི་བློ་གྲོས་འདི་ལྟ་སྟེ་དཔེར་ན། ཤིང་གི་རྩ་བ་བཅད་ན། ཡལ་ག་དང་ལོ་མ་དང་། ཡལ་ག་ཕྲ་བོ་ཐམས་ཅད་སྐམ་པར་འགྱུར་རོ། །ཞི་བའི་བློ་གྲོས་དེ་བཞིན་དུ་འཇིག་ཚོགས་ལ་ལྟ་བ་ཉེ་བར་ཞི་ན་ཉོན་མོངས་པ་ཐམས་ཅད་ཉེ་བར་ཞི་བར་འགྱུར་རོ། །ཞེས་གསུངས་པ་བཞིན། རང་ཅག་ནང་པ་སངས་རྒྱས་པའི་ཐུན་མིན་གྱི་ལྟ་བ་རྟེན་འབྱུང་དང་། ཞི་བ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་བསམ་པ་ལ། མུན་པའམ་མ་རིག་པའི་ངོ་བོ་ངོ་འཕྲོད་དགོས་པ་ནི་ཤིན་ཏུ་གལ་འགངས་ཆེ་ལ། སྤྱིར་མ་རིག་པ་ངོས་འཛིན་གནང་སྟངས་ལའང་འཁོར་བའི་རྩ་བར་གྱུར་པའི་མ་རིག་པ་དང་། མི་ཤེས་པ་ཙམ་གྱི་རྨོངས་པའི་མ་རིག་པ་སོགས་ཡོད་པ་དང་། དེ་སྟོན་བྱེད་ཀྱི་གཞུང་ལའང་དབུ་མ་རྩ་འཇུག་བཞི་གསུམ་གྱིས་མཚོན་པའི་གཞུང་དུ་མ་ཡོད་མོད། སྐབས་འདིའི་མཆོད་བརྗོད་ནས་བསྟན་པའི་མུན་པའམ་མ་རིག་པ་དང་འབྲེལ་བ་ཅི་ཙམ་ཡོད་མེད་གོ་བར་དཀའ་བས་ལུང་ཚིག་དེ་དག་འདྲེན་པའི་ངལ་བ་མ་བྱས་སོ། །དེས་ན་འདི་འདྲའི་ལྟ་གྲུབ་ཀྱི་གནད་འགག་གི་བརྗོད་བྱ་ཞིག་ལ་དཔྱད་པའི་བགོ་སྐལ་ཐོབ་པ་ནི་བསོད་ནམས་ཀྱི་རྟེན་དུ་འདོད་པས། དེའང་རིགས་པས་མཐའ་རྒྱ་ཆོད་མིན་ལ་མ་ལྟོས་པར་ཅི་ལྟར་བགོ་སྐལ་དུ་ཐོབ་པ་ལྟར་སྐབས་འདིར་བསྟན་གྱི་མུན་པའམ་མ་རིག་པའི་ངོ་བོ་ལ་རྩ་བའི་ཆིངས་བཞི་དང་། ཞར་བྱུང་མཇུག་བསྡུ་བ་བཅས་ཀྱི་སྒོ་ནས་གླེང་བར་སྤྲོའོ།།

རྩ་བའི་ཆིངས་དང་པོ། མུན་པའམ་མ་རིག་པའི་ཐ་སྙད་ཀྱི་འགྲེལ།

ཆེད་དུ་བརྗོད་པའི་ཚོམས་ཀྱི་འགྲེལ་པ་ལས།3 འཇིག་རྟེན་མཐོང་བར་ནུས་པ་ལ། །ཇི་ལྟར་གེགས་ནི་བྱེད་པ་ཡི། །མུན་པ་དེ་བཞིན་མ་རིག་པ། །ཞེས་དང་། དེ་བཞིན་རང་འགྲེལ་ལམ་ཆོས་མངོན་པའི་མཛོད་ཀྱི་བཤད་པ་ལས།4 གྲིབ་མ་ནི་གང་ལ་གཟུགས་རྣམས་སྣང་བའོ། །དེ་ལས་བཟློག་པ་ནི་མུན་པའོ། །ཞེས་གསུངས་པ་ལྟར་སྤྱིར་མུན་པ་ནི་སྣང་བ་མཐོང་བར་བྱེད་པ་ལ་གེགས་བྱེད་པས་ལྡོང་པར་བྱེད་པ་དང་། འདིར་དེ་དང་དཔེ་མཚུངས་པའི་མ་རིག་པའམ་མི་ཤེས་པའང་རྨོངས་པ་སྟེ། དོན་མཐོང་བ་ལ་གེགས་བྱེད་པས་ལྡོང་པར་བྱེད་པའི་ཕྱིར་མུན་པའམ་མ་རིག་པ་སྟེ། རང་འགྲེལ་ལམ་ཆོས་མངོན་པའི་མཛོད་ཀྱི་བཤད་པ་ལས།5 མི་ཤེས་པ་ནི་ཡང་དག་པའི་དོན་མཐོང་བ་ལ་གེགས་སུ་གྱུར་པའི་ཕྱིར་མུན་པ་སྟེ། ཞེས་གསུངས་པ་ལྟར་དང་། སློབ་དཔོན་རྒྱལ་སྲས་གྲགས་པའི་བཤེས་གཉེན་གྱི་ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་ལས།6 མུན་པ་ཞེས་བྱ་བའི་སྒྲ་མཚན་མོའི་མུན་པ་ཡིན་པར་གྲགས་ཏེ། བུམ་པ་དང་སྣམ་བུ་ལ་སོགས་པའི་གཟུགས་ཡོངས་སུ་མཐོང་བའི་གེགས་སུ་གྱུར་པའི་ཕྱིར་རོ། །སྐྱེ་བོ་ལོང་བ་དང་འདྲ་བར་བྱེད་པའི་ཕྱིར་མུན་པ་ཡིན་ནོ། །ཞེས་གསུངས་པ་ལྟར་དཔེ་ཡི་སྒོ་ནས་མུན་པའམ་དོན་ལ་མི་ཤེས་པའམ་མ་རིག་པ་ཞེས་བྱའོ།།

