༣༨༽ སྐད་གཉིས་ཤན་སྦྱར་རབ་གསལ་ནོར་བུའི་མེ་ལོང་།

འཇམ་མགོན་མི་ཕམ་རྣམ་རྒྱལ་རྒྱ་མཚོ།

་་་་་་འདོན་ཐེངས་སྔ་མའི་འཕྲོ།

སྨད་པའི་སྒྲ་ཀུ་འདི་ཀཱ་ར་བསྒྱུར་བ་དམན་པའམ་ཆུང་བའི་དོན་ཏེ། ཀཱ་པུ་རུ་ཥཿ སྐྱེས་བུ་ཆུང་ངུ་སོགས་དང་། ལྷན་ཅིག་པའི་སྒྲས་ཧ་སར་བསྒྱུར་བ་དཔེར་ན། ས་ཧ་པུ་ཏྲ་དང་། ས་པུ་ཏྲ། བུ་དང་བཅས་པ་ཞེས་སོགས་བསྒྱུར་བའི་རྣམ་འགྱུར་སྣ་ཚོགས་ཡོད་པ་དེ་དག་ལ་སྤྱིར་སུཔ྄་འཇུག་ཀྱང་རྣམ་དབྱེའི་དོན་རྐྱེན་དེ་དག་གིས་གྲུབ་པ་ལ་དེའི་སུཔྲ་འཇིག་པ་སོགས་གཞུང་བཞིན་ཤེས་པར་བྱའོ།།

