འཇམ་མགོན་མི་ཕམ་རིན་པོ་ཆེས་མཛད་པའི་བརྒལ་ལན་རྣམ་གསུམ་གྱི་ངོ་སྤྲོད།

སློབ་དཔོན་འཆི་མེད་རྡོ་རྗེ།

ཐོག་མའི་མཚམས་སྦྱོར། དེ་ཡང་འཇམ་མགོན་མི་ཕམ་པས་ངེས་ཤེས་སྒྲོན་མེར། ཀ་དག་གདར་ཤ་ཆོད་པ་ལ། །ཐལ་འགྱུར་ལྟ་བ་མཐར་ཕྱིན་དགོས། །ཞེས་དང་། དེ་ལ་དགོངས་ནས། སྤྲོས་བྲལ་དབུ་མ་ཆེན་པོ་དང་། །འོད་གསལ་རྫོགས་པ་ཆེན་པོ་གཉིས། །དོན་གཅིག་མིང་གི་རྣམ་གྲངས་ཏེ། །ཞེས་གསུངས་པ་ལྟར། ཐེག་པ་ཀུན་ཀྱི་ཡང་རྩེ་འོད་གསལ་རྫོགས་པ་ཆེན་པོའི་རྒྱལ་སར་དབང་འབྱོར་བར་སྤྲོས་བྲལ་དབུ་མ་ཆེན་པོའི་དོན་མཐར་ཕྱིན་དགོས་པས་ན། སྔ་འགྱུར་རང་ལུགས་ཀུན་མཁྱེན་རོང་ཀློང་རྣམ་གཉིས་ཀྱི་དགོངས་པ་ཇི་བཞིན་བཀྲལ་བར་མཛད་པའི་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་དབུ་མའི་གཞུང་བཟང་རྣམས་ངེས་པར་དུ་མཇལ་དགོས་པ་གལ་ཆེ་བས། འདིར་འཆད་པར་འགྱུར་བའི་བརྒལ་ལན་རྣམ་གསུམ་ལ་ཡང་དབུ་མའི་གཞུང་གི་དཀའ་གནད་མང་དུ་འདུས་པར་བརྟེན་རང་ཉིད་གཞུང་དེར་རྒྱུས་ལོན་དང་བློ་གསར་རྣམས་ལ་ཅུང་ཟད་ཕན་པ་དང་སྤྲོ་བ་སྐྱེད་ཆེད་སློབ་ཞོར་དུ་ངལ་བ་དང་དུ་བླངས་ནས་ངོ་སྤྲོད་མདོར་བསྡུས་ཤིག་རྩོམ་པའི་ལས་ལ་འཇུག་པ་སྟེ། གཙོ་བོ་བརྒལ་ལན་རྣམ་གསུམ་གྱི་བྱུང་རིམ་དང་ཕྱོགས་སྔ་ངོས་འཛིན། དེ་བཞིན་འཇམ་མགོན་ཉིད་ཀྱི་གཞུང་སོ་སོའི་དབུ་རྩོམ་དང་མཇུག་རྩོམ་དུ་གང་གསུངས་པ་སོར་བཞག་ཐོག་གཞུང་ཚིག་གལ་ཆེན་འགའ་ཞིག་ཇི་བཞིན་བསྣན་པ་ཙམ་ཡིན་པའི་མཁྱེན་པར་ཞུ།

དང་པོ། བརྒལ་ལན་གྱི་སྒྲ་བཤད་དང་ངོས་འཛིན།

སྤྱིར་བརྒལ་ལན་ཞེས་པ་ནི་གཞན་ཞིག་གིས་ཚུར་མི་འཐད་པར་རྒོལ་བ་ལ་ཕར་ལན་སློག་པ་ཞིག་སྟེ་རྩོད་ལན་དང་དགག་ལན། བརྒལ་བརྟག་སོགས་དང་དོན་འདྲའོ། །དེ་མིན་བརྒལ་ཞེས་པ་ནི། རི་ལུང་དང་རྒྱ་མཚོ་བརྒལ་བ་སྟེ་བགྲོད་པའམ་ཞུགས་པ་སོགས་ཀྱི་དོན་ལ་འཇུག་པ་མ་ཟད་ཚད་ལས་བརྒལ་བའམ་འདས་པ། དེ་ལས་ཡོལ་བ་ལ་ཡང་གོ །སྐབས་འདིར་བརྒལ་ཞེས་པ་གཞན་གྱིས་གནད་དོན་གང་རུང་ཞིག་གི་ཐད་མི་འཐད་པར་རྩོད་པའི་རིགས་ལམ་གྱི་སྒོ་ནས་རྒོལ་བ་ཞིག་ལ་ཟེར། ལན་ཞེས་པ་ནི་དོན་ཕར་ཚུར་དྲིས་པའི་དྲི་བར་བརྡ་སྤྲོད་པའི་ཚུལ་ཏེ་བརྡ་ལན་དང་དྲིས་ལན། ལན་འདེབས་སོགས་སོ། །མདོར་ན་བརྒལ་ལན་ཞེས་པ་འདིར་གཞུང་ལུགས་ཀྱི་གནད་དོན་གང་རུང་ཞིག་གི་ཐད་གཞན་གྱིས་ཚུར་རྩོད་པའི་རིགས་པར་རྣམ་པར་བརྟགས་ཏེ་རང་ལུགས་བཞག་ཅིང་གཞན་ལུགས་ལུང་དང་རིགས་པའི་སྒོ་ནས་སུན་འབྱིན་པའམ་བརྒལ་ལན་གྱིས་གཏན་ལ་ཕབ་པ་ཞིག་ལ་གོ་དགོས་སོ།།

དེ་ཡང་རྒྱ་བོད་ཀྱི་མཁས་དབང་རྣམ་པས་མདོ་འཆད་ཚུལ་གྱི་མན་ངག་ལྔ་སྟེ། དགོས་པ་དང་། བསྡུས་དོན། ཚིག་དོན། མཚམས་སྦྱོར། བརྒལ་ལན་བཅས་སོ། །དེ་ཡང་རྣམ་བཤད་རིགས་པར། མདོ་དོན་སྨྲ་བ་རྣམས་ཀྱིས་ནི། །དགོས་པ་བསྡུས་པའི་དོན་བཅས་དང་། །ཚིག་དོན་བཅས་དང་མཚམས་སྦྱོར་བཅས། །བརྒལ་ལན་བཅས་ཏེ་བསྙད་པར་བྱ། །ཞེས་གསུངས་པ་ལྟར། འཆད་ཐབས་ལྔ་ཡོད་པ་ལས་སྐབས་བབ་བརྒལ་ལན་ནི་ཐེག་པ་ཆེན་པོ་དང་ཆུང་ངུ་། ཕྱི་པ་དང་ནང་པ། མདོར་ན་རྒྱ་བོད་མཁས་པའི་གཞུང་ལུགས་མདོ་དང་སྔགས། མདོ་ལའང་གྲུབ་མཐའ་བཞི་སོགས་ཀྱི་འདོད་ཚུལ་དུ་མར་ཕན་ཚུན་ལུང་རིགས་བརྒལ་བརྟག་གི་རིམ་པ་སྣ་ཚོགས་པ་ཞིག་སྔར་རྒྱ་གར་འཕགས་པའི་ཡུལ་དུ་མང་དུ་བྱུང་ཞིང་། དུས་ཕྱིས་བོད་གངས་ཅན་གྱི་ལྗོངས་སུའང་རིམ་པས་རིགས་ལམ་གྱི་འགྲོས་དང་མཐུན་པའི་བརྒལ་ལན་གྱི་སྲོལ་བཟང་པོ་དར་ཏེ་དུས་དེང་སང་ཡང་མཁས་པའི་དབུས་སུ་མཁས་པ་མཛེས་པའི་བརྒལ་བརྟག་བྱེད་བཞིན་ཡོད་པ་མཐོང་ཆོས་སུ་གྱུར་པས་སྤྲོས་མི་དགོས་པའོ། །དེ་ཡང་དཔལ་ལྡན་ཟླ་བ་གྲགས་པས། བསྟན་བཅོས་ལས་དཔྱད་རྩོད་ལ་ཆགས་པའི་ཕྱིར། །མ་མཛད་རྣམ་གྲོལ་ཕྱིར་ན་དེ་ཉིད་བསྟན། །གལ་ཏེ་དེ་ཉིད་རྣམ་པར་བཤད་པ་ན། །གཞན་གཞུང་འཇིག་པར་འགྱུར་ན་ཉེས་པ་མེད། །ཅེས་དང་། ཏིང་འཛིན་རྒྱལ་པོའི་མདོ་ལས། དེ་ལ་ཆོས་སྲུང་བ་གང་ཞེ་ན། འདི་ལྟ་སྟེ་སངས་རྒྱས་ཀྱི་ཆོས་ལ་སྨོད་པ་རྣམས་ཆོས་དང་མཐུན་པར་ཚར་གཅོད་པའོ། །ཞེས་གསུངས་པ་ལྟར་སྐབས་འདིར་ཡང་འདི་ལྟ་བུ་ཞིག་ལ་གོ་དགོས་པའོ། །འདིར་གང་བརྗོད་པར་བྱ་བ་ནི་བོད་གངས་ཅན་གྱི་ལྗོངས་སུ་དུས་རབས་བཅུ་དགུ་པར་བྱོན་པའི་འགྲན་བྲལ་མཁས་གྲུབ་གཉིས་ལྡན་འཇམ་མགོན་མི་ཕམ་ཕྱོགས་ལས་རྣམ་རྒྱལ་རྒྱ་མཚོས་མཛད་པའི་བརྒལ་ལན་རྣམ་གསུམ་ཞེས་ཡོངས་སུ་གྲགས་པ་སྟེ། བརྒལ་ལན་ཉིན་བྱེད་སྣང་བ་དང་། རིགས་ལམ་རབ་གསལ་དེ་ཉིད་སྣང་བྱེད་དམ་ཡོངས་གྲགས་ལ་རབ་གསལ་བརྒལ་ལན། དམ་ཆོས་དོགས་སེལ་བཅས་གསུམ་ཡིན་ནོ།།

གཉིས་པ། བརྒལ་ལན་རྣམ་གསུམ་གྱི་མཛད་པ་པོའི་ངོ་སྤྲོད་མདོར་བསྡུས།

སྔ་འགྱུར་བསྟན་པའི་ཤིང་རྟ་ཆེན་པོ་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་མཆོག་ནི་རབ་བྱུང་བཅུ་བཞི་པའི་མེ་རྟ་ཕྱི་ལོ་ ༡༨༤༦ ལོར། ཡབ་འཇུ་མགོན་པོ་དར་རྒྱས་དང་། ཡུམ་སྲིང་ཆུང་མ་གཉིས་ཀྱི་སྲས་སུ་ཡུལ་མདོ་ཁམས་རྫ་ཆུ་ཁའི་ཡ་ཆུ་དིང་ཆུང་ཞེས་པར་སྐུ་འཁྲུངས། ཁུ་བོ་པད་མ་དར་རྒྱས་ཀྱིས་མི་ཕམ་རྒྱ་མཚོ་ཞེས་མཚན་གསོལ། སྐུ་ན་ཤིན་ཏུ་གཞོན་དུས་ནས་གཞུང་ལུགས་ཆེན་མོའི་ལྟ་གྲུབ་དང་འབྲེལ་བའི་བསྟན་བཅོས་ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་མཛད་པས། བོད་ཡུལ་ཙམ་དུ་མ་ཟད་འཛམ་གླིང་ལོ་རྒྱུས་ན་ཡང་ཆེས་དཀོན་པའི་རྣམ་ཐར་དུ་སྣང་། རྫ་དཔལ་སྤྲུལ་དང་།(༡༨༠༨-༡༨༨༧)དབང་ཆེན་དགྱེས་རབ་རྡོ་རྗེ་(༡༨༣༢-༡༨༨༨)འཇམ་དབྱངས་མཁྱེན་བརྩེའི་དབང་པོ།(༡༨༢༠-༡༨༩༢)ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ།(༡༨༡༣-༡༨༩༩)མཁན་པོ་པདྨ་བཛྲ་(༡༨༠༧-༡༨༨༤)སོགས་མཚན་ལྡན་གྱི་དགེ་བའི་བཤེས་གཉེན་བཅུ་ཕྲག་འགའ་ཤས་ཀྱི་ཞབས་ལ་གཏུགས་ནས་མང་དུ་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་དང་། ཡོན་ཏན་གྱི་ཚོགས་རིན་པོ་ཆེའི་བང་མཛོད་ལ་དབང་འབྱོར་བས་མདོ་དབུས་ཁམས་གསུམ་དུ་མཁས་གྲུབ་ཀྱི་སྙན་གྲགས་ཤིན་ཏུ་ཆེ་བ་བྱུང་། འཇམ་དབྱངས་མཁྱེན་བརྩེ་མཆོག་གིས་བསྟན་བཅོས་རྩོམ་པར་བསྐུལ་བ་བཞིན་ཐུན་མོང་མ་ཡིན་པ་སྔ་འགྱུར་མདོ་སྒྱུ་སེམས་གསུམ་དང་། གསར་རྒྱུད་དུས་ཀྱི་འཁོར་ལོ་སོགས་དང་། མན་ངག་གི་ཟབ་ཁྲིད་དང་དབུ་ཚད་སོགས་གཞུང་བཀའ་པོད་ལྔ་ལ་སོགས་པ། མདོར་ན་མ་གི་བསྡུས་ཚན་དང་དགེ་ཚུལ་ཀཱ་རི་ཀ་ཡན་ནས་ཡ་གི་འོད་གསལ་རྫོགས་པ་ཆེན་པོའི་བར་དུ་གཞུང་འགྲེལ་མང་དུ་མཛད་དེ་སྙིང་པོའི་བསྟན་པ་གསལ་བར་བྱས། ཐུན་མོང་ཡོངས་གྲགས་སུ་ལུགས་གཉིས་ཀྱི་བསླབ་བྱ་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་དང་རིག་གནས་ཆུང་བ་ལྔ་ལ་སོགས་པར་འགྲེལ་པ་མང་དུ་མཛད། ཁྱད་པར་གསོ་བ་རིག་པར་རྨད་དུ་བྱུང་བའི་ཕྲིན་ལས་རབ་ཏུ་རྒྱས་ཤིང་ཕུལ་དུ་བྱུང་བའི་ལེགས་བཤད་དང་བརྒྱུད་འཛིན་གྱི་བུ་སློབ་མང་། དཔལ་རི་བློ་བཟང་རབ་གསལ་དང་། བྲག་དཀར་བློ་བཟང་དཔལ་ལྡན་སོགས་མདོ་དབུས་ཁམས་གསུམ་གྱི་མཁས་པ་མང་པོར་མདོ་སྔགས་ཀྱི་དཀའ་གནད་སྐོར་དགག་སྒྲུབ་ཀྱི་རྩོད་ལན་གནང་བས་མཁས་པའི་གྲགས་པ་ཕྱོགས་ཀུན་ཁྱབ་ཅིང་། སྔ་འགྱུར་རིང་ལུགས་ཀྱི་ལྟ་གྲུབ་ཤིན་ཏུ་གསལ་བར་བྱས། ཁོང་གི་ལེགས་བཤད་རྣམས་དེང་སང་སྔ་འགྱུར་རྙིང་མའི་གདན་ས་ཆེན་པོ་རྣམས་སུ་འཆད་ཉན་གཙོ་བོར་བཟུང་ཡོད། སྐུ་ཚེ་ཕལ་ཆེར་དབེན་པའི་གནས་སུ་སྒྲུབ་པ་ཉམས་ལེན་ཁོ་ན་མཛད། མཐར་རབ་བྱུང་བཅོ་ལྔ་པའི་ཆུ་བྱི་ཕྱི་ལོ་ ༡༩༡༢ ལོར་འདན་ཡུལ་གོ་ཐིའམ་དིལ་མགོ་རི་ཁྲོད་དུ་སྐུ་གཤེགས། གསུང་རྩོམ་ལ། ཀ῝ཐོག་སི་ཏུ་དང་རྒྱལ་ཚབ་རིན་པོ་ཆེ་རྣམ་གཉིས་ནས་གསུང་རྩོམ་ཁག་བརྒྱད་བརྒྱ་ཉེར་བརྒྱད་བསྡུས་ནས་པོ་ཏི་སུམ་ཅུ་སོ་གཉིས་བྱས་ཏེ་པར་དུ་བརྐོས་པ་ད་ལྟ་སྡེ་དགེ་པར་ཁང་ཆེན་མོར་བཞུགས། སློབ་མའི་གཙོ་བོ་ཀ῝ཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ། ཞེ་ཆེན་རྒྱལ་ཚབ། དཔལ་ཡུལ་རྒྱ་སྤྲུལ། དཔལ་ཡུལ་ཀརྨ་ཡང་སྤྲུལ། དཔལ་སྤུངས་སི་ཏུ་པདྨ་དབང་མཆོག གླིང་རྗེ་དྲུང་། ཨ་འཛོམས་འབྲུག་སྤྲུལ། རྟོགས་ལྡན་ཤཱཀྱ་ཤྲཱི། ངོར་དཔོན་སློབ། རྡོ་གྲུབ་བསྟན་པའི་ཉི་མ། གཏེར་སྟོན་བསོད་རྒྱལ། མཁན་པོ་ཀུན་དཔལ། མཁན་པོ་ཡོན་ཏན་རྒྱ་མཚོ། མགོ་ལོག་གླིང་སྤྲུལ་སོགས་མང་ངོ་། །མཚན་གྱི་རྣམ་གྲངས་ལ། འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ། མི་ཕམ་རྒྱ་མཚོ། མཚོ་བྱུང་བཞད་པའི་གེ་སར། འཇམ་དཔལ་དགྱེས་པའི་རྡོ་རྗེ། འོད་གསལ་རྡོ་རྗེ། འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། མི་ཕམ་རྣམ་པར་རྒྱལ་བ། ཀུན་མཁྱེན་མི་ཕམ་རྒྱ་མཚོ། མི་ཕམ་བློ་གྲོས་དྲི་མེད། ཟིལ་གནོན་དགྱེས་པ་རྩལ། འགྱུར་མེད་མི་བསྐྱོད་རྡོ་རྗེ། མི་ཕམ་བློ་བཟང་ཉི་མ། བསེ་རུ་འོད་ལྡན་དཀར་པོ། དུན་མུ་ལེ་གཡུང་དྲུང་འོད་དཀར་བཅས་སོ།།