རྩ་བའི་ཆིངས་གཉིས་པ། རྒྱ་གར་མཁས་པས་མུན་པའམ་མ་རིག་པ་ངོས་འཛིན་གནང་སྟངས།

འདིར་བཤད་པའི་མུན་པའམ་མ་རིག་པ་ནི་མཆོད་བརྗོད་ཀྱི་སྐབས་ནས་བསྟན་པའི་མུན་པའམ་མ་རིག་པ་ལ་གོ་བ་ལས་གོང་དུ་བཤད་པ་ལྟར། དཔེར་ན། དབུ་མ་རྩ་བ་ཤེས་རབ་ལས།7 ལས་དང་ཉོན་མོངས་ཟད་པས་ཐར། །ཞེས་སོགས་གསུངས་པ་བཞིན་འཁོར་བའི་རྩ་བར་གྱུར་པའི་མ་རིག་པ་གཅིག་པུ་ལ་གོ་བར་མི་བྱའོ། །དེས་ན་སྤྱིར་མངོན་པ་མཛོད་ཀྱི་རྒྱ་གར་མཁས་གྲུབ་ཀྱི་འགྲེལ་པ་ལ། ཡོངས་གྲགས་སུ་བསྟན་འགྱུར་ནང་ལ་བཞུགས་པའི་རང་འགྲེལ་གཙོས་འགྲེལ་པ་8དགུ་ཡས་མས་ཤིག་བཞུགས་པར་འདུག་མོད། འདིར་ཆ་རྐྱེན་གང་ཞིག་གིས་ཆ་ཚང་ལྟ་ཀློག་བྱེད་མ་ཐུབ་པས་དགོངས་སེལ་དང་བཅས་གཙོ་ཆེ་བ་འགྲེལ་པ་ཁག་དྲུག་གི་ནང་དུ་བསྟན་པའི་མུན་པའི་ངོ་བོ་ངོས་བཟུང་ན
དང་པོ་ནི། སློབ་དཔོན་དབྱིག་གཉེན་གྱི་རང་འགྲེལ་ལམ་ཆོས་མངོན་པའི་མཛོད་ཀྱི་བཤད་པ་ལས།9 མི་ཤེས་པ་ནི་ཡང་དག་པའི་དོན་མཐོང་བ་ལ་གེགས་སུ་གྱུར་པའི་ཕྱིར་མུན་པ་སྟེ་ཞེས་དང་། སློབ་དཔོན་འདུན་བཟང་གི་ཆོས་མངོན་པ་མཛོད་ཀྱི་བསྟན་བཅོས་ཀྱི་ཚིག་ལེའུར་བྱས་པའི་རྣམ་པར་བཤད་པ་ལས།10 མི་ཤེས་པ་ནི་ཡང་དག་པའི་དོན་མཐོང་བ་ལ་གེགས་སུ་གྱུར་པའི་ཕྱིར་མུན་པ་སྟེ་ཞེས་དང་། སློབ་དཔོན་བློ་གྲོས་བརྟན་པའི་ཆོས་མངོན་པ་མཛོད་ཀྱི་བཤད་པའི་རྒྱ་ཆེར་འགྲེལ་པ་དོན་གྱི་དེ་ཁོ་ན་ཉིད་ལས།11 འདིར་ཡང་དག་པའི་དོན་མཐོང་བའི་གེགས་སུ་གྱུར་པས་འདྲ་བའི་ཕྱིར་མི་ཤེས་པ་ཁོ་ན་མུན་པའོ་ཞེས་བསྟན་པའི་ཕྱིར་མི་ཤེས་པ་ནི་ཞེས་དང་། སློབ་དཔོན་རྒྱལ་སྲས་ཀྱི་ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་ལས།12 མི་ཤེས་པ་ཡང་དེ་དང་ཆོས་མཐུན་པར་ཡང་དག་པའི་དོན་སྡུག་བསྔལ་ལ་སོགས་པའི་བདེན་པ་མཐོང་བའི་གེགས་སུ་གྱུར་པའི་ཕྱིར་མུན་པ་ཞེས་བྱ་བའི་མིང་ཐོབ་བོ་ཞེས་དང་། སློབ་དཔོན་གང་སྤེལ་གྱི་ཆོས་མངོན་པ་མཛོད་ཀྱི་མཚན་ཉིད་རྗེས་སུ་འབྲང་བ་ལས།13 འདིར་ཡང་དག་པའི་དོན་མཐོང་བའི་གེགས་སུ་འདྲ་བས་མི་ཤེས་པ་ཉིད་མུན་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། མི་ཤེས་པ་ནི་ཞེས་དང་། སློབ་དཔོན་ཕྱོགས་གླང་གི་ཆོས་མངོན་པ་མཛོད་ཀྱི་འགྲེལ་པ་གནད་ཀྱི་སྒྲོན་མེ་ལས།14 མི་ཤེས་པ་ནི་ཡང་དག་པའི་དོན་མཐོང་བ་ལ་གེགས་སུ་གྱུར་པའི་ཕྱིར་མུན་པ་སྟེ་ཞེས་གསུངས་པ་ལྟར། འགྲེལ་བཤད་དྲུག་པོ་འདི་དག་གི་རྩ་བའི་སྡོམ་ནི། སློབ་དཔོན་དབྱིག་གཉེན་དང་། འདུན་བཟང་ཕྱོགས་གླང་གསུམ་གྱིས་ཚིག་དོན་གཉིས་ཆར་ནས་ངོ་བོ་གཅིག་ཏུ་བཞག་པ་དང་། སློབ་དཔོན་རྒྱལ་སྲས་ཀྱིས་དོན་ལ་གཅིག་ནའང་མི་འདྲ་བའི་ཁྱད་པར་ཡང་དག་པའི་དོན་སྡུག་བསྔལ་ལ་སོགས་ཞེས་ཡང་དག་པའི་དོན་ཅུང་ཙམ་ཁ་གསལ་དུ་བཏང་བ་དང་། སློབ་དཔོན་བློ་གྲོས་བརྟན་པ་དང་གང་སྤེལ་གཉིས་ཀྱིས་མི་ཤེས་པ་ལ་ཁོ་ནའམ་ཉིད་ཀྱི་སྒྲ་སྦྱར་བས་དམིགས་བསལ་གྱིས་ཟུར་མི་འདྲ་བ་རྩལ་དུ་བཏོན་ཡོད་པས་དེའང་རྩ་བའི་ཆིངས་བཞི་པ་རང་གི་འདོད་པ་བརྗོད་པའི་སྐབས་སུ་ཤེས་པར་བྱའོ། །ད་དུང་རྒྱ་འགྲེལ་སློབ་དཔོན་དག་གི་ལོ་ཚིགས་སོགས་འབྲེལ་ཡོད་ལོ་རྒྱུས་གསལ་པོར་ཤེས་ན་སྐབས་དུས་དང་བསྟུན་པའི་དཔྱད་ཐབས་གཞན་པ་རེ་ཡོད་སྲིད་པར་འདོད་ནའང་། འདིའི་སྐོར་གྱི་ལོ་རྒྱུས་ཀྱི་མིག་ལྡོང་བའི་བདག་ལ་མཚོན་ན། རེ་ཞིག་དེ་ལས་བྱ་ཐབས་བྲལ་བས་མི་སྨྲ་བའི་བརྟུལ་ཞུགས་ལ་གནས་པར་བྱེད་དོ།།

