{ཕྱི་ལོ་ ༢༠༢༢ ལོའི་ལོ་རིམ་གསུམ་པ་དང་བཞི་པའི་སློབ་གཉེར་བ་རྣམས་ཀྱི་སྙན་གཞུང་མེ་ལོང་མའི་དཔེར་བརྗོད་རྩེ་ཕུད་རིགས་བདམས་བཀོད།}

འགལ་བའི་རྒྱན་ལས་གཞི་གཅིག་གི་རྫས་འགལ་བ།
རྩ་བའི་གཞུང་གི་བསྟན་དོན་མང་ཡང་འགྲེལ་པའི་ས་བཅད་ཉུང་ངུར་བསྡོམས།།
རྒྱ་ཆེའི་དོན་རྣམས་ཉུང་ངུར་བསྡུས་ཤིང་ཉུང་ངུའི་དོན་རྣམས་རྒྱ་ཆེར་སྤྲོས།།
དད་པས་བརྟགས་ན་ཤེས་པར་སླ་ཞིང་ལོག་ལྟས་དཔྱད་ན་རྟོགས་དཀའ་བའི།།
རྨད་བྱུང་ལེགས་བཤད་མི་ཕམ་བླ་མའི་གཞུང་བཟང་མཇལ་ལ་སུ་མི་སྤྲོ།།

གཞི་གཅིག་གི་ཡོན་ཏན་འགལ་བ།
ཇི་ཙམ་སྤྱད་ཀྱང་ངོམ་པ་མེད་པའི་སྲིད་པའི་བདེ་བ་མཆོག་གྱུར་པ།།
བཞུར་བའི་མཚོ་ལས་རིམ་གྱིས་བརྒལ་ཕྱིར་ཐར་ལམ་འཐོབ་ལ་རབ་འབད་པའི།།
བརྟུལ་ཞུགས་བསྟེན་པའི་རི་ཁྲོད་པ་ཡི་དགེ་བར་བརྩོན་པའི་སྤྲོ་སེམས་ཀྱང་།
འགྲིབ་པར་བྱས་ཏེ་རྣམ་དཀར་དགེ་བའི་ཚོགས་ཀུན་མ་ལུས་འཇོམས་པར་བྱེད།།

ཁྱད་གཞི་ཐ་དད་པའི་བྱ་བ་འགལ་བ།
རྒྱ་གར་འཕགས་པའི་ཡུལ་མཆོག་དམ་པ་གནས་ཆེན་ཝཱ་ར་ཎ་སཱི་རུ།།
ལྷ་ཡི་ལྷ་མཆོག་མི་མཇེད་བདག་པོས་བདེན་བཞིའི་ཆོས་འཁོར་སྐོར་བའི་ཚེ།།
ལྔ་སྡེ་བཟང་པོའི་འཁོར་རྣམས་དད་པས་སྙིང་གི་དགའ་བ་འཕེལ་གྱུར་ཡང་།།
མུ་སྟེགས་སྡེ་ཡི་སྟོན་པ་དྲུག་རྣམས་མ་བཟོད་དགའ་བ་རྩད་ནས་ཉམས།།

ལོ་རིམ་བཞི་པ་ཀ་སྡེ། བསོད་ནམས་ཆོས་འཕེལ།

ཁྱད་འཕགས་ཕུལ་བྱུང་།
འགྲོ་བའི་དོན་དུ་ངལ་བ་འཁུར་ཁྱེར་ཅིང་།།
འཚོ་བའི་ཟས་དང་སྲོག་ལའང་མི་འཛེམ་པར།།
འོ་བརྒྱལ་ཆེན་པོས་ཆོས་གླིང་བསྐྲུན་པ་འདི།།
ཐོས་པ་དགའ་ཡི་བརྩོན་པས་འགྲན་ནུས་མིན།།

ལོ་རིམ་བཞི་པ་ཁ་སྡེ། བསོད་ནམས་ཕུན་ཚོགས།

གཏན་ཚིགས་ཀྱི་ལྡོག་པ་ཅན།
རབ་དཀར་མཛེས་སྡུག་ལྡན་པའི་ཀ་མ་ལ།།
ཕྱོགས་ཀུན་རབ་ཏུ་མཛེས་པར་བྱས་ན་ཡང།།
འདམ་དང་རྙོག་ཆུའི་ཁྲོད་དུ་བཞད་པའི་ཕྱིར།།
སེམས་ལ་སྡུག་པ་དགའ་མའི་བཞིན་ལས་དམན།།

ལོ་རིམ་བཞི་པ་ཀ་སྡེ། དཀོན་མཆོག་དོན་གྲུབ།

ཤིས་བརྗོད་ཀྱི་རྒྱན།
མཛེས་པའི་གཟུགས་སྐུ་ཡིད་འོང་པདྨའི་འཁྲི་ཤིང་རྣམ་པར་གཡོ་བ་ཅན།།
སྙན་པའི་གསུང་གི་རྒྱུད་མང་དཀྲོལ་ནས་ཀུན་ཀྱི་ཡིད་ལ་དགའ་བ་སྟེར།།
བརྟན་པའི་ཐུགས་མཆོག་མུན་པ་རྣམས་སེལ་ཤེས་རབ་མངའ་བའི་ཚངས་སྲས་མ།།
སྲིད་གསུམ་མཛེས་སྡུག་བདག་ལ་དབང་བའི་སྙན་ཚིག་དངོས་གྲུབ་བསྩལ་དུ་གསོལ།།