གསུམ་པ། བརྒལ་ལན་རྣམ་གསུམ་གྱི་བྱུང་ཚུལ་མདོར་བསྡུས།

དེ་ཡང་བརྒལ་ལན་སྔ་མ་གཉིས་ཏེ་བརྒལ་ལན་ཉིན་བྱེད་སྣང་བ་དང་རབ་གསལ་བརྒན་ལན་རྣམ་གཉིས་ནི། འཇམ་མགོན་མི་ཕམ་ཕྱོགས་ལས་རྣམ་རྒྱལ་རྒྱ་མཚོས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེའུ་བཅུའི་བདག་ཉིད་དུ་ཡོད་པ་ལས་ལེའུ་དགུ་པ་ཤེས་རབ་ཀྱི་ལེའུའི་ཚིག་དོན་གོ་སླ་བར་རྣམ་པར་བཤད་པ་ནོར་བུ་ཀེ་ཏ་ཀ་ཞེས་བྱ་བ་ཞིག་མཛད་པ་དེའི་རྩ་བའི་ས་བཅད་ཀྱི་སྐབས། ལམ་གྱི་གཙོ་བོ་ཤེས་རབ་བསྐྱེད་དགོས་ཚུལ་དང་། ཤེས་རབ་ཀྱི་ཕར་ཕྱིན་ཉིད་བཤད་པ་གཉིས་ལས། ཞེས་གསལ་བ་ལྟར་ཤེས་རབ་བསྐྱེད་དགོས་ཚུལ་དང་། ཤེས་རབ་ཀྱི་ཕར་ཕྱིན་ཉིད་དམ་ཐེག་མཆོག་དབུ་མའི་ཚུལ་བསྟན་ཅིང་། མཛད་བྱང་དུ་གསལ་བ་ལྟར་ན། དགེ་བའི་བཤེས་གཉེན་སུ་ཀ་མ་ནས་ཡང་ནས་ཡང་དུ་བསྐུལ་བར་མཛད་པའི་རྐྱེན་བྱས་ནས། གནས་ལྔ་རིག་པའི་པཎ་ཆེན་དཔལ་གྱི་མཚན་ཅན་[1]ལས་ཚུལ་འདིའི་བཤད་ཁྲིད་ལེགས་པར་ནོས་ཤིང་། བོད་དུ་བཞུགས་པའི་རྒྱ་འགྲེལ་ཐམས་ཅད་དང་། བོད་ཀྱི་མཁས་པས་བརྩམས་པའི་ལེགས་བཤད་ཕལ་ཆེ་བ་ཀུན་ཀྱང་མཐོང་ཞིང་། དེ་དག་གི་དོན་ལེགས་པར་བློ་ལ་འཆར་བར་བྱས་པ་འཇམ་དབྱངས་རྣམ་པར་རྒྱལ་བས་རབ་ཚེས་ས་སྟག་ལོའི་སྟོན་ར་བའི་ཚེས་གཅིག་ནས་བརྩམས་ཏེ་ཐུན་གསེང་དུ་བྲིས་ཤིང་ཟླ་བ་དེའི་ཚེས་བཅུ་གསུམ་ལ་རྫོགས་པར་བགྱིས་པ་འདི་གང་གིས་མཐོང་བ་ཙམ་གྱིས་ཐེག་མཆོག་དབུ་མའི་ཚུལ་ལ་ཐེ་ཚོམ་དང་བྲལ་བའི་ངེས་པ་རྙེད་པའི་རྒྱུར་གྱུར་ཅིག ། ཅེས་གསལ་བ་ལྟར་གཞུང་འདིའི་ནང་བརྗོད་བྱ་གཙོ་བོ་ལམ་གྱི་གཙོ་བོ་ཤེས་རབ་བསྐྱེད་དགོས་ཚུལ་དང་། རྟོགས་བྱ་བདེན་གཉིས་ངོས་བཟུང་། རྟོགས་པ་པོ་གང་ཟག་དང་དེས་ཇི་ལྟར་རྟོགས་ཚུལ། གཞི་ལམ་འབྲས་གསུམ་ལ་རྩོད་སྤོང་། དེ་བཞིན་རང་སྡེ་དོན་སྨྲ་བ་དང་སེམས་ཙམ་པའི་ལུགས་ལ་རྩོད་སྤོང་། ཐེག་ཆེན་བཀའ་སྒྲུབ་ཚུལ་དང་ལམ་བདག་མེད་རིགས་པས་སྒྲུབ་ཚུལ་བཅས་མདོར་ན་གཞན་ལུགས་བཀག་ཅིང་རང་ལུགས་འཐད་ལྡན་ཡང་པར་དག་བསྒྲུབས་ཏེ་གཞུང་དོན་ལེགས་པར་བཀྲལ་ཡོད། དེ་ལ་བརྟེན་ནས་རིམ་བཞིན་གཞན་གྱི་རྒོལ་བ་མང་དག་ཅིག་བྱུང་བའི་ནང་ནས་དཔལ་ལྡན་འབྲས་སྤུངས་ཀྱི་ཆོས་སྡེ་ཆེན་པོ་ནས་བློ་གྲོས་གསལ་བར་གྲགས་པ་བྲག་དཀར་སྤྲུལ་པའི་སྐུ་བློ་བཟང་དཔལ་ལྡན་བསྟན་འཛིན་ནས་ཟབ་མོ་དབུ་མའི་གནད་བརྗོད་བློ་གསལ་དགའ་བའི་གཏམ་ཞེས་བྱ་བ་དང་། དེའི་ཚེ་དེའི་དུས་ན་རིགས་པ་སྨྲ་བའི་དབང་ཕྱུག་ཏུ་གྲགས་པ་དཔལ་རི་བློ་བཟང་རབ་གསལ་ཞེས་བྱ་བས་ཤེར་འགྲེལ་ཀེ་ཏ་ཀའི་ཚིག་དང་དོན་ལ་དགག་པ་བརྗོད་པ་འཇམ་དབྱངས་དགོངས་རྒྱན་རིགས་པའི་གཟི་འབར་གདོང་ལྔའི་སྒྲ་དབྱངས་ཞེས་བྱ་བ་གཉིས་ལ་སྔ་མར་བརྒལ་ལན་ཉིན་བྱེད་སྣང་བ་དང་། ཕྱི་མར་རབ་གསལ་བརྒལ་ལན་ཞེས་པ་བྱུང་བ་ཡིན། འོག་ཏུ་ཡང་འཆད་པར་འགྱུར་ལ་ནང་དོན་ཞིབ་ཕྲ་གཞུང་དངོས་ལ་གཟིགས་པར་ཞུ།

བརྒལ་ལན་ཕྱི་མ་དམ་ཆོས་དོགས་སེལ་བྱུང་ཚུལ་དང་དེ་ལས་འཕྲོས་ཏེ་དབུ་མ་རྒྱན་འགྲེལ་ངོ་སྤྲོད་མདོར་བསྡུས།

དེ་ཡང་འཇམ་མགོན་མི་ཕམ་ཕྱོགས་ལས་རྣམ་རྒྱལ་རྒྱ་མཚོས་དབུ་མ་རྒྱན་གྱི་རྣམ་བཤད་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་། ཞེས་བྱ་བའི་བསྟན་བཅོས་ཤིག་མཛད་ཡོད། དེ་ཡང་དབུ་མ་རྒྱན་འགྲེལ་མཇུག་བྱང་དུ་གསལ་བ་ལྟར། རང་ལོ་སོ་གཅིག་པ་རབ་ཚེས་མེ་བྱིའི་བགྲང་བྱ་གསར་དུ་ཤར་བའི་ནག་པ་ཟླ་བའི་ཚེས་གསུམ་ལ་མགོ་བརྩམས་ནས། སྔ་ཐུན་རྣམས་སུ་བརྒྱུད་མར་བྲིས་ཏེ་ཟླ་བ་དེ་ཉིད་ཀྱི་ཚེས་ཉེར་བཞི་ལ་རྫོགས་པར་བགྱིད་པ་པོ་ནི་ཞེས་སོགས་གསུངས་ཡོད། ཕྱིས་སུ་རྡོ་གྲུབ་མཁན་ཆེན་དམ་ཆོས་བཟང་པོ་ཞེས་པས་དོགས་སློང་གི་ཚུལ་དུ་སྤྱི་དོན་ཞིག་དང་། དབུ་མ་རྒྱན་གྱི་འབྲུ་འགྲེལ་ཤེལ་གྱི་མེ་ལོང་ཞེས་བྱ་བ་ཞིག་མཛད་གནང་བས། སྤྱི་དོན་དེ་ལ་བརྟེན་ནས་འཇམ་མགོན་མི་ཕམ་པས་ལན་དུ་མཛད་པའི་བསྟན་བཅོས་དམ་ཆོས་དོགས་སེལ་འདི་ཉིད་བྱུང་བར་མངོན་ཏེ། བརྒལ་ལན་གྱི་དབུ་རྩོམ་དུའང་། འཇམ་མགོན་དགྱེས་པའི་ཞལ་ལུང་བདག་གིས་བྲིས། །གཞན་ཟེར་རྗེས་བརྗོད་འདུ་ཤེས་སྣ་ཚོགས་ཀྱིས། །དེ་ལ་སྤྱི་དོན་དམ་ཆོས་མིང་གིས་བརྩམས། །ཞེས་གསལ་བས་སོ། །གཞུང་འདིའི་མཇུག་བྱང་དུ། རྒྱལ་བའི་དབང་པོ་ཀློང་ཆེན་རབ་འབྱམས་སོགས། །སྔ་རབས་མཁས་པའི་ལེགས་བཤད་ཚུལ་ཡོད་ལ། །རྒྱལ་བ་གཉིས་པ་བློ་བཟང་གྲགས་པ་སོགས། །ཕྱི་རབས་མཁས་པའི་ལེགས་བཤད་ལུགས་ཀྱང་མཆིས། །དེ་འདྲ་བཞེད་མང་འཕགས་བོད་ཀུན་གྲགས་ཕྱིར། །མཁས་པའི་གཞུང་ལ་མཐའ་གཅིག་བཟུང་དཀའ་ཡང་། བདག་སོགས་སྐྱེ་བ་འདི་ལ་སྔ་རབས་པའི། །རྗེས་སུ་སྐྱེས་ཕྱིར་དེ་ལུགས་རྗེས་འཛིན་མཛོད། །ཅེས་པ་ནས། རིགས་པས་གྲུབ་ཀྱང་བསྙོན་འདིང་ངས་མི་བྱེད། །ཚུལ་བཞིན་སྨྲས་ན་ཁྲོ་བ་ག་ལ་སྐྱེ། །གལ་ཏེ་དམ་སྲིས་ཡིད་དཀྲུགས་སྡང་བའི་སེམས། །ངེད་ལ་ཕྱོགས་བཞིན་རྒྱལ་དབང་ཀློང་ཆེན་པའི། །དགོངས་པ་དྲི་མ་མེད་པའི་ཡིད་བཞིན་ནོར། །རྟོག་གེ་ཟོལ་མའི་འདམ་དང་བསྲེས་བྱེད་ན། །མིག་གཅིག་མ་དང་མིག་སྟོང་བསྒྲད་པས་ཀྱང་། །ལྟ་བར་བྱེད་སྲིད་བག་ཡོད་བྱས་ན་འོས། །མཁས་པ་གཞན་གྱི་ཟེར་སྒྲོས་འབད་པ་ཡིས། །འབའ་སམ་བསྡུས་ནས་སྦྱར་བའི་ཚིག་ཚོགས་ལ། །དོགས་སེལ་དགོས་ཞེས་རྩོམ་པ་པོ་ཉིད་དང་། །འགའ་ཡིས་བསྐུལ་ཕྱིར་འདི་ལྟར་བྲིས་པ་དགེ །ཞེས་པའང་རྙིང་བཙུན་དམ་ཆོས་བཟང་པོའི་དོགས་སེལ་དུ་མི་ཕམ་རྣམ་པར་རྒྱལ་བས་ཉིན་གཉིས་ལ་ཤར་མར་བྲིས་པ་མངྒ་ལཾ་ཞེས་གསལ་བ་ལྟར་རོ།།