རྩ་བའི་ཆིངས་གསུམ་པ། བོད་མཁས་པས་མུན་པའམ་མ་རིག་པ་ངོས་འཛིན་གནང་སྟངས།

བོད་ཀྱི་འགྲེལ་པ་ལ་སྤྱིར་གྲངས་ཀ་འདི་ཙམ་ཞེས་བགྲངས་མི་བཏུབ་ནའང་། མཛོད་རང་འགྲེལ་གྱི་གླེང་བརྗོད་15ཅིག་ཏུ་དྲུག་ཅུ་རེ་བཞི་ཙམ་བགྲངས་ཡོད་པས་མ་མཐའ་ཡང་བོད་འགྲེལ་དྲུག་ཅུའི་སྒང་ལ་ཡོད་པ་ནི་ཚིག་ཐག་ཆོད་པོའི་ངང་ནས་བཤད་སྤོབས་པ་འདྲ་མོད། ཡིན་ནའང་སྐྱེས་སྟོབས་དང་སྦྱར་བྱུང་། ཡང་ན་ཕྱི་དང་ནང་སོགས་ཕྱོགས་གང་མང་ཞིག་ནས་གོང་ཞུས་ལྟར་གང་ཞིག་གི་ཆ་རྐྱེན་མ་ཚང་སྟབས་འདིར་དགོངས་སེལ་དང་སྦྲགས། བོད་ཀྱི་ཆོས་བརྒྱུད་ཕལ་མོ་ཆེར་ཡོངས་གྲགས་སུ་མངོན་པ་མཆིམས་ལ་གཏུགས་ཞེས་པ་ལྟར་མཆིམས་འཇམ་པའི་དབྱངས་དང་མཆིམས་བློ་བཟང་གྲགས་པ། སྐབས་བབ་ཀྱི་སློབ་ཚན་དང་འབྲེལ་བའི་རྗེ་བཙུན་འཇམ་པའི་དབྱངས་མིའི་གཟུགས་སུ་བྱོན་པ་ཀུན་མཁྱེན་མི་ཕམ་རྒྱ་མཚོ་གསུམ་གྱི་འགྲེལ་པ་ནང་གསལ་བ་ལྟར།
དང་པོ། མཆིམས་འཇམ་པའི་དབྱངས་ཀྱི་ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུ་བྱས་པའི་འགྲེལ་པ་མངོན་པའི་རྒྱན་ལས།16 མུན་པ་ནི་ཡང་དག་པའི་དོན་མཐོང་བ་ལ་གེགས་སུ་གྱུར་པའི་ཕྱིར་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྟེ་མུན་པ་དང་འདྲ་བའི་ཕྱིར་རོ། །དེ་ལ་དང་པོ་ནི་འདོད་ཆགས་ལ་སོགས་པའི་བདག་ཉིད་ཡིན་ལ་ཞེས་དང་། གཉིས་པ། མཆིམས་བློ་བཟང་གྲགས་པའི་ཆོས་མངོན་པ་གསལ་བྱེད་ལེགས་པར་བཤད་པའི་རྒྱ་མཚོ་ལས།17 མུན་པ་ནི། ཉོན་མོངས་པ་ཅན་དང་ཉོན་མོངས་ཅན་མ་ཡིན་པ་སྟེ། དེ་དག་ནི་འཇིག་རྟེན་ལ་གྲགས་པའི་མུན་པས་གཟུགས་མི་མཐོང་བར་བྱེད་པ་ལྟར་འདིས་ཀྱང་ཡང་དག་པའི་དོན་ཇི་ལྟ་བ་བཞིན་མཐོང་བ་ལ་གེགས་སུ་གྱུར་པས་མུན་པའོ་ཞེས་དང་། ཀུན་མཁྱེན་མི་ཕམ་རྒྱ་མཚོའི་དམ་པའི་ཆོས་མངོན་པ་མཛོད་ཀྱི་མཆན་འགྲེལ་རིན་པོ་ཆེའི་དོ་ཤལ་བློ་གསལ་དགྱེས་པའི་མགུལ་རྒྱན་ལས།18 ཡང་དག་པའི་དོན་མཐོང་བ་ལ་གེགས་སུ་གྱུར་པ་ཉོན་ཤེས་ཀྱི་སྒྲིབ་པའི་མུན་པ་བག་ཆགས་དང་བཅས་པ་ཞེས་གསུངས་པ་ལྟར། འདིར་བོད་འགྲེལ་དག་ཏུ་དམིགས་བསལ་ངེས་དགོས་པ། རང་གི་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པའི་རྒྱ་འགྲེལ་ཁག་ཏུ་མི་གསལ་བའི་ཉོན་ཤེས་ཀྱི་སྒྲིབ་པ་སོགས་ཀྱི་ཐ་སྙད་དང་། མཚན་གཞི་སོགས་གསལ་ཁ་བཏོད་པས། སྤྱིར་ཆུ་འགོ་གངས་ལ་ཐུག་པ་བཞིན་རྒྱ་བོད་ཀྱི་མཁས་གྲུབ་དག་གིས་ཐ་སྙད་ཀྱི་རྣམ་གཞག་འབྱེད་སྟངས་ཀྱི་ཁྱད་པར་ཙམ་ལས་དོན་ལ་ཁྱད་པར་ཆེར་མེད་པར་སེམས་མོད། ཡིན་ནའང་ཞར་ལ་འདིར་གལ་ཆེ་ཤོས་ནི། ཉོན་མོངས་ཅན་དང་ཉོན་མོངས་ཅན་མ་ཡིན་པའི་སྒྲིབ་པ་དང་ཉོན་ཤེས་ཀྱི་སྒྲིབ་པ་ལ་ཁྱབ་ཆེ་ཆུང་སོགས་ཀྱི་ཁྱད་པར་ཡོད་པ། སྤྱིར་བྱེ་བྲག་སྨྲ་བའི་ལྟ་གྲུབ་ཀྱི་འཛིན་མཚམས་དང་། འོག་ནས་དྲངས་པ་ལྟར་གཉིས་པ་ནི་ཐེག་ཆེན་ལྟར་ན་གཟུང་འཛིན་གཉིས་སྣང་གི་རྟོག་པ་ལ་འདོད་མོད་ཀྱི། ཉན་ཐོས་སྡེ་པ་དག་གིས་ནི་མ་ཡིན་ཏེ། ཞེས་སོགས་མངོན་པའི་གཞུང་དག་ལ་གཟིགས་ན་དེ་དག་གི་ཁྱད་པར་གོ་བར་འདུག་མོད། ཐ་སྙད་འདི་ནི་ཆོས་བརྒྱུད་རིས་མེད་ཡོངས་གྲགས་སུ་གཅིག་མཚུངས་ལྟ་བུ་ཁས་ལེན་པའི་མཆིམས་འཇམ་པའི་དབྱངས་ཀྱིས་ཀྱང་མངོན་པ་མཛོད་ཀྱི་མཆོད་བརྗོད་མ་རིག་པའམ་མུན་པ་བཤད་པའི་སྐབས་འདིར་གོང་ནས་དྲངས་པ་ལྟར་ཉོན་ཤེས་ཀྱི་སྒྲིབ་པའི་ཐ་སྙད་དེ་ག་རང་སྦྱར་ཡོད་པས། མཁས་གྲུབ་འདི་ལྟ་བུའི་གསུང་ལ་ཁུངས་ཡང་དག་པ་ཡོད་ངེས་ལ། ཕྱིས་སུའང་བོད་གངས་རིའི་ལྗོངས་ཀྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དཔེར་ན། པཎ་ཆེན་ཤཱཀྱ་མཆོག་ལྡན་དང་ཀརྨ་པ་མི་བསྐྱོད་རྡོ་རྗེ། ཀུན་མཁྱེན་མི་ཕམ་རྒྱ་མཚོ་སོགས་ཀྱིས་མཛད་པའི་མངོན་པ་མཛོད་ཀྱི་འགྲེལ་པ་དག་ནའང་ཉོན་ཤེས་ཀྱི་སྒྲིབ་པའི་ཐ་སྙད་འདི་སྦྱར་ཡོད་སྟབས། རང་གི་མཐོང་ཐོས་ཀྱི་རྒྱ་འགྲེལ་དག་ཏུ་མི་གསལ་བའི་སྐབས་འདི་ལ་ཉོན་ཤེས་ཀྱི་སྒྲིབ་པའི་ཐ་སྙད་དེ་དང་པོ་སྦྱོར་མཁན་སུ་ཡིན་པ་དང་། དེའི་དགོས་པ་དང་རྒྱུ་མཚན། ཡང་ན་ཐེག་ཆེན་གྱི་ཆོས་སྐད་ཀྱིས་ཤན་ཞུགས་མིན་སོགས་དཔྱད་དུ་མཆིས་མོད་རང་གིས་རེ་ཞིག་དཔྱད་པའི་ཁུར་མ་ཐེག་པས་གཞན་དག་གི་བགོ་སྐལ་དུ་རེ་བ་དང་བཅས་དབུལ་བར་བྱའོ།།

