ལོ་རིམ་བརྒྱད་པའི་སློབ་གཉེར་བ། བསམ་གྲུབ་ཚེ་རིང་།
དང་པོ།
ང་རང་ཆེས་མཛེས་ཤིང་ཡིད་དུ་འོང་བའི་འཇིན་རྟེན་འདིའི་མགྲོན་པོ་ཞིག་ཏུ་གྱུར་བའི་ཉིན་མོ་ནས། ཡིད་ངོས་ཀྱི་མེ་ལོང་ནས་ནམ་ཡང་ཡལ་བར་དཀའ་བའི་མཚར་སྡུག་གི་ལོ་ཟླ་མང་པོ་ཞིག་བརྒྱུད་མྱོང་བ་ལས། ཡང་ཡང་ཡིད་ལ་དྲན་པའི་དུས་ཚོད་ཅིག་ནི། ལོ་ན་ཆེས་ཕྲ་བའི་དུས་ཤིག་སྟེ། གོ་ལའི་བཟང་ངན་གྱི་ཤན་འབྱེད་མི་ཤེས་ལ། ཡོད་ཚད་ནས་ཡོད་ཚད་དགའ་སྤྲོས་ཁེངས་ཤིང་། གྲོགས་པོ་དག་དང་ལྷན་དུ་རྩེད་འཇོར་ཅི་དགར་རོལ་བའི་ནམ་ཟླ་དེ་དག་རེད། དེ་དག་ལས་དྲན་ངོས་ཀྱི་ཤོག་བུ་དཀར་པོའི་སྟེང་དུ་ཉིན་ཐོ་རུ་གཏན་དུ་བཀོད་ཟིན་པའི་གནད་དོན་ཞིག་ནི་རྒྱུན་དུ་ཡིད་ངོས་སུ་ཝ་ལེར་གསལ།
ཉིན་ཞིག་གི་སྔ་དྲོར་ནམ་རྒྱུན་བཞིན་ངས་སློབ་གྲོགས་རྣམས་དང་ལྷན་དུ་རྒྱབ་ཁུག་ལྗང་མདོག་ཅིག་ཁུར་ནས་སློབ་གྲྭའི་ཕྱོགས་སུ་བསྐྱོད། སློབ་གྲྭར་འབྱོར་མ་ཐག་བྲེལ་ཚུབ་ངང་འཛིན་ཁང་གི་སྒོ་ཁ་ནས་རྒྱབ་ཁུག་དེ་རྐུབ་སྟེགས་རིང་མོའི་སྟེང་དུ་འཕངས་ཏེ་རྩེད་མོར་གཡེངས་ཤིང་། ཡུད་ཙམ་ཞིག་ནས་སློབ་གྲྭའི་འགན་བདག་གིས་ཏིང་ཏིང་བརྡུངས་བ་དང་། ང་ཚོ་སློབ་ཕྲུག་རྣམས་ཀྱིས་ལམ་སེང་རྩེད་མཚམས་བཞག་སྟེ་གཅིག་རྗེས་གཉིས་མཐུད་དུ་འཚང་ཁ་ཤིིག་ཤིག་གིས་སོ་སོའི་འཛིན་ཁང་དུ་འཛུལ་ནས་སྤྲོ་སེམས་ཆེན་པོས་དགེ་རྒན་ལ་ཕེབས་སྒུག་ཞུས་ཀྱང་དགེ་རྒན་མ་ཕེབས་པར་བརྟེན། འཛིན་ཁང་ནང་འུར་སྒྲས་ཁེངས། ང་དང་ངའི་གྲོགས་མཆོག་ནོར་བུ་ངེད་གཉིས་བསྟན་བཤིག་ཚ་བས་ནོར་བུས་ཁོ་རང་རྟ་ཕོ་ཞིག་ཡིན་མདོག་གིས་རྐང་ལག་བཞི་ས་ལ་བཙུགས་ཏེ་རྟ་སྐད་འདོན་ཞོར། ངས་ནོར་བུའི་སྒང་ལ་བཞོན་ཏེ་ཁོའི་རྣ་བ་གཉིས་ནས་བཟུང་ཞིང་། གྲོགས་པོ་པདྨས་དབྱུག་པ་ཞིག་གིས་རྒྱབ་ནས་དེད་དེ་འཛིན་ཁང་ནང་ཡར་རྒྱུག་མར་