ལོ་རིམ་བཞི་པ་ཀ་སྡེ། པདྨ་རྒྱལ་མཚན།

བྱུང་བའི་འགོག་རྒྱན།
གྲུབ་པའི་དབང་ཕྱུག་བཱི་མའི་རྣམ་སྤྲུལ་གྱིས།།
གནས་འདིར་ནག་ཕྱོགས་བདུད་ཀྱི་དཔུང་ཐམས་ཅད།།
དམ་ལ་བཏགས་པའི་གཏམ་རྒྱུད་བདེན་ནམ་ཅི།།
འོན་ཀྱང་གང་གི་མཛད་ཕྲིན་བསམ་མི་ཁྱབ།།

ལོ་རིམ་བཞི་པ་ཀ་སྡེ། བསོད་ནམས་བསྟན་འཛིན།

བསྡུས་པའི་དཔེ།
ཁྱོད་གསུང་སྙན་འགྱུར་ལྡན་པ་ཁོ་ན་ཡིས།།
དབྱངས་ཅན་དགའ་མའི་དཔལ་དང་མཚུངས་མིན་ཏེ།།
སྐྱེ་འགྲོའི་ཡིད་དབང་འཕྲོག་པའི་འཛུམ་མདངས་དང་།།
བྱམས་བརྩེའི་གཤིས་སྤྱོད་བཟང་པོ་དེ་ཡིས་ཀྱང་།།
ལོ་རིམ་གསུམ་པ་ཀ་སྡེ། བསོད་ནམས་ཚེ་རིང་།

རྣམ་འགྱུར་གྱི་དཔེ།
ཡིད་འོང་ཉམས་ལྡན་དབྱངས་ཅན་ལྷ་མོའི་ཞལ།།
མཛེས་སྡུག་པད་ཚལ་གླིང་ནས་བཏོན་པ་འདྲ།།
ཞིམ་པའི་དྲི་ངད་ལྡང་པའི་སྐུ་ལུས་ཀྱང་།།
ཙན་དན་ཞིང་ནས་གསར་དུ་ཕྱུང་བ་བཞིན།།

ལོ་རིམ་གསུམ་པ་ཀ་སྡེ། ཡེ་ཤེས་རྒྱ་མཚོ།

བྱུང་མིན་དཔེ།
འཆི་བ་མེད་པ་སུམ་རྩེན་ལྷ་ཡུལ་གྱི།།
གར་མཁན་སྟོང་གིས་རྒྱུད་མང་སྒྲོག་པ་བཞིན།།
མཚོ་བྱུང་ལྷ་མོའི་གསུང་དབྱངས་སྙན་མོ་ཡི།།
སྙན་འཇེབས་ཡིད་ཀྱི་བདུད་རྩི་བླ་ན་མེད།།

ལོ་རིམ་གསུམ་པ་ཁ་སྡེ། ཨོ་རྒྱན་ནོར་བུ།

ཐེ་ཚོམ་འགོག་པའི་རྒྱན།
ཡིད་འཕྲོག་དཀར་གསལ་ཅན་འདི་ཟླ་བའམ།།
ཡང་ན་མཚོ་བྱུང་ལྷ་མོའི་བཞིན་རས་སམ།།
རབ་སྙན་ནོར་བུའི་རྒྱུད་མང་དཀྲོལ་བ་ན།།
འདི་ནི་ཟླ་བ་མིན་པའི་བློ་ཐག་ཆོད།།

ལོ་རིམ་གསུམ་པ་ཁ་སྡེ། དཀོན་མཆོག་པདྨ།

ཆ་ཤས་གཟུགས་ཅན།
གང་སྐུ་རབ་ཏུ་གསལ་བའི་ནམ་མཁའ་ལ།།
མཛད་ཕྲིན་རླབས་པོ་ཆེ་ཡི་ཉིན་བྱེད་འོད།།
འཛམ་གླིང་ཡངས་པའི་སྟེང་ན་ཁྱབ་པར་བྱེད།།
སེམས་དཔའ་ཆེན་པོ་བདག་གི་བཤེས་གཉེན་མཆོག།།

ཡོན་ཏན་མཐའ་དག་རྫོགས་པའི་དགེ་བའི་བཤེས།།
གང་ཐུགས་མུ་མཐའ་མེད་པའི་འགྲོ་བ་ལ།།
སྙིང་རྗེའི་སེམས་ཀྱི་ཉ་གང་ཟླ་བའི་འོད།།
འགྲོ་བའི་གདུང་བ་ཅི་ཡང་སེལ་བར་བྱེད།།

ལོ་རིམ་གསུམ་པ་ཁ་སྡེ། བློ་བཟང་།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།