རྩ་བའི་ཆིངས་བཞི་པ། རང་གི་འདོད་པ་བརྗོད་པ།

རང་གི་འདོད་པ་བརྗོད་པ་ནི་སྒེར་གྱི་བསམ་བློའི་འཆར་སྒོ་སྟེ། སྤྱིར་སློབ་དཔོན་དབྱིན་གཉེན་གྱིས་གཞུང་འདི་བརྩམས་པ་ནས་ད་ལྟའི་བར་བརྒྱ་ཁ་གཅིག་ཆོད་ཀྱིས་འདོད་ཚུལ་ཐུན་མོང་བ་ཞིག་ཡོད་མེད་མི་ཤེས་ལ། གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང་། །ཞེས་པ་འདིར་བསྟན་གྱི་མུན་པ་ངོས་འཛིན་གནང་སྟངས་གཅིག་པུ་ལ་གཞིགས་ནའང་རྒྱ་བོད་མཁས་གྲུབ་རྣམས་ཀྱི་རྣམ་དཔྱོད་དང་ཤེས་རབ་ཀྱི་རྩལ་ལས་འཁྲུངས་པའི་འདོད་ཚུལ་དག་ལ་བརྒྱ་ཁ་གཅིག་ཆོད་ཀྱིས་འཛིན་མཚམས་ལྟ་བུ་ཞིག་ཡོད་མེད་མི་ཤེས་པ་དང་། མ་ཟད་གཅིག་མཚུངས་ཀྱི་འཛིན་མཚམས་དེ་དེ་འདྲ་ཧ་ཅང་གལ་ཆེན་ཞིག་ཡིན་མིན་ཡང་མི་ཤེས་པས། ལྷག་ཏུ་བདག་ལྟ་བུའི་ཐོས་བསམ་གྱི་ཤེས་རབ་དམན་པའི་འཆིང་བ་ཀུན་ལྡན་ཞིག་ལ་རྡོ་བཙིར་བ་ལས་ཏིལ་མར་འབྱུང་བ་ལྟ་བུའི་མི་སྲིད་པའི་དཔེ་ལས་མ་འདས་མོད། གོང་ཞུས་ལྟར་རང་གི་བསོད་ནམས་ཀྱི་རྟེན་དང་། རང་གི་ནུས་ཚོད་ཀྱིས་ཐོས་སོགས་བྱེད་པའི་འབྲས་རྟགས་སུ་རྒྱ་བོད་མཁས་པའི་འགྲེལ་པ་དག་གོང་འོག་བསྒྲིགས་པའི་ཁུལ་གྱིས་གྲུབ་དོན་ལ། སྐབས་འདིར་བསྟན་གྱི་མུན་པའི་ངོ་བོའམ་མཚན་ཉིད་དང་དེའི་ཁུངས། སློབ་དཔོན་རྒྱལ་སྲས་དང་གང་སྤེལ་གཉིས་འགལ་མེད་དུ་སྒྲུབ་པ་ཞེས་ས་བཅད་གཉིས་ཀྱི་སྒོ་ནས་ཞུས་ན།
དང་པོ། འདིར་བསྟན་གྱི་མུན་པའི་ངོ་བོའམ་མཚན་ཉིད་དང་དེའི་ཁུངས་བཤད་པ་ལ། གལ་ཆེ་ཤོས་གཅིག་ནི་ཡང་དག་པའི་དོན་ངོས་ཟིན་དགོས་པ་དང་། ཅིག་ཤོས་ནི་རྒྱ་བོད་མཁས་པའི་འགྲེལ་པ་རྣམས་ཀྱི་དོན་ཐོག་གི་གོ་བ་གཅིག་པུར་བཟུང་ན་དོན་དེ་ལ་ཁྱབ་པ་ཡོད་མེད་དེ་གཉིས་རེད། དེའི་ཕྱིར་དེ་གཉིས་ཡག་པོ་ཞིག་ངོས་མ་ཟིན་ན་འགྲེལ་བཤད་ལ་འགྲེལ་བཤད་ཀྱི་ལྷན་པ་མང་དུ་དགོས་པ་དང་། དེ་གཉིས་ཡག་པོ་ཞིག་ངོས་ཟིན་ན་འདིའི་དཀའ་བའི་མདུད་པ་རང་སར་ཞིག་འགྲོ་བར་འདོད་པས། དེ་བས་ན་འཛིན་མཚམས་ཡིན་པའི་ཁུལ་གྱིས་དང་པོ་མཚན་ཉིད་ཀྱི་ཟུར་དུ་མི་ཤེས་པ་བཞི་སོགས་མུན་པའི་ཁོངས་སུ་བསྡུ་བའི་ཕྱིར་ཡང་དག་པའི་དོན་ཇི་ལྟ་བ་བཞིན་ཞེས་པའི་དགོས་མེད་ཀྱི་ལྷན་པ་ཞིག་ཀྱང་སྦྱར་མི་དགོས་པར་སེམས་ལ། འདིར་དགོས་མེད་ཀྱི་ལྷན་པ་ཞེས་བརྗོད་དོན་ཡང་། འདིར་ཡང་དག་པའི་དོན་ལ། སློབ་དཔོན་རྒྱལ་སྲས་ཀྱི་ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་ལས།19 མི་ཤེས་པ་ཡང་དེ་དང་ཆོས་མཐུན་པར་ཡང་དག་པའི་དོན་སྡུག་བསྔལ་ལ་སོགས་པའི་བདེན་པ་མཐོང་བའི་གེགས་སུ་གྱུར་པའི་ཕྱིར། ཞེས་དང་། སློབ་དཔོན་གང་སྤེལ་གྱི་ཆོས་མངོན་པ་མཛོད་ཀྱི་མཚན་ཉིད་རྗེས་སུ་འབྲང་བ་ལས་ཀྱང་།20 ཡང་དག་པའི་དོན་སྡུག་བསྔལ་ལ་སོགས་པའི་བདེན་པ་མཐོང་བ་ལ་གེགས་སུ་གྱུར་པའི་ཕྱིར་ཞེས་གསུངས་པ་བཞིན། ཡང་དག་པའི་དོན་དེ་སྡུག་བསྔལ་ལ་སོགས་པའི་བདེན་བཞིའི་རྣམ་པའམ་དོན་ལ་གོ་བ་གང་ཞིག་ལ། དེ་ནི་མི་ཤེས་པའི་རྒྱུ་བཞི་སོགས་རྒྱུད་ལ་ལྡན་པའི་ཉན་རང་རྣམས་ཀྱིས་ཀྱང་ཇི་ལྟ་བ་བཞིན་མཐོང་བ་སྟེ། མདོ་ལས།21 དགེ་སློང་དག་ཆོས་གཅིག་མངོན་པར་མ་ཤེས་ཤིང་ཡོངས་སུ་མ་ཤེས་པར་སྡུག་བསྔལ་གྱི་མཐར་བྱེད་པར་ང་མི་སྨྲའོ་ཞེས་དང་། དེ་བཞིན་དུ་ཆོས་གཅིག་ཡོངས་སུ་མ་ཤེས་ཤིང་མ་སྤངས་པར་སྡུག་བསྔལ་གྱི་མཐར་བྱེད་པར་ང་མི་སྨྲའོ། །ཞེས་སྟོན་པ་ཐུབ་པའི་དབང་པོ་རང་ཉིད་ཀྱིས་ཉན་རང་གིས་བདེན་བཞི་མི་རྟག་བཅུ་དྲུག་ལ་སོགས་པའི་ཡང་དག་པའི་དོན་ཇི་ལྟ་བ་བཞིན་རྟོགས་པར་བཞེད་པ་སྟེ་ལུང་ཚད་མས་གྲུབ་པ་མ་ཟད། ད་དུང་དེ་ལས་གཞན་དཔེར་ན། ཉན་རང་དགྲ་བཅོམ་པ་དག་ཆོས་ཅན། ཡང་དག་པའི་དོན་བདེན་བཞི་མི་རྟག་བཅུ་དྲུག་ལ་སོགས་པའི་དོན་ཇི་བཞིན་དུ་རྟོགས་ཏེ། དེའི་ལྡོག་ཕྱོགས་ཀྱི་ལོག་རྟོག་བཅུ་དྲུག་བསལ་ཏེ་དགྲ་བཅོམ་པའི་གོ་འཕང་ཐོབ་ཟིན་པའི་ཕྱིར། ཞེས་དང་པོ་ལུང་ཚད་མ་དང་། གཉིས་པ་རིགས་པ་ཡང་དག་གཉིས་ཆར་གྱིས་བསྒྲུབས་པའི་ཕྱིར་རོ།།
དེ་མིན་དེ་ལས་ཚིག་ཤིན་ཏུ་གསལ་ཁ་ཅན་སློབ་དཔོན་དབྱིག་གཉེན་གྱི་སློབ་མ་མངོན་པ་རང་ལ་མཁས་པ་སློབ་དཔོན་བློ་གྲོས་བརྟན་པའི་ཆོས་མངོན་པ་མཛོད་ཀྱི་བཤད་པའི་རྒྱ་ཆེར་འགྲེལ་པ་དོན་གྱི་དེ་ཁོ་ན་ཉིད་ལས་ཀྱང་།22 གང་གི་ཕྱིར་ཉོན་མོངས་པ་ཅན་ཉིད་ཁོ་ན་བདེན་པའི་དོན་མཐོང་བའི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་ཕྱིར་ཀུན་ནས་ཉོན་མོངས་པའི་རྒྱུའོ། །ཉོན་མོངས་པ་ཅན་མ་ཡིན་པ་ནི་བདེན་པའི་དོན་མཐོང་བའི་མི་མཐུན་པའི་ཕྱོགས་མ་ཡིན་པས། ཞེས་སོགས་གསུངས་པ་ལྟར་སྒྲུབ་བྱེད་གཞན་ཡང་མཆིས་པ་འདྲ་མོད་ཡིག་ཚོགས་ལ་འཇིགས་ནས་ཆེར་མ་སྤྲོས་སོ། །གཞན་དེ་མ་ཡིན་པར་དེ་ལས་ལོགས་སུ་ཡང་དག་པའི་དོན་ནམ་དོན་ཇི་ལྟ་བ་བཞིན་ཞེས་པ་དེ་ལ་གཟུང་འཛིན་གཉིས་ཀ་དང་བྲལ་བའི་རྣམ་གྲངས་མ་ཡིན་པའི་དོན་དམ་ལྟ་བུ་བཞག་ན་སྐབས་སུ་མ་བབས་པ་སྟེ། མཆིམས་འཇམ་པའི་དབྱངས་ཀྱི་ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པའི་འགྲེལ་པ་མངོན་པའི་རྒྱན་ལས།23 གཉིས་པ་ནི་ཐེག་ཆེན་ལྟར་ན་གཟུང་འཛིན་གཉིས་སྣང་གི་རྟོག་པ་ལ་འདོད་མོད་ཀྱི། ཉན་ཐོས་སྡེ་པ་དག་གིས་ནི་མ་ཡིན་ཏེ། ཞེས་གསུངས་པ་ལྟར་རོ།།