དབུ་མ་རྒྱན་འགྲེལ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་གཞུང་དེ་ནི་རྩ་བའི་ས་བཅད་བཤད་བྱ་ཡན་ལག་བཤད་པ་སྤྱི་དོན་དང་། བཤད་བྱ་གཞུང་གི་དོན་རྣམ་པར་དབྱེ་བ་གཉིས་སུ་ཕྱེ་ཡོད་པ་ཡིན། སྤྱི་དོན་གྱི་སྐབས་སུ་དཔལ་ན་ལེནྡྲའི་མཁས་པ་པཎྜི་ཏའི་ལུགས་ལྟར་བསྟན་བཅོས་ཐམས་ཅད་རྩིས་མགོ་ཡན་ལག་ལྔའི་ཚུལ་དུ་བཀྲལ་ཡོད་ཅིང་། གཞུང་དེ་ཉིད་ལས། དེ་ལྟ་བུའི་སློབ་དཔོན་ཞི་བ་འཚོ་འདི་ཉིད་ཀྱིས་དབུ་མ་རྣལ་འབྱོར་སྤྱོད་པའི་ཤིང་རྟའི་ལམ་སྲོལ་ཐོག་མར་ཕྱེ་བས། པཎྜི་ཏ་ཐམས་ཅད་ཀྱི་ནང་ནས་རྒྱལ་མཚན་གྱི་རྩེ་མོའི་ཏོག་ལྟར་གསལ་བར་བླ་ན་འཕགས་པའི་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ལྡན་ཞིང་། དངོས་སུ་ཕྱི་དོན་མེད་པར་རྣམ་རིག་པའི་ཚུལ་དང་མཐུན་པའི་དབུ་མའི་ཤིང་རྟའི་སྲོལ་འབྱེད་པ་པོ་ནི་སློབ་དཔོན་འདི་ཡིན་པར་མཁས་དབང་ཐམས་ཅད་མགྲིན་གཅིག་ཏུ་བཞེད་ལ། དེ་ལྟར་རིགས་པས་ཀྱང་འགྲུབ་པ་རྒྱ་གཞུང་རྣམས་ལ་བལྟས་པས་ཤེས་སོ། །དེས་ན་ཀླུ་སྒྲུབ་ཡབ་སྲས་གཞུང་ཕྱི་མོའི་དབུ་མ་པ་དང་། ཟླ་བ་གྲགས་པ་ཐལ་འགྱུར་དང་། ལེགས་ལྡན་འབྱེད་མདོ་སྡེ་སྤྱོད་པའི་དབུ་མ་དང་། སློབ་དཔོན་འདི་རྣལ་འབྱོར་སྤྱོད་པའི་དབུ་མའི་ཤིང་རྟའི་སྲོལ་འབྱེད་ཡིན་པར་བཤད་དོ། །བོད་དུ་ནི་སྔ་རབས་པ་ཕལ་མོ་ཆེ་དང་། ཁྱད་པར་ལུགས་འདི་གཙང་མར་འཛིན་པ་རྔོག་ལོ་ཆེན་པོ། ཕྱྭ་པ་ཆོས་སེང་། རོང་སྟོན་ཆོས་རྗེ་ལ་སོགས་པ་ཡིན་ལ། འདིའི་འཆད་ཉན་ཀྱང་རྗེ་ཡབ་སྲས་ཀྱི་སྐུ་དུས་བར་དུ་རྒྱ་ཆེར་བྱུང་བར་བཤད་ལ། རྗེའི་བརྒྱུད་འཛིན་དང་བཅས་པས་ཤིན་ཏུ་ཐུགས་གཙིགས་ཆེ་ཞིང་ཟིན་བྲིས་སོགས་ཅི་རིགས་མཛད། གཞན་ཡང་ཆོས་རྗེ་ས་པཎ་སོགས་དབུ་མར་སྨྲ་བ་ཀུན་ཀྱིས་ཞི་འཚོ་ཡབ་སྲས་ཀྱི་གསུང་ཐུགས་ཀྱི་བཅུད་དུ་མཛད། མདོར་ན་གང་ཟག་ཆོས་སྤྱན་ལྡན་པ་རྣམས་ནི། འདིའི་རིགས་པའི་གནད་ཟབ་མོའི་དགའ་སྟོན་མྱོང་བ་ན་ཡིད་དབང་མེད་དུ་ཕྲོགས་ཏེ་པད་ཚལ་ལ་བུང་བ་བཞིན་དང་དུ་ལེན་པ་ཡིན་ནའང་། དེང་སང་ནི་གྲུབ་མཐའི་ཕྱོགས་སུ་ལའང་འཆད་ཉན་ལྟ་ཅི་གླེགས་བམ་ལ་ལྟ་རྟོག་བྱེད་མཁན་ཙམ་ཡང་དཀོན་པར་སྣང་བས་ན། བློ་ལྡན་རྣམས་ཀྱིས་ཕྱོགས་དུས་ཀྱི་མུ་མཐར་ཁྱབ་ཅིང་རྒྱས་པའི་ཐུགས་ཁུར་མཛད་པར་རིགས་སོ། །མདོར་ན་ཐེག་པ་ཆེན་པོའི་ཚུལ་གཉིས་རིས་སུ་མ་ཆད་པར་འཛིན་ཅིང་། ཁྱད་པར་དབུ་མ་པ་གང་ཞིག་ཚད་མ་ལ་ཐུགས་ཞེན་ཆེ་བ་རྣམས་ནི་ཤིང་རྟ་ཆེན་པོ་འདིའི་སྲོལ་ལ་ངང་གིས་དགའ་ཞིང་འཇུག་པར་འགྱུར་བ་ཞིག་གོ །ཞེས་གསུངས་སོ།།

མདོར་ན་ཟབ་རྒྱས་ཟུང་འཇུག་གམ་དོན་དམ་དབུ་མ་པའི་ཚུལ་དང་ཐ་སྙད་སེམས་ཙམ་པའི་ཚུལ་གཉིས་ཟུང་འཇུག་གི་སྲོལ་གསར་དུ་ཕྱེ་བར་བཞེད་དེ། བར་སྐབས་ཀྱི་ཚིགས་སུ་བཅད་པར་ཡང་། ཁྱོད་ཀྱིས་ཚུལ་གཉིས་ཤིང་རྟའི་རྒྱ་མཚོ་ནི། །རྣམ་དཔྱོད་རིགས་པའི་ཧུབ་ཆེན་གཅིག་གིས་འཐུང་། །དེ་ཚེ་ཁྱོད་ནི་ནམ་མཁའི་ཁམས་བཞིན་དུ། །མཐའ་དག་ཐེག་ཆེན་ཆོས་ཡངས་སྤྲིན་གྱིས་མཛེས། །ཞེས་དང་། དེ་ཕྱིར་ཚུལ་གཉིས་ཤིང་རྟའི་ལམ་སྲོལ་དང་། །དེ་དག་གཅིག་ཏུ་བསྒྲུབས་པའི་སྲོལ་ཆེན་ཏེ། །ཐུབ་པའི་ཐེག་མཆོག་བསྟན་པའི་མཇུག་ངོག་ལ། །གསུམ་པོ་འདི་ལས་གཞན་པའི་སྲོལ་མི་སྲིད། །ཅེས་གསུངས་པ་མ་ཟད་འདི་ལྟ་བུའི་གཞུང་ནི་ཐེག་ཆེན་སྤྱིའི་ལམ་པོ་ཆེ་ཡིན་ཏེ། ཤིང་རྟ་རྣམ་པ་གཉིས་ཀྱི་གཞུང་དགོངས་པ་ཆུ་བོ་གཅིག་འདྲེས་སུ་སྦྱར་ཞིང་། ཁྱད་པར་དོན་དམ་པའི་ཚད་མ་དཔལ་ལྡན་ཀླུ་ཡིས་ཇི་ལྟར་བཞེད་པ་དང་། ཐ་སྙད་ཀྱི་ཚད་མ་དཔལ་ཆོས་ཀྱི་གྲགས་པས་ཇི་ལྟར་བཞེད་པ་གཉིས་རིགས་པའི་རྒྱ་མཚོ་ཆེན་པོར་རོ་གཅིག་ཏུ་བསྐྱིལ་ཞིང་། མཐར་ཐུག་མཐའ་བཞི་སྤྲོས་བྲལ་གྱི་དབུ་མ་ཆེན་པོར་སྐྱེལ་བའི་གཞུང་འདི་ལ་བཀའ་ཐེག་ཆེན་གྱི་དོན་རྒྱན་དྲུག་ལ་སོགས་པ་ཤིང་རྟ་ཆེན་པོ་རྣམས་ཀྱིས་ཇི་ལྟར་བཀྲལ་བའི་ཟབ་གནད་མ་ཚང་བ་མེད་པར་རྫོགས་པས། སའི་སྟེང་ན་འགྲན་ཟླ་དང་བྲལ་བའི་ལེགས་བཤད་ཆེན་པོ་འདི་ཕྱོགས་རེ་རེ་བ་འཛིན་པ་ཀུན་ཀྱིས་ཀྱང་སྤྱི་པ་ཉིད་དུ་ཅིའི་ཕྱིར་མི་བཀུར་ཏེ་སྒོ་ཀུན་ནས་འབད་པས་འཇུག་པར་གྱིས་ཤིག དེའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པའི་བབས་སོ་ཆེན་པོ། ཤིང་རྟ་མཆོག་གི་ལུགས་སྲོལ་མ་ལུས་པ་འཁྱིལ་བའི་རྒྱ་མཚོ་ནི་འདི་ཡིན་པས་ན། ཞེས་སོགས་རྒྱ་ཆེར་བསྔགས་པ་མཛད་གནང་ཡོད། །མདོར་ན་གཞུང་འདི་ལ་དབུ་མ་གཞན་ལས་ཁྱད་པར་དུ་འཕགས་པ་རང་ལུགས་ཐུན་མིན་གྱི་བཞེད་པ་ལྔ་བཞག་ཡོད་དེ། ཡུལ་གཞལ་བྱ་མཚན་ཉིད་པ་དོན་བྱེད་ནུས་ཀྱི་དངོས་པོ་ཁོ་ན་ལ་འཇོག་པ་དང་། ཤེས་པ་ཡུལ་མེད་རང་རིག་རང་གསལ་གྱི་འདོད་ཚུལ་ཐུན་མོང་མ་ཡིན་པ་དང་། ཕྱི་རོལ་གྱི་སྣང་བ་སྣ་ཚོགས་རང་སེམས་ཀྱི་དབང་ལས་སྣང་བས་སེམས་ཙམ་དུ་འདོད་པ་དང་། དོན་དམ་ལ་རྣམ་གྲངས་དང་རྣམ་གྲངས་མ་ཡིན་པ་གཉིས་སུ་ཕྱེ་བ་དང་། རྣམ་གྲངས་པའི་དོན་དམ་གཏན་ལ་འབེབས་པའི་སྐབས་སུ་ཚད་མ་སོ་སོའི་རྙེད་དོན་འགལ་མེད་དུ་འཛིན་པའོ། །ཞེས་གསུངས་སོ། །དེས་ན་དབུ་མ་རྒྱན་འགྲེལ་འདིར་ཐལ་རང་མཐར་ཐུག་དགོངས་པ་གཅིག་དང་དབྱངས་གཅིག་ཡིན་ཚུལ། ཁྱད་པར་གཞུང་འདིའི་ནང་བོད་གངས་ཅན་ལྗོངས་ཀྱི་ཆོས་བརྒྱུད་ཆེན་པོ་བཞིའང་སྣང་སྟོང་མཉམ་ཉིད་ཆེན་པོ་མཐའ་བཞིའི་སྤྲོས་བྲལ་རྣམ་གྲངས་མ་ཡིན་པའི་དོན་དམ་འཇལ་བའི་རིགས་ཤེས་ཀྱི་དབང་དུ་བྱས་ན། བདེན་གཉིས་སོ་སོར་ཞེན་པའང་རྟོག་པ་ཙམ་དུ་ཟད་པས་ཐ་སྙད་དུའང་ཀུན་རྫོབ་རང་མཚན་གྱིས་གྲུབ་པ་ཁེགས་པ་ཡིན་གྱི་རྣམ་གྲངས་པའི་དོན་དམ་མེད་རྐྱང་ཙམ་ལ་གནས་ནས་ཐ་སྙད་ཚད་མས་རྙེད་དོན་གྱི་ཀུན་རྫོབ་མཚན་ཉིད་ཀྱིས་གྲུབ་པ་ནམ་ཡང་འགོག་མི་ནུས་ལ། གལ་ཏེ་བཀག་ནས་མེད་པ་ཙམ་བསྒོམས་ན་བདེན་གཉིས་ཕྱོགས་སུ་ལྷུང་སྟེ་སྣང་ཕྱོགས་ལ་སྐུར་པ་བཏབ་པས། ཕུར་བུ་པས་ཀུན་རྫོབ་ཀྱང་མེད་པར་སྒོམ་པ་སོགས་བསམ་གཏན་དད་པ་བདུན་གྱི་གཞུང་དང་ཚུལ་འདྲ་བའི་རྣམ་པ་དེ་ལྟ་བུ་ལ་དགོངས་ནས། སྔ་འགྱུར་རྙིང་མའི་ཤིང་རྟ་ཆེན་མོ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་དང་ཀུན་མཁྱེན་རོང་ཟོམ་མ་ཧཱ་པཎྜི་ཏ་ཆོས་ཀྱི་བཟང་པོ། དཔལ་ལྡན་ས་སྐྱ་པའི་ས་ཆེན་ཀུན་དགའ་སྙིང་པོ། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། ཀུན་མཁྱེན་གོ་རམས་པ་བསོད་ནམས་སེང་གེ འགྲོ་མགོན་བཀའ་བརྒྱུད་པའི་དགྱེས་མཛད་ལོ་ཙཱ་བ་ཆེན་པོ་མར་པ་ཆོས་ཀྱི་བློ་གྲོས་དང་བོད་ཡུལ་གྲུབ་པའི་རྒྱལ་པོ་རྗེ་བཙུན་མི་ལ་བཞད་པ་རྡོ་རྗེ། ཀརྨ་པ་རང་བྱུང་ཞབས། རི་བོ་དགེ་ལྡན་པའི་རྗེ་བདག་ཉིད་ཆེན་པོ་ཙོང་ཁ་པ། ཇོ་ནང་པའི་ཀུན་མཁྱེན་དོལ་པོ་སངས་རྒྱས་ལ་སོགས་པས་མཚོན་ཏེ་དམ་པ་རྣམས་ནི་སངས་རྒྱས་དང་གྲུབ་ཐོབ་དགོངས་པ་གཅིག་ཟེར་བ་ལྟར་གྱུར་པ་སོགས་གཞུང་འདིའི་ནང་ལེགས་པར་བསྒྲུབས་ཡོད། གཞུང་དངོས་ཀྱི་མཇུག་ཏུ་ཉན་རང་གི་སྤང་རྟོགས་རྫོགས་ཚུལ་ལས་འཕྲོས་ཏེ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་མེད་རང་ལུགས་ཀུན་མཁྱེན་ཀློང་ཆེན་གྱི་བཞེད་པ་ལྟར་གསལ་པོར་གསུངས་ཡོད། མདོར་ན་བོད་གངས་ཅན་ལྗོངས་སུ་སྔ་ན་མེད་པའི་ལེགས་བཤད་རིན་ཐང་ཅན་ཞིག་ཡིན་པ་བསྙོན་དུ་མེད་པས་ན་མང་དུ་སྤྲོས་པས་ཅི་བྱ་སྟེ་བློ་ལྡན་རྣམས་ཀྱིས་ཆུ་ལ་ངང་པ་བཞིན་དུ་གཞུང་དཀྱུས་ལ་འཇུག་པར་འཚལ་ལོ།།