རྒྱུག་བྱེད་བཞིན་པའི་སྐབས། གློ་བུར་དུ་འཛིན་ཁང་ནི་འཇམ་ཐིང་ངེར་གྱུར། ངས་མྱུར་དུ་ནོར་བུའི་སྒང་ནས་མར་བབས་ཏེ་ཕྱིར་མིག་ཅིག་འཕེན་སྐབས། བློ་ཡུལ་ལས་འདས་པ་ཞིག་ལ་དགེ་རྒན་འཇམ་དཔལ་ལགས་ཀྱིས་སྤྱན་ཤེལ་སྣ་རྩེར་ཕབ། འཇིགས་སུ་རུང་བའི་ཁྲོ་གཉེར་སྨིན་མཚམས་སུ་བསྡུས་ཏེ་མིག་གིས་ང་ཚོ་གསུམ་ལ་ཅེར་ནས་བཞུགས་པ་མཐོང་། ང་ཚོ་གསུམ་ཅི་བྱ་གཏོལ་མེད་དུ་གྱུར་ནས་ལག་པའི་མཛུབ་མོ་བསྣོལ་བཞིན་མགོ་བོ་སྨད་དེ་དགེ་རྒན་གྱི་མདུན་དུ་ལྷག གང་མཚམས་ནས་རྒན་ལགས་ཀྱིས་ང་ཚོ་གསུམ་འཛིན་ཁང་གི་ཕྱི་ལ་ཁྲིད་རྗེས། དང་པོ་ངའི་མིང་ནས་བོས་ཏེ། “རང་སྦྱོང་མ་བྱས་པར་སྤྱོད་ངན་དེ་འདྲ།” ཞེས་རྣ་བ་ནས་ཐེངས་ཁ་ཤས་འཐེན་ཏེ་འགྲམ་པ་གཡས་གཡོན་གཉིས་ལ་ཐལ་ལྕག་ཚ་ཐག་ཆོད་རེ་གཞུས་བྱུང་བས་སྐར་ཆ་ཁ་ཤས་ཤིག་གི་རིང་དགེ་རྒན་གྱི་སྐད་སྒྲའང་མ་ཐོས་པའི་གནས་སུ་གྱུར། ད་དུང་ཡང་ངའི་མིང་ནས་བོས་ཏེ་ “རྒྱུགས་ཤིག དབྱུག་པ་ཁྱེར་ཤོག” ཟེར། ང་དེ་མ་ཐག་དབྱུག་པ་ལེན་དུ་ཕྱིན་པ་ཡིན། སྐབས་དེར་ང་ལ་དགེ་རྒན་གྱིས་ཉེས་ཆད་བཏང་ཟིན་པས། ད་ནི་གྲོགས་པོ་གཉིས་ལ་ཉེས་ཆད་གཏོང་རྒྱུ་རེད་བསམས་ཏེ། ཆེད་དུ་དབྱུག་པ་མཁྲེགས་ལ་རིང་བ་གཉིས་ཁྱེར་ཏེ་དགེ་རྒན་ལ་ཕུལ་བ་ན། བློ་ཡུལ་དུ་ཤོང་དཀའ་བ་ཞིག་ལ་དགེ་རྒན་གྱིས་ལག་ཤུགས་ཡོད་དགུ་བཏོན་ཏེ་དབྱུག་པ་དེས་ཐོག་མར་ངའི་ཉྭ་རྐང་ལ་ཐེངས་འགའ་གཞུས་བྱུང་པས་དབྱུག་པ་དུམ་བུ་གཉིས་སུ་ཆག འོན་ཀྱང་གྲོགས་པོ་གཉིས་ལ་མཛུབ་མོ་ཀེར་ཏེ་ “རྗེས་མ་ནས་འཛིན་ཁང་དུ་རང་སྦྱོང་མ་བྱས་པར་སྤྱོད་ངན་འཁྲབས་ན་ཉེས་ཆད་འདི་འདྲ་ཡོད།” ཅེས་གཤེ་གཤེ་ནན་པོ་ཞིག་བཏང་བ་ལས་ཉེས་རྡུང་གང་ཡང་མ་བཏང་བར་དེ་མུར་ཉེས་ཆད་གཏོང་མཚམས་བཞག་ནས་སློབ་ཁྲིད་གནང་སོང་། ད་ལྟ་ཕྱིར་བལྟས་ཞིག་བྱས་ཚེ། ལོ་ངོ་བཅུ་ཕྲག་སྔོན་ནས་བསམ་ངན་མི་ལ་བཅངས་ན་བྱ་ངན་རང་ལ་འཁོར་ཞེས་པའི་གནས་ལུགས་དེས་ང་ལ་སྔོན་བརྡ་ཞིག་བཏང་ཟིན་འདུག
