སྤྱི་ལོ་ ༢༠༢༡ ལོའི་ལོ་རིམ་གསུམ་པ་དང་བཞི་པའི་སློབ་གཉེར་བ་རྣམས་ཀྱི་«སྙན་གཞུང་མེ་ལོང་མའི་རྒྱན་གྱི་དཔེར་བརྗོད་རྩེ་ཕུད་རིགས་བདམས་བཀོད།»

སེམས་ལྡན་རབ་རྟོག
དཔྱིད་ཀྱི་ཕོ་ཉས་མཐོ་སྒང་རི་སུལ་ནས།།
སྔོ་ལྗང་མདངས་ཀྱིས་མཛེས་པའི་དབྱར་དུས་ཀྱི།།
དཀར་དམར་མེ་ཏོག་མྱུར་དུ་ཡལ་དོགས་ནས།།
དྲུག་འགྱུར་རྒྱང་གླུ་ལེན་པ་མིན་ནམ་སྙམ།།

ཤེས་རབ་གཏིང་མཐའ་བྲལ་བའི་དམར་སེར་ལྷས།།
སྙིགས་དུས་འགྲོ་རྣམས་ཐུགས་ལ་རབ་བཏགས་ནས།།
ཐེག་ཆེན་ཆོས་སྒྲ་སྒྲོག་པའི་ཁྲི་འཕང་སྟེང་།།
བཤེས་གཉེན་དམ་པའི་ཚུལ་དུ་བྱོན་པར་ངེས།།

ལོ་རིམ་བཞི་པ་ཀ་སྡེའི་སློབ་གཉེར་བ། བློ་བཟང་བསྟན་འཛིན།

གཟི་བརྗིད་ཀྱི་རྒྱན།
སྔ་འགྱུར་མཁས་པའི་ཁྱུ་མཆོག་ཀློང་ཆེན་པས།།
ལྟ་དམན་རི་དྭགས་ཚོགས་རྣམས་སྐྲག་མཛད་ཅེས།།
འཇིགས་པར་མི་འོས་ཆོས་བཞིན་སྤྱོད་པ་རྣམས།།
བརྩེ་བའི་ཐུགས་རྗེས་ལེགས་པར་བསྐྱངས་ཞེས་སོ།།

ལོ་རིམ་བཞི་པ་ཀ་སྡེའི་སློབ་གཉེར་བ། པེ་རེམ་རྡོ་རྗེ།

གྲགས་པ་ཕུལ་བྱུང་གི་རྒྱན།
གྲུབ་དབང་བླ་མའི་རྣམ་དག་ཚུལ་ཁྲིམས་ཀྱིས།།
ལེགས་པར་གཏམས་པའི་ཕུང་པོའི་ཁུར་གྱིས་ལྗིད།།
འདེགས་པར་བཟོད་པའི་ནོར་འཛིན་ཡངས་པའི་གཞི།།
རྒྱ་མཚོའི་ཀློང་དུ་མ་ཐིམ་ངོ་མཚར་ཆེ།།

གཞུང་ལུགས་ཀུན་ལ་སྨྲ་བ་ཐོགས་པ་མེད།།
ཐར་པའི་ཞིང་མཆོག་འདྲེན་པའི་དྲི་མེད་གསུང་།།
ཉན་པར་འདོད་པའི་རྣ་བའི་དབང་པོ་ལ།།
མ་ཉམས་བདུད་རྩི་སྤྲོ་འདི་ཨེ་མ་མཚར།།

སེམས་ཅན་ཀུན་ལ་སྙོམས་པ་བརྩེ་བའི་ཐུགས།།
ཕ་མཐའ་བྲལ་བའི་རྒྱུ་སྐར་ལམ་གྱིས་ཀྱང་།།
བསྒྲུན་དུ་མེད་པའི་གཟུགས་སྐུ་ཕུང་པོའི་ནང་།།
ཆུད་པའི་རྟེན་འདི་ཨ་ཧོ་རྨད་དུ་བྱུང་།།

ལོ་རིམ་བཞི་པ་ཀ་སྡེའི་སློབ་གཉེར་བ། བསོད་ནམས་ཕུན་ཚོགས།

ཕྱིའི་རྒྱུ་ཅུང་ཟད་སྟོན་པའི་སྲིད་པ་ཅན།
མ་བསླངས་དགྲ་རུ་སྡང་བའི་ཏོག་ནད་ཅིག།
མ་བོས་རྒྱ་ཡི་ཡུལ་ནས་འཇིག་རྟེན་ཉུལ།།
མ་སྦྱིན་ཚེ་སྲོག་འབུམ་ལ་ཧབ་ཤ་བྱས།།
མ་བསྐྲུན་ནད་ངན་འཕེལ་བ་སྙིགས་མའི་དུས།།

མ་བྲིས་འདོོད་ཡོན་རི་མོའི་བཀྲག་མདངས་ཆེ།།
མ་བཏབ་རྫས་སྙིགས་ཟས་ཀྱི་ལོངས་སྤྱོད་འཕེལ།།
མ་བསུས་ཁ་པར་བག་མའི་ལུས་ལ་འཁྱུད།།
མ་བསྒྲིབས་མུན་དུས་གྲྭ་ཆུང་སྙིང་རེ་རྗེ།།