བཞི་པ། བརྒལ་ལན་རྣམ་གསུམ་གྱི་ཕྱོགས་སྔ་ངོ་སྤྲོད།

༡. བརྒལ་ལན་དང་པོ་བརྒལ་ལན་ཉིན་བྱེད་སྣང་བའི་ཕྱོགས་སྔ།

བྲག་དཀར་སྐུ་ཕྲེང་གསུམ་པ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་ནི། རབ་བྱུང་བཅུ་བཞི་པའི་མེ་སྟག་ཕྱི་ལོ་༡༨༦༦ ལོའི་ཟླ་དང་པོའི་ཚེས་གཅིག་ཉིན། དཀར་མཛེས་འཁྲིགས་ལུང་རི་ཁྲོད་དམ་འབྲུག་ལང་གྲོང་དུ་ཡབ་བསམ་གཏན་ཚེ་རིང་དང༌། ཡུམ་ཚེ་རིང་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བཞིའི་སྐབས་པཎ་ཆེན་བསྟན་པའི་དབང་ཕྱུག་གིས་བྲག་དཀར་བྱང་ཆུབ་རྒྱལ་མཚན་གྱི་ཡང་སྲིད་དུ་ངོས་འཛིན་མཛད། དགུང་ལོ་ལྔའི་སྐབས་དགེ་རྒན་རྡོ་རྗེ་འབུམ་ལས་ཡི་གེ་འབྲི་ཀློག་གསན་སྦྱོང་མཛད། འབའ་ཕུག་ཡོངས་འཛིན་བློ་ལྡན་ཆོས་འཕེལ་ལས་དག་ཡིག་དང་། སུམ་རྟགས་སོགས་ཐུན་མོང་གི་རིག་གནས་དང་། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ལུང་ཡོངས་རྫོགས། མདོ་སྔགས་ཀྱི་གཞུང་ཆེན་དང་གསར་རྙིང་གི་ཆོས་སྐོར་གྱི་བཤད་ཁྲིད་དང་དབང་ལུང་སོགས་གསན། དགུང་ལོ་བཅུ་པ་ཤིང་ཕག་ཕྱི་ལོ་ ༡༨༧༥ ལོར་དྲུང་སར་བླ་མ་བློ་བཟང་དཔལ་ལྡན་བསྟན་འཛིན་ཚུལ་ཁྲིམས་ལས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་ལ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་ཞེས་གསོལ། རྒྱལ་རོང་བླ་མ་དཀོན་མཆོག་ཆོས་འཕེལ་ལས་འཇིགས་བྱེད་ཀྱི་དབང་དང་དབྱངས་ཅན་སྒྲ་མདོ་དང་རྩ་རླུང་འཕྲུལ་འཁོར་གྱི་ཁྲིད་སོགས་ཞུས། དགུང་ལོ་བཅོ་ལྔ་པ་རབ་བྱུང་བཅུ་པའི་ཆུ་རྟ་ཕྱི་ལོ་ ༡༨༨༢ ལོར་དབུས་སུ་བྱོན་ཏེ་གདན་ས་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་གནང་། བློ་གླིང་མཁན་ཆེན་བློ་བཟང་དབང་ཕྱུག་རྩ་བའི་ཡོངས་འཛིན་དུ་བསྟེན་ནས་མི་ལོ་ལྔའི་རིང་ཆོས་གྲྭ་འགྲིམས་ཏེ་གཞུང་ཆེན་པོད་ལྔ་ལ་མཁས་པར་སྦྱངས་ཏེ་གདན་ས་གསུམ་ཀར་རྩོད་མེད་མཁས་པའི་མཚན་སྙན་ཐོབ། དགུང་ལོ་ཉི་ཤུ་པ་ཤིང་བྱ་ཕྱི་ལོ་ ༡༨༨༥ ལོར་དགའ་ལྡན་ཁྲི་ཆེན་གྱ་གཉིས་པ་རྒྱལ་རོང་ཡེ་ཤེས་ཆོས་འཕེལ་གྱི་དྲུང་ནས་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་མནོས། དགུང་ལོ་ཉེར་གཉིས་པ་མེ་ཕག་ཕྱི་ལོ་ ༡༨༨༧ ལོར་མཁས་པ་ཆེན་པོ་སྔ་འགྱུར་བསྟན་པའི་གཙུག་རྒྱན་འཇམ་དབྱངས་མི་ཕམ་ཕྱོགས་ལས་རྣམ་རྒྱལ་རྒྱ་མཚོས་བསྟན་པ་དག་ཐེར་ཆེད་སྤྱོད་འཇུག་ཤེས་རབ་ལེའུའི་འགྲེལ་པ་ནོར་བུ་ཀེ་ཏ་ཀ་ཞེས་བྱ་བ་ཞིག་མཛད་དེ་རིམ་པས་དབུས་གཙང་ཁུལ་དུ་ཁྱབ་པ་ལ། ཟབ་མོ་དབུ་མའི་གནད་ལ་ཅུང་ཟད་བརྗོད་པ་བློ་གསལ་དགའ་བའི་གཏམ་དང་དེའི་ལན་དགག་པ། སླར་ཡང་དེའི་ཡང་ལན་ངན་ཁྲག་ཁུ་བ་འབྱིན་པའི་སྐྱུགས་སྨན་བཅས་མཛད། གྲུབ་དབང་དྷརྨ་སེངྒེ་ལས་གསོ་རིག་དང་གཅོད་ཀྱི་དབང་ཁྲིད། ༧གོང་ས་ལྔ་པ་ཆེན་པོའི་གསང་བ་རྒྱ་ཅན། ཀློང་ཆེན་སྙིང་ཐིག་གི་དབང་ལུང་ཁྲིད་གསུམ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་གསུང་ཆོས་སོགས་སྔ་འགྱུར་རྙིང་མའི་ཆོས་སྐོར་ཡང་མང་དུ་གསན། དགུང་ལོ་ཉེར་གསུམ་པ་ས་བྱི་ཕྱི་ལོ་ ༡༨༨༨ ལོར་གྲུབ་དབང་དྷརྨ་སེང་གེའི་བཀའ་ལུང་ལྟར་མདོ་ཁམས་ཁུལ་དུ་ཕེབས་ཏེ་རྫོགས་ཆེན་མཁན་པོ་གཞན་ཕན་མཐའ་ཡས་ལས་སྤྱོད་འཇུག་ཆེན་པོ་དང་། རྫ་སེ་རུང་འཇམ་དབྱངས་དབང་ཕྱུག་རབ་བརྟན། ཉ་རྒྱས་སྤྲུལ་སྐུ་བློ་བཟང་བསྟན་པའི་རྒྱལ་མཚན་ལས་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་གྱི་ལུང་སོགས་མདོར་ན་ཁམས་ཁུལ་གྱི་གསར་རྙིང་གི་མཁས་གྲུབ་དུ་མའི་དྲུང་ནས་མདོ་སྔགས་རིག་གནས་དང་བཅས་པའི་ཁྲིད་ལུང་རྒྱ་ཆེར་གསན། དགུང་ལོ་ཉེར་བདུན་ནས་བཟུང་བྲག་དཀར་རི་ཁྲོད་མཱ་ལ་ནང་དང༌། ཆོས་དབྱིངས་དགོན། བྲག་མགོ་དགེ་ཐར་ལུང་། དཔལ་སྒང་སོགས་སུ་བྱམས་ཆོས་སྡེ་ལྔ་དང༌། དབུ་མ་རྩ་འཇུག་བཞི་གསུམ། རིགས་ཚོགས། བསྟོད་ཚོགས་སོགས་ཀྱི་འཆད་འཁྲིད་མཛད། གཞན་ཡང༌དཀར་མཛེས་དང་བྲག་མགོ མི་ཉག གསེར་ཐར་སོགས་གནས་ཕྱོགས་མེད་དུ་ཕེབས་ཏེ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང༌། རྗེ་ཡབ་སྲས་ཀྱི་གསུང་འབུམ་གྱིས་མཚོན་བླ་མ་སོ་སོའི་གསུང་འབུམ་སྣ་ཚོགས་ཀྱི་ལྗགས་ལུང༌། བདེ་གསང་འཇིགས་གསུམ་དང༌། སྙིང་ཐིག ཞི་གཅོད་སོགས་ཀྱི་དབང་ལུང་ཁྲིད་གསུམ། བྱང་ཆུབ་ལམ་རིམ་ཆེ་ཆུང་བཅས་ཀྱི་བཀའ་ཆོས་རྒྱ་ཆེར་གསུངས་ནས་རིས་སུ་མ་ཆད་པའི་གདུལ་བྱ་མང་པོ་བསྐྱངས། སློབ་མ་གཙོ་བོ། དགེ་བཤེས་འཇམ་དཔལ་རོལ་བའི་བློ་གྲོས་དང་། དགེ་ཐོག་མཆོག་སྤྲུལ་བློ་གྲོས་འགྱུར་མེད་ཆོས་ཀྱི་དབང་ཕྱུག་སོགས་བྱུང་། གསུང་རྩོམ་སྐོར། བསྟོད་ཚོགས། གཞུང་ཆེན་པོད་ལྔ། སྔགས་རྫོགས་སྐོར་གྱི་འགྲེལ་བཤད་སོགས་གསུང་འབུམ་པོད་བཅུ་དགུ་མཛད། མཐར་དགུང་ལོ་རེ་བཞི་པ་རབ་བྱུང་བཅུ་དྲུག་པའི་ས་སྦྲུལ་ཕྱི་ལོ་ ༡༩༢༩ ལོའི་ཟླ་བ་བརྒྱད་པའི་ཚེས་གསུམ་ཉིན་སྐུ་གཤེགས་སོ།།

༢. བརྒལ་ལན་གཉིས་པ་རབ་གསལ་བརྒལ་ལན་གྱི་ཕྱོགས་སྔ།

རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་ཐུན་མོང་རིག་གནས་ཀྱི་སློབ་དཔོན། བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྡོ་རམས་པ། སྐུ་འབུམ་བྱམས་པ་གླིང་གི་དཀའ་བཞི་བ། ཡོངས་གྲགས་ལ་དགེ་བཤེས་ཆེན་མོ་དཔའ་རིས་རབ་གསལ་ཞེས་འབོད་པ། རབ་བྱུང་གི་མཚན་ལ་བློ་བཟང་རབ་གསལ། དགེ་སློང་གི་མཚན་ལ་བློ་བཟང་རྒྱ་མཚོ། དཔའ་རིས་ཕྱོགས་སུ་ཡར་ལུང་དགེ་བཤེས་ཆེན་མོར་འབོད་པ། ལེགས་སྦྱར་སྒྲ་རིག་སྦྱངས་པའི་ཀུན་བཤད་ཀྱི་མཚན་ལ་མཚོ་བྱུང་རོལ་པའི་བློ་གྲོས་སུ་གསོལ་བའི་མཁས་དབང་ཁོང་ནི། བོད་ཨ་མདོ་དཔའ་རིས་ཞེས་བྱ་བའི་ས་ཆ། དཔའ་རིས་བོད་རིགས་རང་སྐྱོང་ལྗོངས་ཀྱི་ཁོངས་གཏོགས་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་གདན་ས་ཡར་ལུང་ཐོས་བསམ་དར་རྒྱས་གླིང་གི་ལྟག་རྒྱབ་ཀྱི་དགོན་པ་ལུང་བའི་མཛོ་བུར་གོང་མ་བྱ་བའི་འབྲོག་ས་ཞིག་ནས་སྦའི་རིགས་སུ་ཡབ་རིན་ཆེན་དང་ཡུམ་ནོར་འཛོམས་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་བའི་ལྕགས་གླང་ཕྱི་ལོ་ ༡༨༤༡ ལོར་འཁྲུངས། དུང་དཀར་ཚིག་མཛོད་དུ། མཁས་དབང་ཁོང་ཉིད་ཀྱི་གསུང་འབུམ་དབུའི་རྩོམ་པ་པོའི་ལོ་རྒྱུས་བཅས་སུ་ལྕགས་བྱི་ཕྱི་ལོ ༡༨༤༠ ལོར་འཁྲུངས་པར་བཤད། དཔའ་རིས་སེམས་ཉིད་སྤྲུལ་སྐུ་བློ་བཟང་མཆོག་གྲུབ་ཉི་མ་ (༡༨༢༢) ཡར་ཀླུང་དགོན་པའི་ཁྲིར་བཞུགས་སྐབས་རྗེ་དེའི་དྲུང་དུ་རབ་བྱུང་བསྒྲུབས་ནས་མཚན་བློ་བཟང་རབ་གསལ་དུ་གསོལ། དངུལ་སྲང་བཞི་ལྔ་ཙམ་གྱི་ཆ་རྐྱེན་ལས་མེད་ཀྱང་བསྣམས་ཏེ་དགུང་ལོ་ཉི་ཤུ་པ་ལྕགས་སྤྲེལ་ཕྱི་ལོ་ ༡༨༦༠ ལོར་ཤ་བོ་ལུང་དགེ་བཤེས་ཆོས་གྲགས་ཚང་དང་ལྷན་དུ་བླ་བྲང་བཀྲ་ཤིས་འཁྱིལ་དུ་སློབ་གཉེར་ལ་བྱོན། ས་སྦྲུལ་ཕྱི་ལོ་ ༡༨༦༩ ལོར་ཐང་སྐོར་དུ་ཤིང་བཟའ་བསྟན་པའི་དབང་ཕྱུག་ལས་མི་ཏྲ་བརྒྱ་རྩའི་དབང་དང་། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་བསྙེན་སྒྲུབ་དང་བཅུ་ཆའི་སྦྱིན་སྲེག་གི་ཁྲིད་ལུང་གསན། དེ་ནས་སླར་བཀྲ་ཤིས་འཁྱིལ་དུ་བྱོན་ནས་གཞུང་ཆེན་བཀའ་པོད་ལྔའི་སློབ་གཉེར་གྱི་འཕྲོ་སྐྱོང་བཞིན་པར་བྲག་དགོན་བསྟན་པ་རབ་རྒྱས་དང་རྗེ་ཤེར་རྒྱམ་པ་གཉིས་ཀྱི་དངོས་སློབ་རིག་གནས་པ་དངུལ་རྭའི་སྙན་གྲགས་ལས་དབྱངས་ཅན་སྒྲ་མདོ་དང་། དུས་འཁོར་བ་འཇམ་དབྱངས་རཏྣ་ལས་སྙན་ངག་ལེའུ་གཉིས་པ་སྦྱངས། རྗེས་སུ་ཇེ་སང་ངག་དབང་རྒྱ་མཚོ་ལས་རྩིས་དང་སྙན་ངག་གསན་པའི་སྡེ་ཁྲིའི་དྲུང་ཡིག་ཐུབ་བསྟན་རྒྱ་མཚོ་ལས་སྒྲ་ཡོངས་རྫོགས་དང་། སྙན་ངག་ཆ་ཚང་གསན་སྦྱངས་གནང་ཞིང་། ཀུན་བཤད་ཀྱི་མཚན་ལ་མཚོ་བྱུང་རོལ་པའི་བློ་གྲོས་སུ་གསོལ། རྗེ་ཤེས་རབ་རྒྱ་མཚོའི་དྲུང་ནས་བསྙེན་རྫོགས་ཞུས་པས་མཚན་ལ་བློ་བཟང་རྒྱ་མཚོར་གསོལ་ཞིང་གསུང་རྩོམ་འགར་སུ་དྷི་ས་ར་ཞེས་པ་དེའོ། །སྒོ་མང་ཆོས་དར་གྱི་སྤྲུལ་སྐུ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་ལས་མངོན་རྟོགས་རྒྱན་གྱི་བཤད་ལུང་སོགས་གསན་ཏེ་ཕྱིས་སྐུ་འབུམ་དུ་ཧོར་ཆེན་ཡེ་ཤེས་རྒྱ་མཚོ་སོགས་ལ་གནང་བས་དར་ཁྱབ་བྱུང་འདུག་ཅིང་། གཞན་ཡང་བདེ་མཆོག་ཕྱི་དཀྱིལ་དྲིལ་བུ་ལྷ་ལྔའི་དབང་སོགས་གསན། རོང་བོའི་མཁན་ཆེན་ཚང་སྐུ་ཕྲེང་ལྔ་བ་བློ་བཟང་དཔལ་ལྡན་རྒྱ་མཚོ་དང་། རྗེ་ཞང་སྟོན་བསྟན་པ་རྒྱ་མཚོ་སོགས་ལས་དུས་འཁོར། མི་ཏྲ། རྡོར་ཕྲེང་སོགས་གསུང་ཆོས་མང་དུ་ཞུས། ཞྭ་དམར་ཚང་གི་མདུན་ནས་བཀའ་གདམས་གླེགས་བམ་གྱི་ལུང་ཉིན་བདུན་ལ་གསན་ཏོ།།