གཉིས་པ་རྒྱ་བོད་མཁས་པའི་འགྲེལ་བ་རྣམས་ཀྱི་དོན་ཐོབ་ཀྱི་གོ་བ་གཅིག་པུར་བཟུང་ན་དོན་དེ་ལ་ཁྱབ་པ་ཡོད་མེད་བརྟགས་ན། དེ་ནི་ཁྱབ་པ་མེད་པར་སེམས་ལ། དེ་བས་དོན་ཐོབ་ཀྱི་གོ་བ་གཙོར་བྱས་ན་ཁྱབ་པ་དགོས་པའང་མི་འདུག་སྟེ། དཔེར་ན་དབུ་མ་རྒྱན་གྱི་རྣམ་བཤད་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ལས།24 ལྟོ་ལྡིར་བ་བུམ་པའི་མཚན་ཉིད་དུ་གསུངས་པ་ལྟར་ཡིན་གྱི་ཞེས་པ་ལྟ་བུ་དང་། དེའི་ཕྱིར་རྒྱ་བོད་མཁས་པའི་འགྲེལ་པ་དག་གོང་འོག་སྒྲིག་ཁུལ་གྱིས་མ་ཁྱབ་ཁྱབ་ཆེ་མི་སྲིད་གསུམ་གྱིས་སྐབས་འདིར་བསྟན་གྱི་མུན་པའམ་མ་རིག་པའི་མཚན་ཉིད་ཅིག་བཞག་ན། ཡང་དག་པའི་དོན་ནམ་སྐྱེ་མཆེད་བཅུ་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མཐོང་བ་ལ་བར་དུ་གཅོད་པར་བྱེད་པའི་གེགས་སུ་གྱུར་པའོ།།
ད་ནི་མུན་པའི་ངོ་བོའམ་མཚན་ཉིད་དང་དེའི་ཁུངས་ཞེས་གོང་དུ་ཞུས་པ་ལྟར་མཚན་ཉིད་དེའི་ཁུངས་འཚོལ་བར་བྱ་སྟེ། དེའང་ཟུར་དང་པོ་ཡང་དག་པའི་དོན་ནི་རྒྱ་བོད་མཁས་གྲུབ་དག་གིས་ཞལ་གཅིག་གྲགས་ཡིན་མོད། ཟུར་གཉིས་པ་སྐྱེ་མཆེད་བཅུ་གཉིས་ཀྱི་བསྡུས་པ་ཞེས་པ་ནི་གཙོ་བོ་འདིར་བསྟན་མུན་པའི་ནང་དུ་ཡང་དག་པའི་དོན་ཇི་ལྟ་བ་བཞིན་མཐོང་བ་ལ་གེགས་བྱེད་ནུས་པ་ལས་གཞན་པའི་མི་ཤེས་པ་བཞི་སོགས་ཉོན་མོངས་ཅན་མ་ཡིན་པའི་མུན་པ་བསྡུ་བའི་ཆེད་ཡིན་ལ། ལྷག་ཏུ་མཚན་ཉིད་ཀྱི་ཟུར་གཉིས་པ་དེ་གོ་བ་ལ་གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང་ཞེས་མུན་པ་འཇོམས་སའི་ཀུན་མཁྱེན་རྟོགས་དགོས་པ་ནི་ཧ་ཅང་གི་གནད་འགག་ཆེ་ལ། དེའང་ཚིག་ཟིན་དུ་ཡོད་མེད་ཙམ་ལས། རང་གི་དམ་བཅའ་ཙམ་གྱི་ཆེད་དུ་མ་ཡིན་པར་མཛོད་རང་འགྲེལ་ནས་བཟུང་རྒྱ་བོད་གཉིས་ཆར་གྱི་འགྲེལ་པ་དག་ཏུ་སྐྱེ་མཆེད་བཅུ་གཉིས་ཀྱིས་བསྡུས་པའི་ཤེས་བྱའི་ཆོས་ཐམས་ཅད་ལ་གོ་དགོས་པ་ཤིན་ཏུ་གསལ་ཏེ། སློབ་དཔོན་དབྱིག་གཉེན་གྱི་རང་འགྲེལ་ལམ་ཆོས་མངོན་པའི་མཛོད་ཀྱི་བཤད་པ་ལས།25 ཐམས་ཅད་ལ་མུན་པ་རྣམ་པ་ཐམས་ཅད་དུ་བཅོམ་པས་ཀུན་ལ་མུན་པ་གཏན་བཅོམ་པའོ། །ཞེས་གསུངས་པ་བཞིན་ཐམས་ཅད་ནི་ཚིག་ལ་གསལ་མིན་ཙམ་ལས་དེའི་དོན། འགྲེལ་བཤད་མཁན་པོ་དག་གིས་བཀྲལ་བ་ན། མདོ་ལུང་དྲངས་ཏེ་ཐམས་ཅད་ལ་ཞེས་བྱ་བ་ནི་སྐྱེ་མཆེད་བཅུ་གཉིས་ཀྱི་མཚན་ཉིད་ཀྱི་ཤེས་བྱ་ལ་སྟེ། མདོ་ལས་བྲམ་ཟེ་ཐམས་ཅད་ཅེས་བྱ་བ་ནི་སྐྱེ་མཆེད་བཅུ་གཉིས་ཇི་སྙེད་པ་ཡིན་ནོ། །ཞེས་སློབ་དཔོན་བློ་གྲོས་བརྟན་པ་དང་སློབ་དཔོན་རྒྱལ་བའི་སྲས། མཆིམས་ཆེ་ཆུང་གི་འགྲེལ་བཤད་ཆ་ཚང་དུ་ཚིག་དེ་ག་རང་དྲངས་འདུག་པ་དང་། དེའང་ཤེས་བྱ་ཡོད་དོ་ཅོག་ལ་གོ་དགོས་པའང་མཆིམས་བློ་བཟང་གྲགས་པའི་ཆོས་མངོན་པ་གསལ་བྱེད་ལེགས་པར་བཤད་པའི་རྒྱ་མཚོ་ལས།26 ཀུན་དང་ཐམས་ཅད་མིང་གི་རྣམ་གྲངས་ཏེ་ཤེས་བྱ་ཐམས་ཅད་ཞེས་པའི་དོན་ཏོ། །ཞེས་དང་། ཀུན་མཁྱེན་མི་ཕམ་རྒྱ་མཚོའི་མཁས་པའི་ཚུལ་ལ་འཇུག་པའི་སྒོ་ལས།27 ཕུང་པོ་ལྔས་འདུས་བྱས་ཐམས་ཅད་བསྡུས་ཀྱང་། འདུས་མ་བྱས་མ་བསྡུས་ལ། ཁམས་སྐྱེ་མཆེད་དུ་ནི་བསྡུས་པའི་ཕྱིར་འདི་གཉིས་ཀྱི་ཁོངས་སུ་ཤེས་བྱ་ཐམས་ཅད་འདུའོ། །ཞེས་གསུངས་པ་བཞིན་ནོ།།
གཞན་བདེན་པའི་དོན་ཇི་ལྟ་བ་བཞིན་མཐོང་བ་ཙམ་ལ་གེགས་བྱེད་པ་མ་ཡིན་པར་འདིར་བསྟན་མུན་པ་དེ་ལ་གཉིས་ཡོད་པའང་། རང་འགྲེལ་ལམ་ཆོས་མངོན་པའི་མཛོད་ཀྱི་བཤད་པ་ལས།28 དེ་རང་སངས་རྒྱས་དང་ཉན་ཐོས་རྣམས་ཀྱང་ཉོན་མོངས་ཅན་གྱི་རྨོངས་པ་དང་བྲལ་བའི་ཕྱིར་ཀུན་ལ་མུན་པ་བཅོམ་པར་ནི་འདོད་མོད་ཀྱི་གཏན་ནས་ནི་མ་ཡིན་ཏེ་འདི་ལྟར་དེ་དག་ལ་སངས་རྒྱས་ཀྱི་ཆོས་དང་། ཡུལ་དང་། དུས་ཤིན་ཏུ་བསྐལ་བ་དང་། དོན་རབ་ཏུ་དབྱེ་བ་མཐའ་ཡས་པ་རྣམས་ལ་ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པ་ཡོད་པ་ཉིད་དོ། །ཞེས་དང་། སློབ་དཔོན་གང་སྤེལ་གྱི་ཆོས་མངོན་པ་མཛོད་ཀྱི་མཚན་ཉིད་རྗེས་སུ་འབྲང་བ་ལས།29 དེ་ལ་མུན་པའི་རྣམ་པ་ཐམས་ཅད་ནི། ཉོན་མོངས་ཅན་དང་ཉོན་མོངས་ཅན་མ་ཡིན་པ་དང་། ཞེས་གསུངས་པ་ལྟར་རྒྱ་བོད་མཁས་གྲུབ་ཀྱི་གཞུང་དག་གོང་འོག་བསྒྲིགས་ན་འདིའི་མུན་པ་ལ་ཉོན་མོངས་ཅན་གྱི་མུན་པས་ཀྱང་མ་ཁྱབ་ལ། །དེས་ན་ཡང་དག་པའི་དོན་ནམ་སྐྱེ་མཆེད་བཅུ་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མཐོང་བ་ལ་བར་དུ་གཅོད་པར་བྱེད་པའི་གེགས་སུ་གྱུར་པའི་མཚན་ཉིད་འདི་ནི་གཞུང་དང་མཐུན་ཞིང་མ་ཁྱབ་ཁྱབ་ཆེ་མི་སྲིད་གསུམ་གྱི་སྐྱོན་དང་བྲལ་བའི་མཚན་ཉིད་ཡང་དག་ཅིག་ཏུ་འདོད་དོ། །འོ་ན་འགའ་ཞིག་ན་རེ། བྱེ་བྲག་སྨྲ་བའི་ལུགས་ལ་ཐོབ་པ་ཞེས་པའི་སྐད་གྲགས་ཅན་ཞིག་ཡོད་པས་མུན་པའམ་མ་རིག་པའི་ཐོབ་པའང་མུན་པའམ་མ་རིག་པ་ཡིན་པས་མཚན་ཉིད་དེ་ལ་ཁྱབ་མེད་ཀྱི་སྐྱོན་སྨྲ་ན། དེ་ནི་ཤིན་ཏུ་མི་འཐད་པར་སེམས་ཏེ་རང་འགྲེལ་ལམ་ཆོས་མངོན་པའི་མཛོད་ཀྱི་བཤད་པ་ལས།30 