ལོ་རིམ་བདུན་པའི་སློབ་གཉེར་བ། བློ་བཟང་བརྩོན་འགྲུས།
ཀ་དག་གནས་ལུགས་དོན་དེ་མ་རྟོགས་ན།།
ཁ་ནས་ཇི་ཙམ་བཤད་ཀྱང་ཅི་ཞིག་ཕན།།
ག་དུས་ཡིན་ཡང་རང་ཉིད་གཅེས་འཛིན་གྱི།།
ང་རྒྱལ་མཐོ་བའི་རི་བོ་འཇོམས་པར་གྱིས།།
ཅ་དངོས་རིན་ཆེན་ལས་ལྷག་དམ་པའི་ཆོས།།
ཆ་ལུཊ་ཆོས་དང་མཐུན་པར་ཉམས་སུ་ལོངས།།
ཇ་ཆང་མྱོས་རྫས་རིགས་ལ་མ་ཞེན་ནས།།
ཉ་མོ་ཆུ་ནང་འཁྱུག་བཞིན་དགེ་བར་འབུངས།།
ཏ་ཐཱ་ག་ཏའི་གསུང་རབ་སྡེ་སྣོད་གསུམ།།
ཐ་མལ་སྐྱེས་བུའི་ཉོན་མོངས་བཅོམ་པའི་སྨན།།
ད་ནས་བཟུང་སྟེ་རྒྱུད་ལ་བསྟེན་བྱས་ཏེ།།
ན་རྒ་སྐྱེ་འཆི་དེ་ལས་ཐར་བར་འབད།།
པ་ཕས་བུ་ལ་བྱམས་སྐྱོང་གནང་བ་བཞིན།།
ཕ་རོལ་སེམས་ཅན་ཀུན་ལ་སྙིང་རྗེ་བསྐྱེད།།
བ་སྤུ་ཙམ་ཞིག་གཞན་ལ་ཕན་གྱུར་ཀྱང་།།
མ་ལུས་འགྲོ་བའི་དོན་དུ་བསྔོ་བར་བྱོས།།
ཙ་རིའི་རི་ལ་གནས་སྐོར་བྱས་པ་ལས།།
ཚ་བའི་ཡུལ་དུ་དམ་ཆོས་བསྒྲུབ་པའི་སླད།།
ཛ་དྲག་འཇིག་རྟེན་བྱ་གཞག་དོར་བྱས་ནས།།
ཝ་ལེར་ཐོས་བསམ་འཕེལ་བའི་གནས་སུ་ཕེབས།།
ཞ་ར་འོན་ལྐུགས་འདྲ་བའི་རྨོངས་ངན་དག།།
ཟ་བཏུང་འདོད་ཡོན་ལྔ་ལ་མ་ཆགས་པར།།
འ་འུར་དམ་ཆོས་བདུད་རྩི་མྱོང་བྱས་ཏེ།།
ཡ་རབས་བཟང་སྤྱོད་ལྡན་པའི་སྐྱེས་བུར་བརྩོན།།
ར་བས་བསྐོར་བའི་གངས་ལྗོངས་ཆོས་ཀྱི་ཞིང་།།
ལ་ལུང་ཀུན་ལ་ངོ་མཚར་གནས་ཀྱིས་གང་།།
ཤ་ཁྲག་གཅིག་པའི་སྤུན་རྣམས་ཆོས་སེམས་ཆེ།།
ས་ལམ་རིམ་བཞིན་འགྲིམ་ནས་གཏན་བདེར་ཕེབས།།
ཧ་ཅང་རྙེད་པར་དཀའ་བའི་ལུས་རྟེན་འདི།།
ཨ་མ་བཀའ་དྲིན་ཅན་གྱི་བདག་རྐྱེན་ཡིན།།
ཧ་ཅང་ཟང་ཟིང་ཞབས་ཏོག་མ་ཐུབ་ཀྱང་།།
ཨ་མའི་དྲིན་ལན་འཇལ་ཕྱིར་ཆོས་ལ་བརྩོན།།