གསུང་རྩོམ་གྱི་སྐོར་ནི། དབུ་མའི་སྟོང་ཐུན་བློ་གྲོས་མིག་སྨན། ཕར་ཕྱིན་རྣམ་བཤད་སྙིང་པོའི་རྒྱན་གྱི་མཆན་ཡང་གསལ་སྒྲོན་མེ། རྟགས་རིགས་ཟུར་རྒྱན་ཀུནྡའི་ཕྲེང་མཛེས། ཕྱི་ལོ་ ༡༨༩༧ ལོར་དབུ་མའི་སྡོམ་མཆན་བློ་གྲོས་པད་མོ་བཞད་པའི་ཉིན་བྱེད་དང་འཇམ་མགོན་མི་ཕམ་ཕྱོགས་ལས་རྣམ་རྒྱལ་རྒྱ་མཚོར་ཐོག་མར་རྩོད་པའི་སྦྱོར་བ་རྩོམ་པའི་རིགས་འཕྲུལ་དཔྱིད་ཀྱི་ཕོ་ཉ་ཞེས་བྱ་བ་དང་། རྩོད་ཡིག་དངོས་གཞི་འཇམ་དཔལ་དབྱངས་ཀྱི་དགོངས་རྒྱན་རིགས་པའི་གཟི་འབར་འཇིགས་མེད་གདོང་ལྔའི་སྒྲ་དབྱངས་ཞེས་བྱ་བ་བརྩམས་གནང་མཛད་དེ་བསྐུར། རྐྱེན་ཅི་རིགས་དབང་གིས་ཆུ་སྟག་ཕྱི་ལོ་ ༡༩༠༢ ལོའི་ལོ་མཇུག་བར་དུ་འཇམ་མགོན་མི་ཕམ་རིན་པོ་ཆེའི་ཕྱག་ཏུ་མ་འབྱོར་བར་སྣང་། ཕྱི་ལོ་ ༡༩༠༣ ལོའི་ཟླ་བ་ལྔ་པར་འཇམ་མགོན་མི་ཕམ་རིན་པོ་ཆེས་རབ་གསལ་བརྒལ་ལན་བརྩམས་གྲུབ་སྟེ་བསྐུར་བ་ཆུ་ཡོས་ཕྱི་ལོ་ ༡༩༠༣ ལོའི་ཟླ་ ༩ ཚེས་ ༩ ཉིན་གང་གི་ཕྱག་ཏུ་འབྱོར་ཞིང་དེའི་ནང་དུ་ལྷ་ལྡན་ཕྱོགས་ནས་རྩོད་པ་ཚན་པ་གཉིས་དང་། བྱང་ཁ་ནས་གཅིག་བཅས་འབྱོར་མོད། སྔ་མ་རྣམས་ལུང་ཙམ་གཙོ་བོར་བྱས་ཤིང་རིགས་པ་ལྟར་སྣང་མང་བས་རེ་ཞིག་ལན་གྱི་སྤྲོས་པ་དགོས་པ་མེད་པར་མཐོང་ནས་མ་བྱས་ལ་དེ་དག་གི་ནང་ནས་རབ་གསལ་གྱི་རྩོད་ལན་འདི་ཕལ་ཆེར་རིགས་པས་དཔྱད་པ་བྱས་ཤིང་ཞེས་འབྱུང་ལ། ལྷ་ལྡན་ནས་བསྐུར་བ་བྲག་དཀར་སྤྲུལ་སྐུ་དང་ལྡན་མ་བློ་བཟང་ཆོས་དབྱིངས་གཉིས་ཡིན་ལ། བྱང་ནས་སླེབས་པ་དེ་ཉིད་ཤར་འདོ་གྲགས་པ་བཟང་པོ་ (༡༨༤༢-༡༨༩༧) དང་ལྷ་མོ་ཀིརྟིའི་མཁན་པོ་དམ་ཆོས་ཕུན་ཚོགས་ཀྱི་མི་ཕམ་བརྒལ་ལན་གང་ཡིན་དཔྱད་དགོས། ཆུ་ཡོས་ཕྱི་ལོ་ ༡༩༠༣ ལོ་ཟླ་ ༡༢ ཚེས་ ༣ ལ་མི་ཕམ་དགག་ལན་ཤེས་ལྡན་ཡིད་ཀྱི་གདུང་སེལ་རིགས་ལམ་ག་བུར་ཆུ་རྒྱུན་ཞེས་བྱ་བ་བརྩམས། འཇམ་མགོན་མི་ཕམ་པའི་ཕྱག་ཏུ་ཤིང་སྦྲུལ་ཕྱི་ལོ་ ༡༩༠༥ ལོར་གསར་དུ་འབྱོར་ཏེ་སླར་ལན་མཛད་པའོ། །དམ་པ་ཁོང་ཡང་རང་ལྟ་མཆོག་འཛིན་མི་གནང་བར་ས་རྙིང་བཀའ་བརྒྱུད་སོགས་ཆོས་བརྒྱུད་གཞན་གྱི་གྲུབ་མཐའ་དང་གང་ཟག་ལའང་ངོ་སྲུང་ཙམ་མ་ཡིན་པའི་དག་སྣང་དང་ཡི་རངས་གནང་མཁན་ཞིག་ཡིན་པ་ནི་གསུང་རྩོམ་དགག་ལན་ཤེས་ལྡན་ཡིད་ཀྱི་གདུང་སེལ་རིགས་ལམ་ཆུ་རྒྱུན་དུ་གསལ་ཞིང་། འཇམ་མགོན་མི་ཕམ་པར། ཆོས་སྲིད་འབྱོར་བའི་ཁམས་ཀྱི་ལྷུན་པོའི་རྩེར། །མཁྱེན་པའི་སྤྱན་སྟོང་གཡོ་བའི་བཤེས་གཉེན་ཁྱོད། །ཆེར་སྙིགས་རྒུད་པའི་མུན་ཚོགས་མཐར་བྱས་ཏེ། །སྐལ་བཟང་ལྷ་བརྒྱའི་ཆོས་ཀྱི་འདུན་ས་མཛེས། །རྟོག་གེ་གླང་སྨྱོན་ལོག་པའི་སྦྱོར་བ་བརྒྱས། །ཁྱོད་ཐུགས་ཤེས་བྱའི་གཟུགས་བརྙན་གསལ་བའི་མཚོ། །ཡང་ཡང་རྙོག་ཅིང་དཀྲུག་པའི་ཉེས་ཚོགས་ཀུན། །ཞུམ་ཞུམ་ཡིད་ལ་གཅགས་པས་མཐོལ་ཞིང་བཤགས། །ཞེས་དང་། ཆོས་འབྱོར་སྤྲིན་གྱི་ཕུང་པོ་འཁྲིགས་པའི་ཀློང་། །ཁམས་ཞེས་གྲགས་པའི་གསེར་ལྡན་དཀྱིལ་འཁོར་དུ། །གྲགས་པའི་ལྷ་ཡི་རྔ་ཆེན་ལྡིར་བ་ཅན། །ངེས་དོན་ཆོས་ཀྱི་རྒྱལ་པོར་ཡིད་རེ་དགའ། །ཞེས་མཁས་པ་འཇམ་མགོན་མི་ཕམ་པར་བསྔགས་པ་དང་གདེངས་འཇོག་ཚད་མཐོར་གནང་བ་ལས་ཤེས་སོ། །ས་སྤྲེལ་ཕྱི་ལོ་ ༡༩༠༨ ལོར་རྒྱལ་དབང་བཅུ་གསུམ་པ་མཆོག་ལ་རིག་གནས་ཀྱི་དཔེ་ཁྲིད་གནང་བ་སོགས་ཀྱིས་མཚོན་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་རྒྱུན་བསྐྱངས་པའི་མཐར་ས་སྤྲེལ་ཕྱི་ལོ་ ༡༩༠༨ ལོའི་བོད་ཟླ་ ༡༠ པའི་ཚེས་ ༣༠ ཉིན་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཏོ།།

༣. བརྒལ་ལན་གསུམ་པ་དམ་ཆོས་དོགས་སེལ་གྱི་ཕྱོགས་སྔ།

དགོངས་འདུས་ལུང་བསྟན་བཀའ་རྒྱ་མ་ལས་ལུང་གིས་ཟིན་པའི་སྐྱེས་བུ་ཆེན་པོ་རྡོ་གྲུབ་མཁན་ཆེན་རྣམ་བཞི་ཞེས་ཡོངས་སུ་གྲགས་པ་སེར་ཤུལ་ངག་དབང་ཀུན་དགའ། ཀླུ་ཤུལ་དཀོན་མཆོག་མེ་ཏོག ཨ་མྱེས་བྱམས་པ་འོད་ཟེར་རམ་དམ་ཆོས་བཟང་པོ། མགར་ར་འཇིགས་མེད་འོད་གསལ་རྣམ་བཞི་ལས་སྐབས་འདིར་ཕྱོགས་སྔ་ནི་ཨ་མྱེས་མཁན་པོ་དམ་ཆོས་འོད་ཟེར་ཡིན་ཞིང་། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་སོགས་ཞིབ་ཕྲ་མ་མཇལ། བོད་ནས་པར་སྐྲུན་ཞུས་པའི་རྡོ་གྲུབ་མཁན་ཆེན་རྣམ་བཞིའི་གསུང་ཆོས་ཕྱོགས་བསྒྲིགས་ཞེས་པའི་དབུར་མཁན་ཆེན་རྣམ་བཞིའི་མཛད་རྣམ་ཕྱོགས་གཅིག་ཏུ་བསྡུས་ཏེ་བཀོད་ཡོད་པ་ལྟར་ན། དེ་དག་གི་ལོ་རྒྱུས་ནི་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། སྨྱོ་ཤུལ་ལུང་རྟོགས་བསྟན་པའི་ཉི་མ། འཇུ་མི་ཕམ་ཕྱོགས་ལས་རྣམ་རྒྱལ། འགྱ་བ་ཨ་ལགས་མདོ་སྔགས་རྒྱ་མཚོ། མི་ཉག་པ་ཀུན་བཟང་བསོད་ནམས་སམ་ཐུབ་བསྟན་ཆོས་ཀྱི་གྲགས་པ་སོགས་རིས་མེད་ཀྱི་མཁས་གྲུབ་མང་པོ་བསྟེན་ནས་མདོ་ཕྱོགས་ཀྱི་རྒྱ་གཞུང་གཙོ་བོ་དབུ་ཕར་འདུལ་མཛོད་རྣམ་འགྲེལ་སོགས་གཙོ་བོ་ས་དགེ་གཉིས་ཀྱི་ཡིག་ཆ་ལ་བརྟེན་པ་དང་། ཁྱད་པར་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཡིག་ཆ་འཐད་ཕྱོགས་སུ་བཟུང་ནས་རང་ལུགས་ལྟ་བུར་མཛད། སྔགས་ཕྱོགས་ལ་ནི་སྔ་འགྱུར་མདོ་སྒྱུ་སེམས་གསུམ་གཙོ་བོར་གྱུར་པའི་ཡིག་ཆ་དཔལ་རོང་ཟོམ་ཆེན་པོ་དང་། གཏེར་ཆེན་འགྱུར་མེད་རྡོ་རྗེ་ཡབ་སྲས་ཀྱི་གསུང་སོགས་མཁས་དབང་རྣམས་ཀྱི་གསུང་སྤྱི་དང་། ཁྱད་པར་རང་ལུགས་ཀུན་མཁྱེན་ཀློང་ཆེན་ཆོས་ཀྱི་རྒྱལ་པོ་དང་། རིག་འཛིན་འཇིགས་མེད་གླིང་པའི་གསུང་རྣམས་གཙོ་བོར་བཟུང་ངོ་། །གོང་སྨོས་ཀྱི་བླ་མ་དག་དང་། ཁྱད་པར་ཚེ་རབས་ལས་ཀྱི་བླ་མ་རྡོ་གྲུབ་ཆེན་ཀུན་བཟང་འཇིགས་མེད་བསྟན་པའི་ཉི་མ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ་མཆོག་གི་ཞབས་ཟུང་གཙུག་ཏུ་བླངས་ཏེ་མི་ལོ་ཉེར་བཞིའི་རིང་སྐུ་ཆིངས་སྐེད་ནས་མ་བཀྲོལ་བར་ཐོས་བསམ་ཁོ་ན་མཛད། མཚན་མོ་ཟླ་འོད་དེད་ནས་རི་མཐོན་པོ་རྣམས་ཀྱི་རྩེར་བྱོན་པ་དང་། གནམ་སྟོང་དང་ཆར་སྤྲིན་སོགས་ཀྱི་ཟླ་འོད་མི་གསལ་བའི་ཚེ་སྤོས་ཅུང་ཟད་རེ་བསྒྲོན་རྒྱུ་རྙེད་སྐབས་དེ་ལས་ཡིག་ཕྲེང་རྣམས་ཀྱི་སྟེང་དུ་རིམ་པར་དེད་ནས་དཔེ་གཟིགས་མཛད་དེ་མཐར་མཁས་ཤིང་བསྐྱེད་རྫོགས་ཀྱི་བརྟན་པ་ཐོབ་པ་དང་། ལྷག་པའི་ལྷས་རྗེས་སུ་བཟུང་ཞིང་དངོས་གྲུབ་བརྙེས་པའི་ལོ་རྒྱུས་ཁུངས་བཙུན་མང་དུ་བཞུགས་པ་ལྟར་རོ། །ཞེས་དང་། ཨ་མྱེས་དམ་ཆོས་ཀྱིས་སྐུ་ཚེ་གང་པོར་རྗེ་བཙུན་མི་ལ་རས་པ་བཞིན་དཀའ་སྤྱད་ཁོ་ན་ལ་བརྟེན་ནས་བཀའ་གདམས་གོང་མའི་རྣམ་ཐར་བསྐྱངས་ཞེས་གསལ་ལོ།།

ཁོང་གི་གསུང་རྩོམ་དབུ་མ་རྒྱན་གྱི་འབྲུ་འགྲེལ་ཤེལ་གྱི་མེ་ལོང་ཞེས་བྱ་བ་ཞིག་མཛད་ཡོད་པ་དེའི་མཇུག་བྱང་དུ། ཅེས་བདེན་པ་གཉིས་ཀྱི་དེ་ཁོ་ན་ཉིད་གསལ་བར་བྱེད་པ་ཟབ་མོ་དབུ་མ་རྒྱན་གྱི་འབྲུ་འགྲེལ་ཤེལ་གྱི་མེ་ལོང་ཞེས་བྱ་བ་འདིའང་རྡོ་གྲུབ་སྤྲུལ་པའི་སྐུ་རིན་པོ་ཆེ་མཚན་བརྗོད་པར་དཀའ་བ་འཇིགས་མེད་བསྟན་པའི་རྒྱལ་མཚན་གྱི་བཀའ་འབངས་དྷརྨའི་མིང་ཅན་གྱིས་བྲིས་པ་དགེའོ། །ཞེས་གཞུང་འདིའི་ནང་དུ་གསལ་བ་ལྟར་ན་སྤྱི་དོན་ཞིག་ཀྱང་མཛད་ཡོད་པར་གསུངས་པ་འདི་ལྟར། སེམས་ཙམ་པའི་ལུགས་ཐུན་མོང་མ་ཡིན་པ་རྣམས་ཁོ་བོས་བརྩམས་པ་འདིའི་སྤྱི་དོན་ཞི་འཚོའི་དགོངས་རྒྱན་ན་གསལ་ལོ། །ཞེས་དང་། འདིའི་སྐབས་སུ་ཉན་རང་ལ་བདག་མེད་རྣམ་པ་གཉིས་ཀ་རྟོགས་པ་ཡོད་མེད་སོགས་བདག་གིས་སྤྱི་དོན་ན་བཤད་ཡོད་པས་འདིར་ཡི་གེ་ལ་འཇིགས་ནས་མ་བྲིས་སོ། །ཞེས་སོགས་གསུངས་པ་ལྟར་ན་བརྒལ་ལན་དམ་ཆོས་དོགས་སེལ་འདི་ཡང་ཁོང་གི་སྤྱི་དོན་གྱི་དོགས་ལན་དུ་མཛད་པ་ཞིག་ཡིན་པར་སེམས་སོ།།