དེ་ལ་རྨོངས་པ་ཞེས་བྱ་བ་ནི་མ་རིག་པ་སྟེ། མི་ཤེས་པ་དང་མི་གསལ་བའོ། །ཞེས་དང་། གཞན་མཆིམས་ཆེན་གྱི་མཆན་སོགས་སུའང་མིང་གི་རྣམ་གྲངས་ལ་མི་ཤེས་པ་དང་། མ་རིག་པ་དང་རྨོངས་པ་སོགས་གསལ་བ་ལྟར་ལུང་རིགས་གང་གི་སྒོ་ནས་བསམས་ཀྱང་མ་རིག་པའམ་མུན་པ་ལ་ཤེས་པས་ཁྱབ་པ་དང་། བྱེ་བྲག་སྨྲ་བའི་ལུགས་ལ་ཐོབ་པ་ལ་རྫས་ཀྱི་ངོ་བོར་གྱུར་པའི་ལྡན་མིན་འདུ་བྱེད་ཀྱིས་ཁྱབ་པས་ན་ཤེས་པ་དང་ལྡན་མིན་འདུ་བྱེད་ཀྱི་གཞི་མཐུན་མི་སྲིད་པ་དང་། གཞན་བྱེ་བྲག་སྨྲ་བའི་ལུགས་ལ་ཁྱོད་ཀྱི་ཐོབ་པ་ཡོད་པ་དང་ཁྱོད་ཀྱི་ཐོབ་པ་ཁྱོད་ཡིན་པ་གཉིས་ལ་མུ་གསུམ་ཡོད་པས། དེའི་སྒོ་ནས་ངེས་པར་བྱ་ནུས་ན་སྐྱོན་དང་དོགས་པ་དེའི་རིགས་གང་ཡང་འབྱུང་མི་སྲིད་པར་སེམས་སོ།།
གཉིས་པ། སློབ་དཔོན་རྒྱལ་སྲས་དང་གང་སྤེལ་གཉིས་ཀྱི་དགོངས་པ་འགལ་མེད་དུ་སྒྲུབ་པ་ལ། རྒྱ་གར་མཁས་པས་མུན་པའམ་མ་རིག་པ་ངོས་འཛིན་གནང་སྟངས་ཀྱི་སྐབས་ནས་སློབ་དཔོན་བློ་གྲོས་བརྟན་པ་དང་གང་སྤེལ་གཉིས་ཀྱིས། ཉིད་དམ་ཁོ་ནའི་སྒྲ་སྦྱར་ནས་དམིགས་བསལ་གྱིས་རྩལ་འདོན་བྱས་པས་གོ་དོན་དུའང་། སློབ་དཔོན་བློ་གྲོས་བརྟན་པའི་ཆོས་མངོན་པ་མཛོད་ཀྱི་བཤད་པའི་རྒྱ་ཆེར་འགྲེལ་པ་དོན་གྱི་དེ་ཁོ་ན་ཉིད་ལས།31 འདིར་ཡང་དག་པའི་དོན་མཐོང་བའི་གེགས་སུ་གྱུར་པས་འདྲ་བའི་ཕྱིར་མི་ཤེས་པ་ཁོ་ན་མུན་པའོ་ཞེས་བསྟན་པའི་ཕྱིར་མི་ཤེས་པ་ནི་ཞེས་དང་། སློབ་དཔོན་གང་སྤེལ་གྱི་ཆོས་མངོན་པ་མཛོད་ཀྱི་མཚན་ཉིད་རྗེས་སུ་འབྲང་བ་ལས།32 འདིར་ཡང་དག་པའི་དོན་མཐོང་བའི་གེགས་སུ་འདྲ་བས་མི་ཤེས་པ་ཉིད་མུན་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཞེས་གསུངས་ལ། མཆིམས་ཀྱི་མཆན་དུ་ཁོད་པ་ལྟར་ནའང་རིག་པ་ཡེ་ཤེས་ཀྱི་དངོས་ཀྱི་འགལ་ཟླ་ཁོ་ན་ཡིན་པ་ལྟ་བུར་འདོད་པ་དང་། སློབ་དཔོན་རྒྱལ་སྲས་ཀྱི་མདོ་ལུང་ཁ་ཤས་དྲངས་ཏེ་ཉོན་མོངས་ཅན་དང་ཉོན་མོངས་ཅན་མ་ཡིན་པ་གཉིས་ཀ་འདིར་བསྟན་མུན་པ་ལ་འདོད་པས་སློབ་དཔོན་འདི་གཉིས་ཀྱི་དགོངས་པ་མི་མཐུན་པ་ཡོངས་གྲགས་ལྟ་བུ་ཡིན་པར་འདོད་མོད། དེ་ལྟར་ན་སློབ་དཔོན་གང་སྤེལ་རང་ཉིད་ལ་ནང་འགལ་སླེབས་པའི་སྐྱོན་དང་། གཞན་སློབ་དཔོན་དབྱིག་གཉེན་གྱི་དགོངས་པ་མ་རྟོགས་པ་སོགས་ཀྱི་སྐྱོན་དུ་འགྱུར་བས་འདིར་སློབ་དཔོན་གང་སྤེལ་གྱིས་ཉིད་སྒྲ་སྨོས་པ་ནི་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་དབུ་མ་རྒྱན་གྱི་རྣམ་བཤད་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ལས།33 དོན་དུ་མ་ལ་ཐུན་མོང་དུ་མ་གྲགས་པའི་ཚིག་རྣམས་ནི་དོན་གྱི་རྣམ་པར་བཅད་པ་ལ་མི་ལྟོས་པར་དངོས་པོ་གཅིག་གི་རྗོད་བྱེད་དུ་ངེས་པ་མེད་དེ། ཞེས་གསུངས་པ་ལྟར་འདིར་ཉིད་དམ་ཁོ་ན་ཞེས་པ་ནི། གཞན་ལྡན་རྣམ་བཅད་ཀྱི་སྒྲ་མ་ཡིན་པར་གཙོ་བོའི་རྗོད་བྱེད་དུ་གོ་དགོས་པ་སློབ་དཔོན་གང་སྤེལ་རང་ཉིད་ཀྱི་དགོངས་པ་དྲི་མ་མེད་པ་སྟེ། ཆོས་མངོན་པ་མཛོད་ཀྱི་མཚན་ཉིད་རྗེས་སུ་འབྲང་བ་ལས།34 གལ་ཏེ་འདོད་ཆགས་ལ་སོགས་པ་དག་ཀྱང་ཤེས་བྱ་ཐམས་ཅད་ལ་ཕྱིས་མི་སྐྱེ་བའི་ཆོས་ཅན་དུ་གྱུར་པའི་ཕྱིར་གཏན་རྣམ་པ་ཐམས་ཅད་དུ་བཅོམ་པ་ཡིན་ན། ཅིའི་ཕྱིར་མི་ཤེས་པ་ཁོ་ནའི་སྒོ་ནས་བཅོམ་ལྡན་འདས་ལ་བསྟོད་པ་བརྗོད་ཅེ་ན། མི་ཤེས་པ་ནི་གཙོ་བོ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་མི་ཤེས་པའམ་མ་རིག་པ་ཉིད་དམ་ཁོ་ན་ཞེས་བརྗོད་པ་ནི་གཙོ་བོ་ལ་གོ་བ་སློབ་དཔོན་རང་ཉིད་ཀྱི་དགོངས་པ་རང་ཉིད་ཀྱིས་བཀྲལ་བ་གཞུང་དུ་གསལ་གསལ་རྗེན་རྗེན་ཡིན་པ་དང་། དེའང་སློབ་དཔོན་དབྱིག་གཉེན་གྱི་དགོངས་པའང་ཡིན་ཏེ། མཛོད་རྩ་བ་ལས།35 རྨོངས་ལས་ཐེ་ཚོམ་དེ་ནས་ནི། །ལོག་ལྟ་དེ་ནས་འཇིག་ཚོགས་ལྟ། །དེ་ནས་མཐར་འཛིན་དེ་ནས་ནི། །ཚུལ་ཁྲིམས་མཆོག་འཛིན་དེ་ནས་ལྟ། །རང་གི་ལྟ་ལ་ང་རྒྱལ་ཆགས། །གཞན་ལ་ཞེ་སྡང་དེ་ལྟར་རིམ། །ཞེས་གསུངས་པ་ལྟར་རོ།།
མཐའ་སྡོམ་དེ་ཡང་སློབ་དཔོན་གང་སྤེལ་གྱིས་ཁོ་ན་སྨོས་དགོས་པའང་སློབ་དཔོན་དབྱིག་གཉེན་གྱིས་གང་ཞིག་ཀུན་ལ་འདོད་ཆགས་གཏན་བཅོམ་ཞིང་མ་གསུངས་པར་གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང་གསུངས་པའི་གནད་དེར་ཐུག་ཡོད་པར་སེམས་ལ། དེ་གསུངས་དགོས་པའི་རྒྱུ་མཚན་ཡང་གོང་དུ་དྲངས་མ་ཐག་པའི་ལུང་དེ་དག་ཏུ་གསལ་བ་ལྟར་རོ། །དེའི་ཕྱིར་སློབ་དཔོན་གང་སྤེལ་གྱིས་རྨོངས་པའམ་མ་རིག་པ་མི་ཤེས་པ་ནི་གཙོ་བོ་ལ་སྦྱར་བ་དེས། སློབ་དཔོན་རྣམ་གཉིས་ཀྱི་དགོངས་པ་གཅིག་ཏུ་གྲུབ་པར་མ་ཟད་སློབ་དཔོན་དབྱིག་གཉེན་གྱི་དགོངས་པ་དང་ཡང་ཤིན་ཏུ་མཐུན་པར་སེམས་སོ།།