དེར་མ་ཟད་ཚིག་ཕྲད་ཀྱིས་བསྒྲུབ་པ། ཡི་གེ་བསྒྱུར་བའི་བྱེ་བྲག་པྲ་ཥོ་ད་ར་ལ་སོགས་པ་རྣམས་སོ་ཞེས་གྲགས་པ་དེ་དག་གི་སྡེ་ཚན་ནི། པྲཥ་དུ་དར་མ་སྱ། འདིའི་ལྟོ་བ་བཀྲ་པ་ཞེས་པ་བསྡུས། ཚིག་ཕྲད་ལས་པྲ་ཥདྲ་ཀྱི་ཏ་ཕྱིས། ཨུ་ད་ར་དང་མཚམས་སྦྱར། རྣམ་དབྱེ་དང་པོ་བྱིན་པས། པྲ་ཥོ་ད་རཾ། ལྟོ་བ་བཀྲ་བ། པྲི་ཥཏྲཀྱི་སྒྲ་འདི་རི་དྭགས་ཀྱི་བྱེ་བྲག་ཐིག་ལེ་བཀྲ་བ་ལའང་འཇུག པྲ་ཥ་དུ་དྭཱ་ན་མ་སྱ། འདིའི་བ་ཞོན་པ་རི་དྭགས་ཁྲ་བོ་ཞེས་པ་བསྡུས་པས། པྲ་ཥོ་དྭཱ་ནཾ། རི་དྭགས་བཞོན་པ། བཱ་རི་བཱ་ཧ་ཀཿ  ཆུའི་བཞོན་པ་སྟེ་སྤྲིན། འདིའི་བཱ་རིའི་རི་ལ་རུ་བསྒྱུར། བཱ་ཧ་ཀའི་བ་ཕྱིས་ནས་མཚམས་སྦྱར་བས། བ་ལཱ་ཧ་ཀཿ  ཞེས་རྟའི་མིང་ལ་འཇུག་སྟེ་སྤྲིན་དང་འདྲ་དོན་ཡིན་ལ་སྤྲིན་ཤུགས་ཅན་དུའང་བསྒྱུར། ཛཱི་བ་ན་སྱ་མཱུ་ཏོ་྅་ནེ་ན། འདི་ས་ཆུ་བཅིངས་པ་ཞེས་པའི་སྒྲ་གཞན་བསྡུས་ནས་ཛཱི་བ་ནའི་ན་ཕྱིས། ཛཱི་མཱུ་ཏཿ  ཞེས་གྲུབ་པ་སྤྲིན་གྱི་མིང་ངོ་། །ཤ་བཱ་ནཾ་ཤ་ཡ་ན། རོ་རྣམས་ཀྱི་གནས་ཞེས་པ་བསྡུས། ཤཱ་བ་ནཾ་ཤྨ་རུ་བསྒྱུར། ཤ་ཡ་ན་ནཱ་ན་རུ་བསྒྱུར་བས། ཤྨ་ཤཱ་ནཾ། དུར་ཁྲོད་དོ། །བི་ཤི་ཏ་མཱ་ཤཿ  ཞེས་པའི་བི་ཤི་ཏ་པི་རུ་བསྒྱུར། ཨ་ཤ་ཤ་ཙ་རུ་བསྒྱུར་བས། པི་ཤཱ་ཙཿ  ཤ་བྲའོ། །ཨུརྔྔྷཾ་ཁ་སྱ། འདིའི་བུ་ག་སྟེང་དུ་ཞེས་པའི་སྒྲ་བསྡུས། ཨུརྔྔྷ་ཨུ་དཱུའམ། ཨུ་ལཱུ་ཞེས་སུ་བསྒྱུར། ཁ་ཁ་ལ་རུ་བསྒྱུར་བས། ཨུ་དཱུ་ཁ་ལཾ། དང་། ཨུ་ལཱུ་ཁ་ལཾ། གཏུན་ནོ། །བྲུ་བནྟོ་྅་སྱཱཾ་སཱི་དནྟི། སྙན་པར་སྨྲ་བ་རྣམས་འདི་ལ་གནས་པར་བྱེད་དོ། །ཞེས་པ་བསྡུས། བྲུ་བ་ཏ་བྲ་རུ་བསྒྱུར། སི། དནྟི་དབྱངས་རྐྱེན་ལས་ས་རུ་བསྒྱུར། གཽ་ར་སོགས་ལས་དཱིཥ྄་སྦྱར་ཏེ་བསྒྲུབ་པས། བྲ་སཱི། གདན་ཏེ་གྲུབ་དང་བྲམ་ཟེ་བརྟུལ་ཞུགས་ཅན་གྱི་གདན་གྱི་མིང་ངོ་། །མ་ཧྱཱཾ་ཨ་ཏི་ཤ་ཡེ་ན་རཽ་ཏི། ས་ལ་ཕུལ་དུ་བྱུང་བ་སྒྲོགས་པར་བྱེད་དོ། །ཞེས་པ་བསྡུས། མ་ཧི་མ་ཡཱུ་རུ་བསྒྱུར། ར་བར་ར་རུ་བསྒྱུར་བས། མ་ཡཱུ་རཿ  སར་སྒྲོགས་ཏེ་རྨ་བྱའོ། །མ་ཧྱཱཾ་ཤེ་ཏེ། ས་ལ་ཉལ་བར་བྱེད་དོ་ཞེས་པའི་མ་ཧཱི་མ་ཧི་དང་། ཤ་ཡ་ན་ཥ་རུ་བསྒྱུར་བས། མ་ཧི་ཥཿ  སར་ཉལ་ཏེ་མ་ཧེའི་མིང་ངོ་། །ཨ་པྶུ་ལུ་ལ་ཏི། ཆུ་འགྲེ་བར་བྱེད་དོ་ཞེས་པའི་ལུ་ལ་དང་ཨ་པ྄་ཏུ་བསྡུས། ལའི་སྲོག་གི་ཨཔ྄་ལ་བཅུག་ཅིང་། ལ་སྲོག་མེད་ཨ་པ྄་ཀྱི་ཨ་ལ་དྲངས་པའི་ཚུལ་གྱིས་ཡི་གེ་གོ་བཟློག