ལོ་རིམ་བཞི་པ་ཁ་སྡེའི་སློབ་གཉེར་བ། སྤྲུལ་པདྨ་ཚེ་མཆོག་རྡོ་རྗེ།

སེམས་མེད་རབ་རྟོག
ལམ་བཟང་དམ་པའི་ཆོས་ཀྱི་བདུད་རྩི་ཡིས།།
ཉོན་མོངས་དུག་ཚོགས་ཅིག་ཆར་བཀྲུས་པ་ན།།
རིང་ནས་འཐིབས་པའི་མ་རིག་མུན་པ་ཡི།།
བཞིན་རས་བསྒྲིབས་ནས་བྲོས་པའི་ལས་ལ་བརྩོན།།

ལོ་རིམ་བཞི་པ་ཁ་སྡེའི་སློབ་གཉེར་བ། བསོད་ནམས་ཚེ་རིང་།

རྣམ་འགྱུར་གྱི་དཔེ།
མཁས་རྒུའི་གཙུག་རྒྱན་མི་ཕམ་བླ་མའི་ཐུགས།།
རྒྱལ་བ་ཀུན་ཀྱི་དགོངས་པ་བཏུས་པ་བཞིན།།
གང་གི་ལེགས་བཤད་ཟབ་མོ་བདུད་རྩིའི་བཅུད།།
ཚངས་སྲས་མ་ཡི་གསུང་ལས་འཕོས་པ་བཞིན།།

ལོ་རིམ་གསུམ་པ་ཀ་སྡེའི་སློབ་གཉེར་བ། ཀུན་དགའ་དབང་ཕྱུག

དགག་པའི་དཔེ།
ལུས་ཕྲའི་བཞིན་རས་མཚར་ཡང་འཁོར་བའི་ཆོས།།
བསིལ་ཟེར་བདེ་བ་སྟེར་ཡང་སྐད་ཅིག་ཙམ།།
དཔལ་ལྡན་བླ་མའི་གསུང་གི་བྱིན་རླབས་དང་།།
ཆ་ཙམ་འགྲན་པར་ནུས་པའི་སྐལ་བ་མེད།།

ལོ་རིམ་གསུམ་པ་ཀ་སྡེའི་སློབ་གཉེར་བ། ཚེ་དབང་མགོན་པོ།

ཕན་ཚུན་གྱི་དཔེ།
དཔྱིད་ཀྱི་རྒྱལ་མོའི་ངག་གི་འགྱུར་ཁུག་སྙན་མོ་བཞིན།།
མཁས་དབང་ཚོགས་ཀྱི་སྙན་ཚིག་གཞུང་བཟང་རབ་ཏུ་མཛེས།།
དཔྱིད་ཀྱི་དཔལ་ཡོན་ཁྲོད་ན་བུང་བའི་དགའ་སྟོན་ལྟར།།
བློ་ཆུང་བྱིས་པ་བདག་ཀྱང་མཁས་པའི་གསུང་ལ་རོལ།།

ལོ་རིམ་གསུམ་པ་ག་སྡེའི་སློབ་གཉེར་བ། ལྷག་པ་འཆི་མེད།

འགལ་བའི་དཔེ།
དྲི་བསུང་འཐུལ་བའི་ཙན་དན་ལྗོན་པ་དང་།།
རབ་མཛེས་འདབ་མ་རྒྱས་པའི་པདྨའི་ཚལ།།
ཕུལ་བྱུང་སྤྱི་ཚོགས་གསར་པའི་དགེ་མཚན་རྣམས།།
མཚུངས་ཀྱང་ཕན་ཚུན་རྣམ་པར་འགལ་བ་ཉིད།།

ལོ་རིམ་གསུམ་པ་ག་སྡེའི་སློབ་གཉེར་བ། སཱ་རྡིབ་རྟ་དམག

ཐེ་ཚོམ་གྱི་དཔེ།
ཐོགས་རེག་མེད་པའི་རྒྱ་ཆེའི་ལྷ་ལམ་དུ།།
མཛེས་སྡུག་རྣམ་པར་གཡོ་བའི་མཚམས་སྤྲིན་ནམ།།
ཡང་ན་ལྷོ་ཕྱོགས་བེ་ཏའི་ཡུལ་ལྗོངས་སུ།།
སྡོམ་ལྡན་རབ་བྱུང་འདུས་སམ་འཕྱང་མོ་ཉུག།

ཁྱོན་ཡངས་མཚར་སྡུག་ལྡན་པའི་སྐྱེད་ཚལ་དུ།།
ཡིད་འོང་ཆ་ཤས་རྫོགས་པའི་པདྨ་འམ།།
ཡང་ན་དྲིན་ཆེན་ཨ་མའི་བཞིན་རས་ཀྱི།།
དགའ་བའི་འཛུམ་མདངས་ཡིན་ནམ་མ་ངེས་སོ།།

ལོ་རིམ་གསུམ་པ་ཁ་སྡེའི་སློབ་གཉེར་བ། གཞན་ཕན།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།