གཉིས་པ།
མི་ཚེའི་འགྲུལ་བཞུད་ཀྱི་ལམ་ཁ་རྣམས་བདེ་བོ་རྐྱང་རྐྱང་ཡིན་པའི་ངེས་པ་མེད། སྐབས་རེར་ཁྱོད་མཐོ་སྲིད་ལ་མཚམས་རེར་དམའ་ཡང་སྲིད། མཐོ་དམན་གང་གི་སྐབས་ཡིན་ཡང་མི་ཆེ་ཕྲ་ཆུང་གསུམ་སུ་ལའང་མཐོང་ཆུང་དང་བརྙས་བཅོས་བྱ་མི་རུང་མོད། འོན་ཀྱང་ང་ལ་གནས་ཚུལ་གཞན་ཞིག་ཕྲད་བྱུང་།
དེ་ནི་རང་ལོ་བཅུ་གཅིག་ཡོལ་ནས་བཅུ་གཉིས་ལ་སོན་པའི་དུས་ཤིག་རེད། དེ་དུས་ངས་རང་ཡུལ་རྒྱབ་ཏུ་བོར་ནས་མི་ཡུལ་འགྲིམ་འགོ་བཙུགས་མ་ཐག་པའི་སྒང་ཡིན། ང་ལ་ལུང་ཚན་གཅིག་པའི་གཅེན་པོ་ཞིག་ཡོད། ཁོང་ང་ལས་ལོ་ན་ཆེ་ཞིང་ལྟ་རྒྱ་མཐོང་རྒྱའང་ཆེ་བས། ཁོང་ལ་རང་ཉིད་ཀྱི་གཅེན་པོར་བརྩིས་ཏེ་ཡིད་ཆེས་བློས་ཁེལ་ཐོག་ཁོང་གིས་ལམ་སྟོན་གང་གནང་བ་དག་དང་དུ་བླངས་ཏེ་མི་ཚེའི་ཁྲོད་ཀྱི་དུས་ཡུན་རིང་པོ་ཞིག་འདས། གང་མཚམས་ཤིག་ནས་ངའི་རང་དབང་ཡོད་དོ་ཅོག་གཅེན་པོས་ཕྲོགས་པའི་སྣང་བ་ཞིག་ཤར། རང་ཉིད་ལ་ཕན་པའི་བྱ་བ་བཟང་པོ་ཡིན་ཡང་རང་ཐག་གཅོད་པའི་རང་དབང་མེད་ལ་ཤར་ནུབ་གང་དུ་གོམ་པ་སྤོས་ན་ཡང་གཅེན་པོར་གནང་བ་ཞུ་དགོས་པའི་ཀྱོག་མཚམས་ཤིག་ལ་སླེབས། ཐེངས་ཤིག་ངའི་མི་ཚེ་དང་འབྲེལ་བའི་ཟུར་སྦྱོང་དཔེ་ཁྲིད་སོགས་གནད་དོན་འགའ་ཞིག་ལ་ངས་རང་ཐག་རང་གིས་བཅད་ནས་མཉམ་ཞུགས་བྱས་པ་ཡིན། སྐབས་དེར་ངས་ཧ་ལམ་དག་ཐབས་མེད་པའི་ནག་ཉེས་ཆེན་པོ་ཞིག་བསགས་པ་ཇི་བཞིན་གཅེན་པོས་མིག་ངོར་མི་མཛེས་པའི་རྣམ་འགྱུར་དང་དམའ་འབེབས་བཏང་བ་མ་ཟད། “ད་ཁྱོད་མི་ཆེན་པོ་རེད་ཚར་འདུག སང་ཕན་ཆད་ངས་ཁྱོད་ལ་ལམ་སྟོན་ཚིག་གཅིག་བྱེད་ཀྱི་མིན།” ཞེས་གཤེ་གཤེ་གཏོང་བ་ལས་ཡི་རང་བསྔགས་བརྗོད་དང་། རྒྱབ་སྐྱོར་གྱི་མཛུབ་སྟོན་མེད་པ་ཆགས་འདུག