གཞན་རྣམས་ཀྱིའང་ངོས་རིང་པོ་བྱས་པས། ལུ་ལཱ་པཿ ཆུར་འགྲེ་སྟེ་མ་ཧེའི་མིང་ངོ་། །ཥཊྩ་ད་ཤ་ཙ། དྲུག་རྣམས་དང་བཅུ་རྣམས་དང་ཞེས་བསྡུས། ཥ་ཥ་གི་ཥ་ཨུ་མཚམས་སྦྱར། ད་ཌ་ཛས་འཇིག །སུ་པྲའི་རང་བཞིན་གྱིས་ཕྱིས། ཥོད་ཤཿ  བཅུ་དྲུག །ཀྲ་ཙྖེ་ཎ་དཱ་སྱ་ཏེ།  ཚེགས་ཀྱིས་སྦྱིན་པར་བྱེད་དོ་ཞེས་པའི་དོན་ལ། དུར྄་དང་དཱ་ས་ཞེས་པར་བསྡུས། དུར་དཱུ་ཞེས་པར་བསྒྱུར་བས། དཱུ་དཱ་སཿ  དཀའ་སྦྱིན་ནོ། །ཀྲ་ཙྪེ་ན་ནཱ་ཤྱ་ཏེ། ཚེགས་ཀྱིས་ཉམས་པར་བྱེད་དོ། །ཞེས་པ་དུར་དང་ནཱ་ཤར་བསྡུས་པས། དཱུ་ནཱ་ཤཿ  ཉམས་དཀའོ། །ཀྲ་ཙྩེ་ཎ་ད་བྷྱ་ཏེ། ཚེགས་ཀྱིས་ཚུལ་འཆོས་པར་བྱེད་དོ། །ཞེས་པ་དུར་དང་ད་བྷ་རུ་བསྡུས་པས། དཱུ་ད་བྷཿ  དཀའ་བའི་ཚུལ་འཆོས་སམ་ཚུལ་འཆོས་དཀའ་བའོ། །བཱ་ཀྭཱ་ད་སྱ་པ་ཏྱཾ། ངག་སྨྲའི་བུ་རྒྱུད་ཅེས་པ། བངྒུ་ལིཿ  ཞེས་པར་བསྡུས། དེ་བཞིན་འདི་རྣམས་ཀྱི་གནས་མཐོ་རིས་ཡིན་པ་ཞེས་པའི་སྒྲ། དིཔྲ་དང་ཨཽ་ཀས་སུ་བསྡུས། ཚིག་སྔ་མའི་མཐར་ཨᨙ྄་ཨཱ་ག་མ་སྦྱར། ཛས྄་བྱིན་པས། དི་བཽ་ཀ་སཿ  ལྷའི་མིང་གི་རྣམ་གྲངས་སོ། །འདིར་དི་པ་ཨཏ་མཐའ་ཅན་དང་ཨཽ་ཀས་མཚམས་སྦྱོར་བར་འདོད་པའང་ཡོད་དོ། །དེ་བཞིན་ཀ་པི་དང་། ད་དྷི་དང་། ཨ་ཤྭ་རྣམས་སྔོན་མའིསྠཱ་ལས་ཀ་རྐྱེན་དང་། ས་ཏ་རུ་བསྒྱུར་བས། ཀ་པིཏྠཿ  ད་དྷིཏྠཿ  ཞེས་པ་སྤྲེའུ་གནས་དང་ཞོ་གནས་ཞེས་ཤིང་དེ་ལ་དེ་གནས་པའི་དོན་ཏོ། །ཨ་ཤྭཏྠཿ བྱང་ཆུབ་ཤིང་གི་མིང་སྟེ་རྟ་གནས་སམ། ཁྱད་པར་གནས་ཟེར་ཏེ་སངས་རྒྱས་ཉིད་དེའི་དྲུང་དུ་གནས་བཅས་ཏེ་སངས་རྒྱས་པས་སོ། །དེ་ལྟ་བུའི་སྡེ་ཚན་དུ་བགྲང་བར་བྱ་བ་དུ་མ་ཡོད་པ་མཆོག་རྣམས་ཀྱི་རྗེས་སུ་འབྲངས་ནས་རྒྱ་ཆེེར་ཤེས་པར་བྱའོ་ཞེས་གསུངས་སོ།།