ཞར་བྱུང་མཇུག་བསྡུ་བ།

རང་ཉིད་ཀྱི་བརྩོན་འགྲུས་ཀྱི་རྟ་ཕོ་དང་ཤེས་རབ་ཀྱི་བང་གིས་ལྕོགས་ན། ཆོས་མངོན་པའི་གླེགས་བམ་གྱི་ཐང་ལ་ཟད་མཐའ་མེད་པས། ངོ་མཚར་བ་དང་གྱ་ནོམ་པའི་ཤེས་བྱའི་ལྟད་མོ་ཡོད་པས། ཇི་ལྟ་ཇི་ལྟར་རྣམ་བསམ་པ་དེ་ལྟ་དེ་ལྟར་དུ་ནི་ཡིད་ཆེས་འཕེལ་ལོ། །ཐེངས་འདིར་སྐབས་བབས་འདིའི་མུན་པའམ་མ་རིག་པའི་སྐོར་ལ་ཅུང་ཙམ་ལྟ་ཀློག་གི་གོ་སྐབས་ཐོབ་པ་དང་རྒྱ་བོད་མཁས་པའི་གསུང་རྩོམ་དག་ཏུ་ཆུ་ལ་ཆུ་བཞག་གི་འདུ་ཤེས་ཕྱོགས་རེ་བ་རེ་སྐྱེས་པ་དང་། མཁས་པ་དག་གི་རྣམ་དཔྱོད་ཀྱི་རྩལ་འདོན་སྟངས་ལས་ཤེས་བྱ་དག་ལ་གསལ་ཁ་བཏོད་སྟངས་མི་འདྲ་བ་དང་། ད་དུང་མཚན་ཉིད་ལྟ་གྲུབ་དེ་དག་ཁོང་དུ་ཆུད་པར་ལོ་རྒྱུས་ཀྱི་ཟུར་སྣེ་ནས་ཀྱང་ལྟ་ཐུབ་པ་ཅིས་ཀྱང་གལ་ཆེན་དུ་སེམས་པ་དང་། འདིར་ཡང་རང་ཉིད་སྐབས་བབས་འདི་དང་འབྲེལ་ཡོད་ཀྱི་ལོ་རྒྱུས་ཁག་ལ་མིག་ལྡོང་པས་དེའི་ཚོད་ཀྱིས་གསལ་ཁ་འདོན་མ་ཐུབ་པ་དང་། འདིར་འབྲི་སྟངས་ཀྱང་བརྗོད་བྱ་འདིའི་འབྲེལ་ཆེ་ཤོས་རང་འགྲེལ་ལམ། ཆོས་མངོན་པའི་མཛོད་ཀྱི་བཤད་པ། གཞིར་འཇོག་ཅི་ཐུབ་བྱས་པ་དང་། འདིར་རང་ཉིད་ཀྱིས་བཞག་པའི་མཚན་ཉིད་ཀྱང་རང་གི་དཔེ་ཀློག་གི་བརྒྱུད་རིམ་དུ་རྒྱ་བོད་མཁས་པའི་འགྲེལ་བཤད་དག་དང་གོང་འོག་མི་མཐུན་མེད་པར་འདོད་མོད་ད་དུང་ཞན་ཆ་ཏན་ཏན་ཡོད་ངེས་པ་དང་། གཞན་མཁས་གྲུབ་དག་གི་དགོངས་པ་འགལ་མེད་དུ་སྒྲུབ་པ་གལ་ཆེ་མིན་དང་། བསྒྲུབས་ཐུབ་ཡོད་མེད་མི་ཤེས་ཀྱང་རང་གི་དཔེ་ཀློག་གི་གོ་རིམ་ཁྲོད་ཀྱི་གྲུབ་དོན་ལྟར་སློབ་དཔོན་ཁོང་གཉིས་ཀྱི་དགོངས་པ་འགལ་བ་མེད་པར་མཐུན་པར་འདོད་པས་ས་བཅད་གཅིག་གི་ཚུལ་དུ་བཤད་པ་སོགས། མདོར་ན་རང་གི་གང་བཤད་པ་ཐམས་ཅད་ལ་ནོར་འཁྲུལ་ངེས་ཅན་ཡོད་པས་སྦ་གསང་མེད་པར་གཙོ་བོ་བརྒལ་བརྟག་གི་ལམ་ནས་ཚིག་དོན་གཉིས་ཆར་ལ་ཀློག་པ་པོ་ཡོངས་ཀྱིས་ཡོ་བསྲང་ཡོང་བའི་རེ་ཞུ་བཅས་སོ།།

སླར་སྨྲས་པ།

མཁས་པ་དགྱེས་པའི་དཀའ་གནད་མི་ཁྲོལ་ཞིང་།།
གཞན་ལ་ཕན་པའི་སྤོབས་པ་མ་མཆིས་མོད།།
སྟབས་བདེ་ལུང་ཁུངས་ཅན་གྱི་དཔྱད་རྩོམ་འདི།།
རང་བློ་ལེགས་བཤད་གོམས་ཕྱིར་སྦྱར་བ་ཡིན།།