ལྔ་པ། བརྒལ་ལན་རྣམ་གསུམ་རེ་རེའི་ངོ་སྤྲོད་མདོར་བསྡུས།

༡. བརྒལ་ལན་ཉིན་བྱེད་སྣང་བའི་ངོ་སྤྲོད།

བརྒལ་ལན་གྱི་དབུར། འདིར་སྤྱོད་འཇུག་ཤེས་རབ་ལེའུའི་འགྲེལ་པ་བདག་གིས་བྲིས་པ་དེ་ལ་མི་འཐད་པར་སྨྲ་བའི་ལན་གྱི་ཁྱད་པར་ཅུང་ཟད་ཅིག་བརྗོད་པར་བྱ་སྟེ། དེ་ལ་སྤྱིར་བོད་སྔ་རབས་པ་དང་ཕྱིས་ཀྱི་མཁས་པ་དག་གི་བཞེད་ཚུལ་ཅུང་ཟད་མི་འདྲ་བའི་ཁྱད་པར་མཆིས་པ་ལས། བདག་ནི་སྐྱེ་བ་འདིར་སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་ཤིང་བསྟན་འཛིན་ཆེན་པོ་རྣམས་ཀྱི་ཞལ་གྱི་བདུད་རྩི་ནོད་པ་ལས་སྔ་འགྱུར་གྱི་བསྟན་པ་དང་དེ་འཛིན་ལ་གུས་པ་ཡར་འཕེལ་དུ་གྱུར་པ་ལས། དམ་པའི་རིང་ལུགས་ཟབ་མོ་སུན་འབྱིན་གྱི་བློ་ངན་ཕུང་ཁྲོལ་ངན་པའི་གདོན་གྱིས་མ་ཟིན་ཙམ་གྱི་དངས་པ་གཙོ་བོར་བྱས་ནས་གཞུང་ལུགས་ཀྱི་བཤད་པ་ཅུང་ཟད་རེ་བྱས་པ་རྣམས་སྔོན་གྱི་དམ་པ་དག་གི་རྗེས་སུ་བརྗོད་པ་ཡིན་ལ། དེར་རང་གཞན་གྱི་བཞེད་པའི་ཁྱད་པར་དང་དགོངས་པའི་འཛིན་ཚུལ་མདོ་ཙམ་བརྗོད་པར་མ་བྱས་ན། རྟོགས་དཀའ་བ་ཟབ་མོ་ཡེ་ཤེས་ཀྱི་སྤྱོད་ཡུལ་སྔོན་གྱི་དམ་པ་དག་གི་དགོངས་པ་ནི་ཕྱོགས་མགོ་ཙམ་ཡང་མ་གོ་བར། རྣམ་ཤེས་ཀྱི་སྤྱོད་ཡུལ་དང་ཚིག་གི་འཐེན་རྩོད་ཙམ་ལ་ཞེན་པ་དག་གིས་སྔ་རབས་པའི་ལུགས་ངན་པ་དེ་དག་རིགས་པ་མི་ཤེས་པས་སླར་ཡང་བརྗོད་པའོ་སྙམ་དུ་འཕགས་བོད་ཀྱི་མཁས་གྲུབ་བརྒྱུད་པའི་མན་ངག་ཟམ་མ་ཆད་ཅིང་དགོངས་པ་ལྷད་མེད་པའི་བཞེད་གཞུང་རྣམ་དག་ཀྱང་འདོར་ཞིང་། དེ་འཛིན་པའི་དམ་པ་མཆོག་རྣམས་ལའང་བརྙས་པར་མཐོང་ནས་ཕན་པའི་བསམ་པས་མི་བརྗོད་ཀ་མེད་ཀྱི་གནད་ཕྱོགས་མགོ་ཙམ་རེ་སྨྲས་པ་ལས། མང་པོ་སྨྲ་རྒྱུ་མཆིས་ཀྱང་སྤྲོས་པ་ཤིན་ཏུ་བསྐྱུངས་པ་ཡིན་ཏེ། དེའི་རྒྱུ་མཚན་བདག་རང་ངོས་ནས་རང་གཞན་གྱི་དམ་པ་དག་གིས་ལེགས་པར་བཤད་པའི་གསུང་ཀུན་ལ་དད་པ་ཁྱད་མེད་པར་མཉམ་ཞིང་། བཞེད་པའི་ཁྱད་པར་མི་འདྲ་བ་དག་ལའང་རང་ལུགས་བརྗོད་པའི་ཞར་ལ་གཞན་དང་མི་མཐུན་པ་བྱུང་ཡང་། མཁས་གྲུབ་གཞན་རྣམས་ཀྱི་བཞེད་པ་ཇི་ལྟར་ཡང་དགོས་པའི་དབང་གིས་གདུལ་བྱ་འདུལ་བའི་དོན་ལྡན་ཡིན་ནོ་སྙམ་དུ་བློ་བསྐྱེད་པ་ལས། སྡང་ཞུགས་ཀྱིས་སུན་ཅི་ཕྱིན་གྱི་བློ་ངན་སྐྱེད་མི་རུང་བའི་ཉེས་དམིགས་ཤེས་པས་དོན་མེད་ཀྱི་སྨྲ་བ་གང་བྱུང་སྨྲ་དོན་མེད་ན་ཡང་། གཞན་གྱི་བཞེད་པ་དང་མི་མཐུན་པར་སྨྲས་པ་ཙམ་བྱུང་བ་ན། དེང་སང་གི་མི་རྣམས་ཕལ་ཆེར་ཕྱོགས་ཞེན་ཆགས་སྡང་ནི་ཆེ། གཟུ་བོར་ནི་མི་གནས། གསར་རྙིང་གི་ཀློག་པ་པོ་རྣམས་ཚིག་གི་བརྗོད་སྒྲོས་ཀྱི་འཐེན་རྩོད་དང་ཚིག་རིས་ཀྱི་འབྲུ་ནོན་ཙམ་ལ་ལོ་མང་འབད་ཀྱང་དོན་གནད་ཟབ་མོ་ཚུལ་བཞིན་རིག་པ་ཉུང་བའི་ཕྱིར་མི་ཤེས་པ་ཕལ་གྱི་ངོར། དམན་པ་འདིས་ཀྱང་ཙོང་ཁ་པ་སོགས་ཆེན་པོ་རྣམས་ཀྱི་གསུང་ལའང་ཀླན་ཀར་བྱེད་དོ་ཞེས་ཁོང་འཁྲུགས་པ་ལས་གནད་བསམ་པ་ཉུང་བའི་ཕྱིར་མང་དུ་མ་སྤྲོས་པ་ཡིན་ནོ། །དེས་ན་བོད་གངས་ཅན་ན་སངས་རྒྱས་ཀྱི་བསྟན་པ་ལ་ཕྲིན་ལས་འགྲན་ཟླ་དང་བྲལ་བ་རྗེ་བཙུན་ཆེན་པོ་ཙོང་ཁ་པའི་གཞུང་གསལ་ཞིང་ལེགས་པར་བཤད་པ་རྣམས་ལ་གུས་ཤིང་བཀའ་དྲིན་ཆེ་བར་ཤེས་མོད། སྔ་རབས་ཀྱི་དམ་པ་མཆོག་རྣམས་ཀྱི་བཞེད་པ་དང་ཁྱད་པར་ཡོད་པ་རྣམས་ལ། སྔ་རབས་པའི་གཞུང་འཛིན་པ་དག་གིས་རང་ལུགས་གཙིགས་སུ་བྱས་ནས་ལུང་དང་རིགས་པས་དེ་སྒྲུབ་པ་ནི་གྲུབ་མཐའ་སྨྲ་བ་སྤྱིའི་ཚུལ་ལུགས་ཡིན་པས་དེ་འདྲའི་སྨྲ་བ་གང་བྱུང་ལ་གཞན་ཁྲོ་ན་གཞན་གྱི་རང་མཚང་དུ་གསལ་ཞིང་། སྔ་རབས་པའི་ལུགས་འཛིན་པས་གཞན་བཀག་པ་སོགས་ལ་ཕྱིས་ཀྱི་མཁས་པའི་ལུགས་འཛིན་པ་གཞན་གྱིས་ལུང་རིགས་རྣམ་དག་དང་མཐུན་པའི་བརྒལ་བ་བྱུང་བ་ལ་རང་ཉིད་ཁྲོ་ན་རང་མཚང་དུ་གནས་པའི་ཕྱིར་རང་དང་གཞན་གྱིས་བརྗོད་པ་རྣམས་ལ་གང་ཞིག་ནི་ཡང་དག་པའི་ལུང་དང་དངོས་སྟོབས་ཀྱི་རིགས་པ་དང་མཐུན་པའོ་ཞེས་རྣམ་པར་དཔྱད་དགོས་ཀྱི་ཕྱོགས་ཞེན་ཁོ་ནའི་དབང་དུ་སོང་བ་ནི་ཚུལ་མ་ཡིན་ནོ།།

དེས་ན་དཔལ་ལྡན་འབྲས་སྤུངས་ཀྱི་ཆོས་སྡེ་ཆེན་པོ་ནས་བློ་གྲོས་གསལ་བར་གྲགས་པ་ཏྲེ་བོ་བྲག་དཀར་སྤྲུལ་པའི་སྐུ་བློ་བཟང་དཔལ་ལྡན་བསྟན་འཛིན་ནས་ཟབ་མོ་དབུ་མའི་གནད་བརྗོད་པ་བློ་གསལ་དགའ་བའི་གཏམ་ཞེས་བྱ་བ་རང་ལུགས་ཀྱི་རྗེས་བརྗོད་གསལ་པོར་མཛད་པའི་གཞུང་ལེགས་པ་ཞིག་བྲིས་ཏེ་བདག་ལ་བརྒལ་བའི་ཕྱིར་འདིར་འབྱོར་བ་ལ་མི་དགའ་བ་མེད་པ་མ་ཟད་རྨ་བྱས་དབྱར་རྔ་ཐོས་པ་ལྟར་དགའ་བའི་གསོས་སུ་གྱུར་ཏེ་གང་དག་རང་ཉིད་ཆོས་སྒོ་གང་བཞུགས་པའི་ལུགས་བཟུང་ནས་དེ་དང་མི་མཐུན་པར་སྨྲ་བ་ལ་བརྒལ་བ་ནི་ཕ་རྗེས་བུ་འཇུག་ཡ་རབས་དམ་པའི་སྲོལ་ཡིན་པས། དུས་ངན་གྱི་རང་རྟགས་རང་གི་མེ་ཏོག་ཕོག་པའི་ལྷ་སྐལ་རྣམས་ལ་སྨད་ནས་གཞན་ལུགས་རྗེས་བརྗོད་ལ་དགའ་ཡང་། གཞན་གྱི་ལད་མོ་ཇི་བཞིན་རྗེས་སུ་མ་འཁྱོལ་བའི་བླ་བཙོང་ངོ་ཚ་མི་ཤེས་པ་དག་དང་མི་འདྲ་བའི་ཕྱིར་རོ། །དེ་ལྟ་ནའང་གཞན་གྱིས་བརྗོད་པ་ལ་དེ་མ་ཐག་ཏུ་ལན་རྩོམ་པས་ཅི་ཞིག་བྱ་སྙམ་དུ་དབེན་པར་ཅི་མི་སེམས་སུ་གནས་ན་ཡང་། བོད་སྔ་ཕྱིའི་བཞེད་པའི་སྐོར་དེ་དག་ལ་གསལ་ཁ་ཞིག་ཅིས་ཀྱང་དགོས་ཞེས་སྔ་ཕྱིར་དོན་གཉེར་ཅན་དུ་མས་ནན་ཏན་བསྐུལ་བ་དེས་ན་སྤྲོ་བ་དང་བཅས་ཏེ་བརྒལ་བ་དེ་ལ་ལན་གྱི་ཁྱད་པར་ཅུང་ཟད་བརྗོད་འོས་དུས་སུ་བརྗོད་པ་ལས། རྗེ་ཙོང་ཁ་པ་ཆེན་པོ་ལྟ་བུ་སྨོས་ཅི་དགོས་ཉིད་ལའང་མི་གུས་པ་མེད་མོད་ཀྱི། དབྱུ་གུ་དང་རྔ་སྒྲའམ་སྒྲ་དང་སྒྲ་བརྙན་གྱི་ཚུལ་དུ་རྟེན་ཅིང་འབྲེལ་བར་འབྱུང་བའི་དབང་ལས་བརྒལ་ལན་གྱི་སྨྲ་བ་ཅུང་རྗོད་པ་ལ་སྒྱུ་མ་ལྟ་བུར་ཤེས་པའི་ངང་ནས་དངོས་སྟོབས་ཀྱི་རིགས་པས་དཔྱད་པ་ལས་ཐུགས་གནོད་པར་མི་མཛད་པར་ཞུའོ། །ཞེས་གསུངས་པའོ།།

བརྒལ་ལན་འདིའི་ནང་དུ་ཁྱོན་བརྒལ་ལན་བདུན་ཙམ་བརྗོད་པར་སྣང་སྟེ། འདིར་རེ་རེ་ནས་བརྗོད་མི་དགོས་པར་བརྒལ་ལན་ཉིད་དུ་ཆེས་གསལ་བར་སྣང་། གཙོ་བོ་འཇམ་མགོན་བླ་མས་སྤྱིར་དབུ་མའི་སྐབས་སུ་ཆོས་ཐམས་ཅད་རྟོག་པས་བཏགས་པ་ཙམ་ལས་དོན་རང་ངོས་ནས་གྲུབ་པ་རྡུལ་ཙམ་མེད་པར་གཏན་ལ་འབེབས་པ་ནི་དམ་པ་རྣམས་ཀྱི་དགོངས་པ་རྨ་མེད་པ་ཡིན་པ་དང་། རྗེ་ཙོང་ཁ་པས་ཀྱང་དེ་ལྟར་གསལ་བར་བཀྲལ་བ་ལེགས་བཤད་མཚུངས་པ་མེད་པ་ཡིན་མོད་ཀྱང་། ཆོས་ཐམས་ཅད་རྟོག་པས་བཏགས་ཙམ་དུ་འདོད་པ་ནི་ཐལ་རང་གི་མཁས་པ་ཀུན་གྱི་བཞེད་པ་ཐུན་མོང་བ་ཡིན་གྱི་ཐལ་འགྱུར་ཐུན་མོང་མིན་པའི་ལུགས་སུ་འདོད་པ་ནི་ཆེས་ནོར་བ་སྟེ། འདི་ལྟར་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་ན་ཆོས་གང་ཡང་དཔྱད་བཟོད་དུ་མི་གྲུབ་ལ། དེའི་ཕྱིར་རྟོག་པས་བཏགས་པ་ཙམ་ཞིག་ཏུ་གྲུབ་པར་འགྱུར་བའི་ཕྱིར་ཞེས་དབུ་མའི་ལུགས་ལ་ཆོས་ཐམས་ཅད་རྟོག་བཏགས་ཡིན་མིན་དཔྱད་པ་དང་། དབུ་མ་རིན་ཆེན་ཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བ་ཡིན། །ཞེས་པའི་ལུང་དོན་ཡང་གཞན་གྱིས་འདོད་པའི་ཇི་སྲིད་ཕུང་པོ་ལ་བདེན་འཛིན་ཡོད་པ་དེ་སྲིད་དུ་དེ་ལས་ངར་འཛིན་པའི་འཇིག་ལྟ་ལྷན་སྐྱེས་ཉིད་འབྱུང་ལ་འཇིག་ལྟ་མ་ལུས་པ་སྤངས་པ་ལ་ཕུང་པོ་བདེན་འཛིན་ངེས་པར་སྤོང་དགོས་པར་བསྟན་པ་དེ་མི་འཐད་པར་བཀག་སྟེ་ཇི་སྲིད་ཕུང་པོའི་ཚོགས་པ་ལ་རིལ་པོ་གཅིག་པུའི་ངོ་བོར་བདེན་པར་འཛིན་པ་ཡོད་པ་དེ་སྲིད་དུ་གང་ཟག་དེ་ལ་ངར་འཛིན་ཡོད་ཅེས་པའི་དོན་ཡིན་པར་གསུངས་ཡོད་དོ། །མདོར་ན་ཆོས་ཀྱི་བདག་འཛིན་དང་གང་ཟག་གི་བདག་འཛིན་ངོས་འཛིན། བདེན་བཞི་མི་རྟག་བཅུ་དྲུག་ལ་བརྟེན་ནས་ཐར་པ་ཡོད་ཚུལ། སྲེད་འདི་ཉོན་མོངས་ཅན་མིན་ཡང་ཞེས་སོགས་ཀྱི་ཁ་ཅིག་གི་འདོད་པ་དགག་པ། བདག་འཛིན་གཉིས་སྤྱི་བྱེ་བྲག་གང་ཡིན་པ། བོད་སྔ་རབས་པའི་ལུགས་དང་། སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་དགོངས་པ། དེ་བཞིན་རིག་པ་དྲུག་ཅུ་པ་དང་སྟོང་ཉིད་བདུན་ཅུ་པ། དབུ་མ་བཞི་རྒྱ་པ། དབུ་མ་རྒྱན་སོགས་ཀྱི་དགོངས་པ་བསྟན་པ། ཉན་རང་དགྲ་བཅོམ་པས་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་མེད། དོན་དམ་བློ་ཡི་སྤྱོད་ཡུལ་ཡིན་པའི་ལུགས་དགག་ཚུལ་རྒྱས་པར་བསྟན་པ། ཐལ་འགྱུར་པའི་ཐ་སྙད་དུ་ཀུན་གཞི་དང་རང་རིག་མི་འཐད་པ་མེད་པ། ཁ་ཅིག་གི་འདོད་པ་དང་དབུ་མ་ཐལ་རང་གི་གཏན་ཚིགས་ལ་དཔྱད་པ་བཅས་བསྟན་ཡོད་དོ། །ནང་དོན་ཞིབ་ཕྲ་གཞུང་དཀྱུས་ལ་འཇུག་པར་བྱའོ།།