 གཞན་ཡང་། ཧི་སི། འཚེ་བའི་བྱིངས་དབྱངས་དང་ཡི་གེ་གོ་བཟློག་པས། ས་ཧ། སེང་གེ་དང་། ཧ་ན། འཚེ་བ་ལས་དབྱངས་རྐྱེན་དང་བྱིངས་རྐྱེན་བར་དུ་སཀ྄་བྱིན་པས། ཧཾ་ས། ངང་བ་དང་།  མིང་ཐོག་དབྱངས་ཡིག་ཡོད་པ་ཨ་ཤྭ་ལ་དགག་པའི་ན་྅་སྦྱར་ཚེ་གོང་འོག་བརྗེས་པ། ཨན་ཤྭོ། རྟ་མིན་ཞེས་དང་། གོང་མའི་སྐད་དོད་ཨུཏྟ་རའི་སྔོན་དུ་དགག་སྒྲ་སྦྱར་ཚེ་གོང་འོག་བརྗེས་པ། ཨནུཏྟ་ར། གོང་ན་མེད་པའམ་བླ་ན་མེད་པ་ཞེས་པ་ལྟ་བུ་སོགས། སྒྲ་གཟུགས་རྣམ་པ་གཞན་དུ་ཆེས་མི་འདྲ་བར་བསྒྱུར་བ་དང་། གོང་འོག་བརྗེ་བ། ཡི་གེ་དབྱེ་བ་དང་། བསྣན་པ་སོགས་ཀྱིས་རྣམ་འགྱུར་དུ་མ་འོང་བ་རྣམས་འདི་ལས་མཚོན་ཏེ་སྒྲ་གཞུང་རྣམས་སུ་ཤེས་པར་བྱའོ།།

དེ་ལྟར་འཕྲོས་དོན་ཅུང་ཟད་བཤད་པ་འདི་བརྡ་སྤྲོད་ཀྱི་གཞུང་ལུགས་རྒྱ་ཆེན་པོ་ལ་སྦྱངས་གོམས་མཐར་ཕྱིན་པ་རྣམས་ལ་ཆེད་དུ་བརྗོད་མི་དགོས་མོད་ཀྱི། སྐད་དོད་ཀྱི་དཔེ་ཆ་ཙམ་ལས་བཏུས་ཏེ་སྡེབ་སྦྱོར་དང་སུམ་འབིད་རྡོ་ཆག་ལྷུ་བསྒྲིག་ལྟ་བུ་བྱེད་པ་དེང་སང་མང་བས་དེ་དག་རྣམས་ལ་རིག་པའི་སྒོ་འབྱེད་ཀྱི་ས་བོན་ཉིད་དུ་སྒྲའི་འཇུག་པ་མཚོན་བྱེད་ཙམ་དུ་བཤད་པ་ཡིན་ལ། སྒྲ་རིག་པའི་གཞུང་རྒྱ་མཚོ་ཆེན་པོའི་འཇིངས་སུ་ཞུགས་པས་ཕྱོགས་བསླད་དེ་མགོ་རྨོངས་ཤིང་སེམས་བློང་བློང་པོར་གྱུར་པ་རྣམས་ལའང་ཚིག་ཉུང་ངུ་འདི་ཙམ་གྱིས་སྒྲའི་འཇུག་ཡུལ་གྱི་ལམ་བསྟན་པ་ལྟར་འགྱུར་བས་ན་དེ་ལྟར་མདོར་བསྡུས་སུ་བརྗོད་པའོ།།

 མུ་འགོད་་་་་་་་་་

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།