འདིར་འབད་ཐོས་པ་བགྱིས་པའི་རྣམ་དཀར་ཚོགས།།
ཞི་བ་ཐར་པའི་ལམ་དུ་བསྔོས་བྱས་ནས།།
འགྲོ་ཀུན་བདེ་ལ་བཀོད་པའི་ནོར་གཅིག་པུ།།
སངས་རྒྱས་བསྟན་པ་དར་ཞིང་རྒྱས་གྱུར་ཅིག།

དཔྱད་གཞིའི་ཡིག་ཆ་ཁག་གི་ལུང་ཁུངས།

1 རྣམ་གླིང་པར་མ། རྩ་བ། ༡༦ ཤོག་གྲངས། ༢༡༥ པར་གསལ།
2 ཨ་དར་ཤ དཀོན་བརྩེགས། ཀ པོད་གྲངས། 39 ཆོས་ཚན། 16 ལྡེབ་གྲངས། 161b པར་གསལ།
3 སེར་བྱེས་པར་མ། དེབ་གཟུགས། ཤོག་གྲངས། ༠༤ པར་གསལ།
4 ཡེ་ཤེས་སྡེ་པར་མ། བསྟན་འགྱུར་སྤྱིའི་དེབ་གྲངས། ༡༧༩ ཤོག་གྲངས། ༡༢ པར་གསལ།
5 ཡེ་ཤེས་སྡེ་པར་མ། བསྟན་འགྱུར་སྤྱིའི་དེབ་གྲངས། ༡༧༩ ཤོག་གྲངས། ༠༣ པར་གསལ།
6 སྣར་ཐང་པར་མ། དཔེ་རིང་དེབ་གྲངས། ༡༥༣ ཤོག་གྲངས། ༠༩ པར་གསལ།
7 ཤོག་གྲངས། ༠༣ རྩ་དེབ། ཤོག་གྲངས། ༩༢ པར་གསལ།
8 ༠༡༽ ཆོས་མངོན་པའི་མཛོད་ཀྱི་བཤད་པ། ༠༢༽ ཆོས་མངོན་པ་མཛོད་ཀྱི་བསྟན་བཅོས་ཀྱི་ཚིག་ལེའུར་བྱས་པའི་རྣམ་པར་བཤད་པ། ༠༣༽ ཆོས་མངོན་པ་མཛོད་ཀྱི་བཤད་པའི་རྒྱ་ཆེར་འགྲེལ་པ་དོན་གྱི་དེ་ཁོ་ན་ཉིད། ༠༤༽ ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད། ༠༥༽ ཆོས་མངོན་པ་མཛོད་ཀྱི་མཚན་ཉིད་རྗེས་སུ་འབྲང་བ། (ཆེ་བ།) ༠༦༽ ཆོས་མངོན་པ་མཛོད་ཀྱི་མཚན་ཉིད་རྗེས་སུ་འབྲང་བ། (ཆུང་བ།) ༠༧༽ ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་ཉེ་བར་མཁོ་བ། ༠༨༽ ཆོས་མངོན་པ་མཛོད་ཀྱི་འགྲེལ་པ་གནད་ཀྱི་སྒྲོན་མེ། ༠༩༽ ཆོས་མངོན་པ་ལ་འཇུག་པ་རྒྱ་ཆེར་འགྲེལ་པ་སྙིང་པོ་ཀུན་ལས་བཏུས་པ།
9 ཡེ་ཤེས་སྡེ་པར་མ། བསྟན་འགྱུར་དེབ་གྲངས། ༡༧༩ ཤོག་གྲངས། ༠༣ པར་གསལ།
10 ཡེ་ཤེས་སྡེ་པར་མ། བསྟན་འགྱུར་དེབ་གྲངས། ༡༨༠ ཤོག་གྲངས། ༠༣ པར་གསལ།
11 སྣར་ཐང་བསྟན་འགྱུར། དཔེ་རིང་དེབ་གྲངས། ༢༡༧ ཤོག་གྲངས། ༡༨ པར་གསལ།
12 སྣར་ཐང་བསྟན་འགྱུར། དཔེ་རིང་དེབ་གྲངས། ༡༥༣ ཤོག་གྲངས། ༠༩ པར་གསལ།
13 སྣར་ཐང་བསྟན་འགྱུར། དཔེ་རིང་དེབ་གྲངས། ༡༥༥ ཤོག་གྲངས། ༡༣ པར་གསལ།
14 ཡེ་ཤེས་སྡེ་པར་མ། བསྟན་འགྱུར་དེབ་གྲངས། ༡༨༧ ཤོག་གྲངས། ༠༣ པར་གསལ།
15 ཝ་ཎཱ་དགེ་ལྡན་སྤྱི་ལས་ཁང་། དེབ་གཟུགས། ཤོག་གྲངས། Xiii པར་གསལ།
16 སེར་བྱེས་པར་མ། དེབ་གཟུགས། ཤོག་གྲངས། ༠༣ པར་གསལ།
17 རྣམ་གླིང་པར་མ། དེབ་གཟུགས། ཤོག་གྲངས། ༠༧ པར་གསལ།
18 རྣམ་གླིང་པར་མ། དེབ་གཟུགས། ཤོག་གྲངས། ༠༣ པར་གསལ།
19 སྣར་ཐང་བསྟན་འགྱུར། དཔེ་རིང་དེབ་གྲངས། ༡༥༣ ཤོག་གྲངས། ༠༩ པར་གསལ།
20 སྣར་ཐང་བསྟན་འགྱུར། དཔེ་རིང་དེབ་གྲངས། ༡༥༥ ཤོག་གྲངས། ༡༣ པར་གསལ།
21 སྣར་ཐང་བསྟན་འགྱུར། དཔེ་རིང་དེབ་གྲངས། ༡༥༣ཤོག་གྲངས། ༡༠ པར་གསལ།
22 སྣར་ཐང་བསྟན་འགྱུར། དཔེ་རིང་དེབ་གྲངས། ༢༡༧ ཤོག་གྲངས། ༡༨ པར་གསལ།
23 སེར་བྱེས་པར་མ། དེབ་གཟུགས། ཤོག་གྲངས། ༠༣ པར་གསལ།
24 རྣམ་གླིང་པར་མ། དེབ་གཟུགས། ཤོག་གྲངས། ༢༡༥ པར་གསལ།
25 ཡེ་ཤེས་སྡེ་པར་མ། བསྟན་འགྱུར་སྤྱིའི་དེབ་གྲངས། ༡༧༩ ཤོག་གྲངས། ༠༣ པར་གསལ།
26 རྣམ་གླིང་པར་མ། དེབ་གཟུགས། ཤོག་གྲངས། ༠༦ པར་གསལ།
27 རྣམ་གླིང་པར་མ། དེབ་གཟུགས། ཤོག་གྲངས། ༢༨ པར་གསལ།
28 ཡེ་ཤེས་སྡེ་པར་མ། བསྟན་འགྱུར་སྤྱིའི་དེབ་གྲངས། ༡༧༩ ཤོག་གྲངས། ༠༣ པར་གསལ།
29 སྣར་ཐང་བསྟན་འགྱུར། དཔེ་རིང་དེབ་གྲངས། ༡༥༥ཤོག་གྲངས། ༡༣ པར་གསལ།
30 ཡེ་ཤེས་སྡེ་པར་མ། བསྟན་འགྱུར་སྤྱིའི་དེབ་གྲངས། ༡༧༩ ཤོག་གྲངས། ༡༡༢ པར་གསལ།
31 སྣར་ཐང་བསྟན་འགྱུར། དཔེ་རིང་དེབ་གྲངས། ༢༡༧ ཤོག་གྲངས། ༡༨ པར་གསལ།
32 སྣར་ཐང་བསྟན་འགྱུར། དཔེ་རིང་དེབ་གྲངས། ༡༥༥ ཤོག་གྲངས། ༡༣ པར་གསལ།
33 རྣམ་གླིང་པར་མ། དེབ་གཟུགས། ཤོག་གྲངས། ༢༤ པར་གསལ།
34 སྣར་ཐང་བསྟན་འགྱུར། དཔེ་རིང་དེབ་གྲངས། ༡༥༥ ཤོག་གྲངས། ༡༤ པར་གསལ།
35 རྣམ་གླིང་པར་མ། རྩ་དེབ། ཤོག་གྲངས། ༢༦༧ པར་གསལ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།