བརྒལ་ལན་གྱི་མཇུག་བྱང་དུ། ཅེས་རྣམ་དཀར་གྱི་ཐུགས་མངའ་བྲག་དཀར་སྤྲུལ་པའི་སྐུས་དཔལ་ལྡན་འབྲས་དཀར་ཁལ་དུ་སྤུངས་འདྲའི་ཆོས་སྡེ་ནས་བྲིས་པའི་རྩོད་པ་ལ་བརྒལ་ལན་དུ་བྲིས་པ་འདི་ཡང་རྙིང་བན་མི་ཕམ་རྣམ་རྒྱལ་ཞེས་བྱ་བ་ལོ་ཤས་དབེན་པའི་རི་སུལ་ན་ཉལ་ཞིང་། སྐབས་འདིར་ཕྱོགས་ཀྱི་མཐའ་གྲུ་དཀར་བའི་རི་ལ་གནས་ཤིང་རལ་བའི་ཟར་བུ་རིང་པོ་དང་ལྡན་པར་གྱུར་པ་གང་དེས་རབ་ཚེས་ས་གླང་ས་ག་ཟླ་བའི་བསྙེན་སྒྲུབ་ཀྱི་མཚམས་ལ་གནས་པའི་དུས་ཀྱི་ཚེས་བཞི་ནས་བཟུང་སྟེ་ཞག་བཅུའི་ཐུན་གསེང་རེ་ལ་མགྱོགས་པར་བྲིས་ཤིང་ཚེས་བཅུ་གསུམ་ལ་གྲུབ་པར་བགྱིས་པ་མངྒལཾ་ཤྲེ་ཡོ་བྷ་ཝ་ཏུ། །ཞེས་གསུངས་སོ།།

༢. རབ་གསལ་བརྒལ་ལན་གྱི་ངོ་སྤྲོད།

མཚན་བྱང་དངོས་ལ་རིགས་ལམ་རབ་གསལ་དེ་ཉིད་སྣང་བྱེད་དམ་རབ་གསལ་བརྒལ་ལན་དང་། བརྒལ་ལན་དེའི་དབུ་བརྗོད་ལས། འདིར་དེང་སང་གི་སྐབས་ན་རིགས་པ་སྨྲ་བའི་དབང་ཕྱུག་ཏུ་གྲགས་པ་དཔལ་རི་བ་བློ་བཟང་རབ་གསལ་ཞེས་བྱ་བས། ཤེར་འགྲེལ་ཀེ་ཏ་ཀའི་ཚིག་དང་དོན་ལ་དགག་པ་བརྗོད་པ་འཇམ་དབྱངས་དགོངས་རྒྱན་རིགས་པའི་གཟི་འབར་གདོང་ལྔའི་སྒྲ་དབྱངས་ཞེས་པ་སྔར་མེ་བྱ་ཕྱི་ལོ་ ༡༨༩༧ ལོར་བརྩམས་ནས་བསྐུར་བར་འདུག་ན་ཡང་བདག་གི་ལག་ཏུ་ཆུ་སྟག་ཕྱི་ལོ་ ༡༩༠༢ ལོ་རྒྱལ་ཟླའི་ནང་བར་མ་སོན་ལ། དེ་དང་ཆ་འདྲ་ལྷ་ལྡན་ཕྱོགས་ནས་རྩོད་པ་ཚན་གཉིས་བྲག་དཀར་སྤྲུལ་སྐུ་དང་ལྡན་མ་བློ་བཟང་ཆོས་དབྱིངས་ (?…༡༩༢༥) དང་། བྱང་ཁ་ནས་གཅིག་ཤར་འོད་གྲགས་པ་བཟང་པོ་ ( ༡༨༤༢-༡༨༩༧) དང་ལྷ་མོའི་ཀི་རྟིའི་མཁན་པོ་དམ་ཆོས་བཟང་པོ་གང་ཡིན་དཔྱད་དགོས་པར་སྣང་། བཅས་སྔར་ནས་འབྱོར་མོད་སྔ་མ་རྣམས་ལུང་ཙམ་གཙོ་བོར་བྱས་ཤིང་རིགས་པ་ལྟར་སྣང་བ་མང་བས་རེ་ཞིག་ལན་གྱི་སྤྲོས་པ་དགོས་པ་མེད་པར་མཐོང་ནས་མ་བྱས་ལ། དེ་དག་གི་ནང་ན་རབ་གསལ་གྱི་རྩོད་ལན་འདི་ཕལ་ཆེར་རིགས་པས་དཔྱད་པ་བྱས་ཤིང་གཞན་གྱི་དྲོད་ཉུལ་བ་ཙམ་དུ་མཐོང་ནས་འདི་ལ་བརྟེན་ཏེ་ཆགས་སྡང་སོགས་རྐྱེན་དུ་མི་འགྱུར་བར་ཉམས་མཚར་ཙམ་དུ། ལན་ཅུང་ཟད་བརྗོད་ན། རྩོད་ཡིག་སྔ་ཕྱི་རྣམས་སུ་རྗེ་ཙོང་ཁ་པའི་བསྔགས་པ་བརྗོད་པ་ནི་ཡི་རངས་པའི་གནས་ལས་ཅི་ཡོད། ཁོ་བོས་ཀྱང་རྗེ་ཙོང་ཁ་པ་ཆེན་པོའི་མཁས་ཚུལ་བཟང་པོའི་ཕྱག་རྗེས་ལ་ཁྱེད་ཅག་གིས་བསྔགས་པ་ལས་མི་ཞན་པ་ཙམ་ཤེས་ནས། དེའི་གསུང་གི་ཟབ་གནད་དུ། དངོས་སྨྲ་བ་རྣམས་ཀྱིས་སྟོང་ཉིད་མ་ཡིན་དགག་ཏུ་བཟུང་བས་སྟོང་པ་ཉིད་ལེགས་པར་གཏན་ལ་འབེབས་པར་མ་སོང་ལ། རང་ལུགས་མེད་དགག་གི་སྟོང་ཉིད་དང་རྟེན་འབྱུང་འགལ་མེད་དུ་གོ་ཚུལ་གསུངས་པ་སོགས་དེ་དེ་བཞིན་ནོ་སྙམ་དུ་ངེས་ཤེས་སྐྱེས་མོད་ཀྱི། དེང་སང་རྗེ་བདག་ཉིད་ཆེན་པོའི་བརྒྱུད་པ་འཛིན་པར་ཁས་འཆེ་བ་དག་གིས་ཀུན་རྫོབ་རྣམས་རང་གི་ངོ་བོས་མི་སྟོང་པར་དགག་བྱ་ཡན་གར་བ་བདེན་གྲུབ་ཀྱིས་སྟོང་པར་བཞེད་པ་མང་བས་སྟོང་ཉིད་མ་ཡིན་དགག་ཏུ་སོང་ཞིང་། དེ་ལྟར་ན་རང་རྒྱུད་པ་དངོས་སྨྲ་བའི་གྲལ་དུ་འཕེན་པའི་རིགས་པའི་འཕུལ་མཚམས་རང་ཉིད་ལའང་མཚུངས་པ་དང་། བདེན་གཉིས་འགལ་འདུར་འཛིན་པ་དངོས་སྨྲ་བའི་ལུགས་དབུགས་འབྱིན་པར་འགྱུར་བ་སོགས་ཀྱིས། དེ་ལྟར་འདོད་པ་དེ་དག་རྗེ་ཙོང་ཁ་པའི་དགོངས་པ་གསལ་བའི་རྒྱན་དུ་འགྱུར་བར་དཀའ་སྙམ་སྟེ། ལྟ་མགུར་ལས་ཀྱང་། ད་ལྟ་རང་རེ་ཡི་བློ་གསལ་འགའ་ཞིག །སྣང་བ་ལིང་ལིང་དེ་རང་སར་བཞག་ནས། །དགག་རྒྱུ་རྭ་ཅན་ཞིག་ཚོལ་བར་འདུག་ཀྱང་། །ཨ་མ་རྒན་མོ་དེ་བྲོས་དོགས་འདུག་གོ །ཞེས་གསུངས་པ་སོགས་དགེ་ཕྱོགས་ཀྱི་བསྟན་འཛིན་ཕལ་མོ་ཆེའི་ཐུགས་མཛོད་ན་སྣང་སྟོང་ཟུང་འཇུག་སྤྲོས་བྲལ་ཉིད་རྗེའི་དགོངས་པར་གནས་པ་ཡོད་པས་ལེགས་པར་དཔྱད་ན་བོད་སྔ་ཕྱིའི་དམ་པ་བདག་ཉིད་ཆེན་པོ་རྣམས་དགོངས་པའི་གནད་གཅིག་པར་མཐོང་མོད་ཀྱི། དེང་སང་ནི་དེ་དག་དགོངས་པ་གཏན་མི་གཅིག་ཅེས་ནན་ཏན་སྒྲུབ་པའི་སྐབས་སུ་ཆོས་བཞིན་དཔྱད་ཀྱང་ཆགས་སྡང་གི་རྒྱུ་བྱེད་པ་ལས་དགོས་པ་མེད་པར་གྱུར་ན་ཡང་། བློ་བཟང་རབ་གསལ་ཁོང་གི་རྩོད་ཡིག་ཏུ། ཀྱེ་མ་རྒན་བུ་ལྔ་པའི་ལམ་དུ་བཏང་ན་དགེ་སྦྱོང་གི་ཚུལ་འཇིག་མོད། ད་རེས་འཛམ་གླིང་གི་མཁས་མི་མཁས་བགྲང་ཡས་པས་སྡིག་ཆེན་ཁུར་དུ་ཁྱེར་བའི་གྲོགས་དན་བྱེད་པར་འདུག་པས་མི་སྐྱོན་སྙམ་དུ་སེམས་དཔའ་བསྐྱེད་དེ་སྨྲས་པ་ཞེས་གསུངས་པ་དང་ཚུལ་འདྲ་བར། བདག་གིས་ཀྱང་ཆགས་སྡང་གི་ཀུན་སློང་མེད་པར་རྣམ་གྲོལ་ལམ་གནད་འཚོལ་བའི་བསམ་པས་བོད་སྔ་ཕྱིའི་མཁས་གྲུབ་རྣམས་ཀྱི་དགོངས་པའི་ཞེ་ཕུགས་བརྟགས་པའི་ཆེད་དུ་ཅུང་ཟད་རེ་སྨྲས་པ་ལ་སྡང་ཞུགས་མེད་པར་དཔྱད་ན་སུ་ལ་ཕན་ཆ་མེད་སྙམ་ཞིང་། གལ་ཏེ་བདག་རང་ཉིད་ནི། ཇི་སྐད་དུ། རྟོག་གེ་རྟེན་ཅིང་མ་ངེས་ལ། །མ་ཁྱབ་ཀུན་རྫོབ་སྐྱོ་བ་ཅན། །ཞེས་གསུངས་པ་ལྟར་ཡིན་གཤིས། ལམ་ཡང་དག་དང་མི་མཐུན་པའི་སྨྲ་བ་བྱུང་ན། གང་སུ་ཞིག་གིས་བཀག་ཀྱང་། ཡང་དག་རིགས་པས་དེ་ལྟར་གྲུབ་པ་ཞིག་ན་ནད་འབྱིན་པའི་སྨན་བཞིན་དུ་བལྟ་ཡིས་ལོག་པར་སུན་ཅི་ཕྱིན་དུ་མི་བགྱི་སྟེ། བདག་ཅག་རྣམས་རྣམ་གྲོལ་དོན་གཉེར་སྟོན་པ་གཅིག་གི་བསྟན་པ་ལ་ཞུགས་པ་ཡིན་པས་ང་ཁྱོད་ཀྱི་ལུགས་ཞེས་རིས་སུ་ཆད་པ་ཅི་ཡང་མི་དགོས་པའི་ཕྱིར་རོ། །ཞེས་གསུངས་སོ།།

གཞུང་འདིའི་བརྗོད་དོན་གཙོ་བོ་ནི། སྤྱོད་འཇུག་ཤེས་རབ་ལེའུའི་སྐབས་ཡན་ལག་དེ་དག་ཐམས་ཅད་ནི་སོགས་ཀྱི་འགྲེལ་སྟངས་དང་། སྔ་འགྱུར་བའི་ཅི་ཡང་མི་འཛིན་པ། བརྗོད་མེད། སྤྲོས་བྲལ་གྱི་ལྟ་བ་དང་ཧྭ་ཤང་གི་ལྟ་བ་མི་འདྲ་བའི་ཚུལ་བཀའ་བསྟན་ཁུངས་དྲངས་ནས་བསྒྲུབས་པ། དེ་དང་འབྲེལ་ནས་དགག་བྱ་ངོས་འཛིན་སྐོར་གསུངས་ཡོད། ཐལ་རང་གཉིས་ཀྱི་རྩོད་པ་ཐུག་ས་གཙོ་བོ་གཏན་ཚིགས་འགོད་ཚུལ་གྱིས་ཡིན་པ་ལས་ལྟ་བ་མཐོ་དམན་མིན་ཚུལ། དབུ་མ་ཞེས་པའི་གོ་དོན་དང་གཞི་ལམ་འབྲས་བུ་དབུ་མའི་གོ་དོན། རང་ལུགས་ལ་ཐལ་རང་གཉིས་དོན་དམ་པ་ལ་ཁས་ལེན་ཡོད་མེད་ཀྱི་འཇོག་མཚམས་འདི་ལ་གཏུགས་ནས་ཁྱད་འབྱེད་དགོས་ཚུལ། དོན་དམ་དམིགས་པ་མེད་པའི་སྒྲ་རྟོག་དང་སོ་སྐྱེའི་ཡུལ་དུ་འཐད་པའི་སྐོར། ཐལ་འགྱུར་བས་ཐ་སྙད་དུ་ཀུན་གཞི་དང་རང་རིག་ཁས་བླངས་ཀྱང་སྐྱོན་མེད་ཚུལ། རྣམ་པར་མི་རྟོག་ཅེས་པ་དབུས་མཐའ་ནས་བཤད་པའི་སྐྱོན་ལྔ་དང་བྲལ་བ་ཞིག་དགོས་པ། སྔགས་གསར་རྙིང་གཉིས་དགོངས་པ་འགལ་མེད་དུ་སྒྲུབ་ཚུལ་བཅས་བསྟན་ཏོ། །རྒྱས་པར་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་ནས་པར་སྐྲུན་ཞུས་པའི་དེབ་གཟུགས་ཤེར་འགྲེལ་ནོར་བུ་ཀེ་ཏ་ཀ་དང་བརྒལ་ལན་རྣམ་གསུམ་ཞེས་པར་གསལ་བ་ལྟར་རོ།།

༣. བརྒལ་ལན་དམ་ཆོས་དོགས་སེལ་གྱི་ངོ་སྤྲོད་མདོར་བསྡུས།

མཚན་བྱང་དངོས་ལ་རྡོ་གྲུབ་པ་དམ་ཆོས་ཞེས་པས་གཞན་གྱི་ཟེར་སྒྲོས་བསྡུས་ནས་མཁས་སུ་རེ་བའི་འཁྱལ་ངག་དེ་དག་མི་མཁས་མཚང་ཕུད་དུ་ཁོ་རང་ནས་བསྐུལ་བ་བཞིན་ཉམས་མཚར་དུ་བཀོད་པ་བཞུགས་ཞེས་སོ། །དོགས་སེལ་གྱི་དབུ་བརྗོད་ལས། བདག་ཉིད་གྲགས་ཕྱིར་གཞན་ལ་ཐོ་བཙམས་ཕྱིར། །བབ་བབ་བྲིས་དང་ཁེངས་པའི་རྣམ་པ་སོགས། །གཙོར་བྱས་མ་ཡིན་ཕན་པའི་སེམས་ཀྱིས་འདི། །འཇམ་མགོན་དགྱེས་པའི་ཞལ་ལུང་བདག་གིས་བྲིས། །གཞན་ཟེར་རྗེས་བརྗོད་འདུ་ཤེས་སྣ་ཚོགས་ཀྱིས། །དེ་ལ་སྤྱི་དོན་དམ་ཆོས་མིང་གིས་བརྩམས། །ཀུན་སློང་བཟང་ངོ་བར་སྐབས་ཚིག་ལས་རྟོགས། །རྣམ་དཔྱོད་གསལ་ལོ་གཞུང་གི་དོན་ལས་ཤེས། །ཞེས་དང་། སློབ་དཔོན་བརྙས་པར་འགྱུར་ན་མི་རུང་ཞེས། །ཕ་རྗེས་བུ་འཇུག་ཡ་རབས་ཚིག་གིས་བཟློག །ད་རུང་དོགས་སེལ་ཡི་གེར་བྲིས་ཞེས་བསྐུལ། །སྐྱེ་བོའི་གང་དྲན་ངག་ལ་གང་དྲན་ལན། །ཞེས་སོགས་གསུངས་གནང་ཡོད། ཁྱད་པར་གཞུང་འདི་ལས། རྡོ་གྲུབ་མཁན་ཆེན་དམ་ཆོས་ཀྱིས་དབུ་མ་ལ་གཞི་ལམ་འབྲས་གསུམ་རེ་རེ་ནས་དབུ་མ་མིན་པར་སྨྲ་བ་ནི་འཇམ་མགོན་མི་ཕམ་པས་དེ་ནི་རྣམ་པར་འཁྱམས་པར་གསུངས་པ་དང་། གཞན་ཡང་དམ་ཆོས་ཀྱིས་ཚུར་བདེན་གཉིས་ཟུང་འཇུག་དབུ་མ་ཡིན་ན། གཞི་གྲུབ་ཚད་དབུ་མར་ཐལ་ཏེ། གཞི་གྲུབ་ན་བདེན་གཉིས་ཟུང་འཇུག་ཡིན་པའི་ཕྱིར་ཟེར་བ་ནི། རང་གི་སྤྲོས་མཐའ་བརྒྱད་དང་བྲལ་བའི་སྟོང་ཉིད་ལའང་མཚུངས་ཏེ། གཞི་གྲུབ་ན་སྤྲོས་པའི་མཐའ་བརྒྱད་དང་བྲལ་བའི་སྟོང་ཉིད་ཡིན་པའི་ཕྱིར། དེ་ཡིན་ཏེ་གཞི་གྲུབ་ན་དེའི་རང་བཞིན་སྤྲོས་པའི་མཐའ་དང་བྲལ་བ་ཡིན་ཀྱང་། དེ་ཁོ་རང་དེ་ལྟར་མིན་ནོ་སྙམ་ན། གཞི་གྲུབ་ན་དེའི་རང་བཞིན་གྱི་ཁྱད་པར་བདེན་གཉིས་ཟུང་འཇུག་ལའང་སྦྱར་དུ་ཡོད་པའང་རྐུན་པོས་ཁྱེར་རམ་ཅི། སྤྲོས་མཐའ་བརྒྱད་དང་བྲལ་ཚུལ་དེ་སྣང་སྟོང་ཟུང་འཇུག་རབ་ཏུ་མི་གནས་པ་ལས་འོང་གི །སྟོང་རྐྱང་ལ་འོང་ཚུལ་མེད་པར་ནི་མ་ཤེས། སྤྲོས་མཐའ་བརྒྱད་བྲལ་ཞེས་པའི་ཚིག་ཙམ་ནི་ཤེས་ནས་བརྗོད་བྱ་དོན་གྱི་དབུ་མ་མཇལ་བ་འདི་ཤིན་ཏུ་མཛེས་སོ། །ཞེས་གསུངས།

དབུ་མ་རྒྱན་གྱི་གཞུང་འདི་ཐལ་རང་གི་རྒྱན་དུ་འགྱུར་ཚུལ་ལ་ཡང་ཞི་འཚོ་རང་གི་གཞུང་ལས། ཐལ་འགྱུར་པས་རྩ་ཤེས་ཀྱི་དོན་ལྷག་པར་བཀྲལ་བ་ཡོད་པར་མི་འདོད་པ་ནི་བདེན་ཏེ། འགྲེལ་པར་ཡང་དེ་ལྟར་དགོངས་མཐུན་ཡིན་པར་བསྒྲུབས་མོད། དོན་གྱིས་ཐལ་འགྱུར་བའི་བཤད་པ་ལྟར་རྩ་ཤེས་ཀྱི་དགོངས་པ་མ་ལོན་ན་དབུ་མ་རྩ་ཤེས་ཀྱི་རྒྱན་དུ་མི་འགྱུར་ལ། ཐལ་རང་དགོངས་པ་འགལ་བ་ཡིན་ན། ཐལ་འགྱུར་པས་རང་མཚན་གྱིས་གྲུབ་པ་ཐ་སྙད་དུ་མི་བཞེད་པ་སོགས་མགོན་པོ་ཀླུ་སྒྲུབ་ཀྱི་དགོངས་པ་མིན་པར་སྒྲུབ་དགོས་ནའང་། དེ་འདྲ་རང་རྒྱུད་པ་སུས་ཀྱང་མ་སྨྲས་ལ། མཐར་ཐུག་རྣམ་གྲངས་མིན་པའི་དོན་དམ་ལས་སུ་ལའང་བོགས་འདོན་དུ་མེད་པས་ན་མཐར་ཐུག་དགོངས་པ་གཅིག་པས་དོན་གྱི་ཐལ་འགྱུར་པའི་རྒྱན་དུའང་འགྱུར་རོ་ཞེས་བདག་གིས་སྐད་གསང་མཐོན་པོར་བསྒྲགས་པ་ཡིན་ཀྱང་། བདེན་སྟོང་མེད་དགག་ཙམ་དོན་དམ་འདོད་པ་དང་། ཐ་སྙད་ཚད་གྲུབ་འདོད་པ་ཁྱོད་ཀྱིས་མི་འགྱུར་བར་སྒྲུབ་ནུས་ན། ཁྱོད་འདྲའི་ཐལ་འགྱུར་བའི་ལུགས་དེ་རང་རྒྱུད་པའི་རྣམ་གྲངས་མིན་པའི་དོན་དམ་འདོད་པའི་སྐབས་ཕར་ཞོག རྣམ་གྲངས་པའི་དོན་དམ་ཙམ་ལས་འཕགས་ཚུལ་ཞིག་རིགས་པ་དང་མཐུན་པར་སྒྲུབས་དང་ངོ་མཚར་ཆེའོ་ཞེས་དང་། རང་བཞིན་གྱིས་གྲུབ་པའམ་རང་མཚན་གྱིས་གྲུབ་པའམ། ངོ་བོ་ཉིད་ཀྱིས་གྲུབ་པ་ནི་བློས་ཕར་བཏགས་པ་མིན་པར་ཡུལ་རང་གི་སྡོད་ལུགས་ཀྱིས་གྲུབ་པ་འཇོག་སྙམ་ན་བློས་ཕར་བཏགས་པ་མིན་པར་ཡུལ་རང་ངོས་གྲུབ་ན་བདེན་གྲུབ་ཏུ་འགྱུར་བའི་ཕྱིར་དེ་ལྟ་བུ་རང་རྒྱུད་པས་ཀྱང་ག་ལ་འདོད་དེ། ཐ་སྙད་དུ་འདོད་དམ་སྙམ་ན་ཡང་མ་ཡིན་ཏེ། དབུ་མ་པ་ཐམས་ཅད་ཀྱིས་ཀྱང་ཆོས་ཐམས་ཅད་དཔྱད་ན་བཏགས་ཡོད་ཙམ་དུ་ཁས་ལེན་གྱི། ངོ་བོས་གྲུབ་པར་འདོད་མཁན་ག་ལ་ཡོད། དེས་ན་ཁྱོད་ཀྱི་ལུགས་ལ་བདེན་གྲུབ་དང་། རང་མཚན་གྱིས་གྲུབ་པ་ཁྱད་མེད་པར་གྱུར་རོ། །ཞེས་དང་། ཞི་བ་ལྷས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་དོན་དམ་བློ་ཡི་སྤྱོད་ཡུལ་མིན་ཞེས་པའང་བློ་གཉིས་སྣང་དང་བཅས་པའི་སྤྱོད་ཡུལ་མིན་པ་ཁོ་ན་ཡིན་གྱི། བློ་གང་གི་ཡང་སྤྱོད་ཡུལ་མིན་ན་རི་རྭ་དང་ནམ་མཁའི་མེ་ཏོག་ལྟ་བུར་ཁས་ལེན་དགོས་པས་དེ་བཞིན་ཉིད་རྟོགས་པའི་འཕགས་པ་རྣམས་གཏན་ནས་འབྱུང་བར་ཡང་མི་སྲིད་དོ། །ཞེས་སོགས་གསུངས། དེ་བཞིན་ཤེས་པ་དང་རང་རིག་གི་ངོ་བོ་བསྟན་པ། མཁན་ཆེན་གྱིས་ཚོགས་བརྒྱད་མི་བཞེད་པ་དགག་ཚུལ། སེམས་ཙམ་པའི་ཀུན་གཞི་དང་ཡེ་དོན་གྱི་ཀུན་གཞིའི་ཁྱད་པར། ཞིག་པ་དངོས་པོར་མ་གྲུབ་པའི་ཚུལ། དོན་སྨྲ་སྡེ་གཉིས་ཀྱི་བདག་མེད་དང་སེམས་ཙམ་པའི་བདག་མེད་སྐོར། དབུ་མ་པ་དང་ཐེག་དམན་གཉིས་བར་ལ་བཏགས་ཡོད་འདོད་ཚུལ། ཉན་རང་གིས་ཆོས་ཀྱི་བདག་མེད་རྟོགས་ཚུལ་ཟླ་གྲགས་ཀྱི་རིགས་པ་གསུམ། རིན་ཆེན་ཕྲེང་བ་དང་འཇུག་པ་དང་ཉི་ཁྲི་སོགས་ཀྱི་ལུང་དོན། སློབ་དཔོན་ལེགས་ལྡན་འབྱེད་ཀྱི་སྐྱོན་བརྗོད་ཟླ་གྲགས་ཀྱིས་སྤོང་ཚུལ། ཉན་རང་ལ་ཆོས་བདག་མེད་རྟོགས་པ་ལུང་གིས་སྒྲུབ་ཚུལ་བཅས་བསྟན་ཡོད་དོ། །མཇུག་ཏུ། བདག་མེད་འདི་ནི་འགྲོ་བ་ཀུན་དགྲོལ་ཕྱིར། །ཞེས་པའི་ཐད་ཀྱི་འཇུག་པ་རང་འགྲེལ་དུ་ཉན་རང་ལ་ཆོས་བདག་མེད་སྒོམ་པ་རྫོགས་པ་མེད་ཚུལ་བཤད་པ་སོགས་ཀྱིས་ཤེས་ནུས་པར་རྒྱན་འགྲེལ་སོགས་སུ་བཤད་པས་འདིར་སླར་ཡང་མི་བསྐྱར་རོ། །མདོར་ན་ལུང་གང་ལ་རིགས་པའི་གནོད་པ་ཡོད་ན་རྒྱལ་བའི་གསུང་ཡང་དྲང་དོན་དུ་འགྲེལ་བ་དམ་པ་སྤྱི་ཡི་ལུགས་ཡིན་ན། རིགས་པས་གནོད་པ་ཡོད་པ་ཉན་རང་ལ་ཆོས་བདག་མེད་རྫོགས་པར་རྟོགས་པ་ལྟ་བུ་ནི་ནན་གྱིས་བསྒྲུབ་པས་ཅི་ཞིག་བྱ། ཞེས་སོགས་གསུངས་སོ། །མདོར་ན་རང་ཉིད་གཞུང་འདིར་གོམས་འདྲིས་དབེན་པས་སྐབས་འདིར་མཚོན་ཙམ་ཞུས་པ་ཡིན། བདག་འདྲ་བློ་གསར་དོན་གཉེར་ཅན་རྣམས་ཀྱིས་རྒྱས་པར་གཞུང་དཀྱུས་ལ་འཇུག་པར་བྱའོ།།

ཁུངས་གཏུག་སའི་ཡིག་ཆ་ཁག

སྔ་འགྱུར་རིག་མཛོད་རྩིས་ཕྲུལ་སྡེ་ཚན་གྱི་པར་མ། ཤེར་འགྲེལ་ནོར་བུ་ཀེ་ཏ་ཀ་དང་བརྒལ་ལན་རྣམ་གསུམ།

སྔ་འགྱུར་རིག་མཛོད་རྩིས་ཕྲུལ་སྡེ་ཚན་གྱི་པར་མ། དབུ་མ་རྒྱན་གྱི་རྣམ་བཤད་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་།

མདོ་ཁམས་མཁས་པའི་དབང་པོ་རྡོ་གྲུབ་མཁན་ཆེན་རྣམ་བཞིའི་གསུང་ཆོས་ཕྱོགས་སྒྲིག

མཁས་དབང་དཔའ་རིས་རབ་གསལ་མཆོག་གི་རྣམ་ཐར་དག་གཏུགས་མ།

མཆོད་མེ་བོད་ཀྱི་རྩོམ་རིག་དྲྭ་བ། བྲག་དཀར་པཎྜི་ཏ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་ཀྱི་རྣམ་ཐར་མདོར་བསྡུས།


[1]  དཔལ་གྱི་མཚན་ཅན་ཞེས་པ་དེ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོར་གོ་དགོས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།