དེ་ནས་གཅེན་པོས་ང་དང་མཉམ་དུ་ཉིན་གཉིས་གསུམ་རིང་སྨྲ་བ་བཅད་དེ་བསྡད་པ་སོགས་འདྲ་མིན་བྱས་པས་ཁོར་ཡུག་ཡོད་ཚད་སུན་སྣང་གིས་ཁྱབ། གང་མཚམས་ཤིག་ལ་གཅེན་པོ་ང་ཚོས་ལབ་གླེང་བྱེད་སྐབས། ངས་གཅེན་པོའི་སྐད་ཆ་ལ་ལན་འགའ་ཞིག་སྤྲད་པས། ཕལ་ཆེར་གཅེན་པོ་ལ་ངས་ཡ་ལན་བྱས་པའི་ཚོར་བ་བྱུང་བ་འདྲ། སྐད་ཅིག་དེ་ཉིད་དུ་ང་ལ་ཐལ་ལྕག་དང་ཁུ་ཚུར་འགའ་གཞུས་པས། ང་ལམ་སང་བྲོས་ཕྱིན་པ་ཡིན། ཉིན་དེའི་ཕྱི་དྲོར་བསམ་བློར་འཁོར་མི་སྲིད་པ་ཞིག་ལ་ངའི་ཅ་དངོས་ཚང་མ་བསྡུ་རུབ་བྱས་ཏེ་ཕྱིར་བཏོན་ཅིང་ང་ཤག་ནས་ཕྱིར་ཕུད་བཏང་བྱུང་། དེའི་རྗེས་སྐད་ཆ་བཤད་པ་ཕར་ཞོག་མིག་ཟུར་གྱིས་ཀྱང་བལྟ་ཡི་མི་འདུག དངོས་གནས་བྱས་ན་ང་ཚོ་འཛིན་གྲྭ་མཉམ་དུ་ཚར་རྒྱུ་རེད། འོན་ཀྱང་གཅེན་པོ་ཁོང་ལ་གནད་དོན་གང་ཞིག་ཕྲད་པ་ཡིན་ནམ་གང་ལྟར་ཕ་ཡུལ་ལ་ཕྱིན་སྟབས། ངའི་འཛིན་གྲྭ་ཁོང་ལས་ལོ་གཉིས་ཀྱི་སྔོན་ལ་ཚར་བ་རེད། དེའི་རྗེས་སྔོན་བསགས་བསོད་ནམས་ཤིག་གིས་ང་ལ་སྔ་འགྱུར་མཐོ་སློབ་ཆེན་མོའི་ལྡུམ་རའི་ནང་ནས་ཤེས་བྱའི་མེ་ཏོག་འཐུ་རྒྱུའི་སྐལ་བཟང་ཐོབ་པ་རེད།
ཏག་ཏག་ཆུ་ཚོད་དགུ་དང་ཕྱེད་ཀའི་ཐོག་གྲོགས་པོ་ཚོ་དང་ལྷན་དུ་དགོང་ཇ་ལེན་དུ་འགྲོ་བའི་ལམ་བར་དེེར་གློ་བུར་དུ་མི་ཞིག་གིས་ངའི་ལག་ནས་བཟུང་སྟེ་ “བཀྲ་ཤིས་བདེ་ལེགས།” ཞེས་འཚམས་འདྲི་ཞུས་བྱུང་བས། ངས་ཞིབ་ཀྱིས་ལྟ་དུས་དེ་ནི་གཅེན་པོ་ཁོང་རེད་འདུག ལོ་ངོ་གསུམ་གྱི་རྗེས་སུ་གཞི་ནས་ཐུག་པས་ངས་བཅོས་མིན་གྱི་འཚམས་འདྲི་ཞིག་ཞུས་པ་ཡིན། དེ་ནས་མུ་མཐུད་དེ་གཅེན་པོས་ད་ལོར་སྔོན་འགྲོ་འབུམ་ལྔ་བསགས་སྦྱང་བྱེད་འདོད་ཡོད་ཚུལ་སོགས་བཤད། ངས་ཀྱང་གལ་ཆེན་ཡིན་པ་དང་གོ་སྐབས་ཤིན་ཏུ་བཟང་པོ་ཡིན་པའི་བསམ་ཚུལ་ཞུས་ནས་གྱེས་ཁར་ཁོས་སྐད་དམའ་མོའི་ངང་“ཞག་ཁ་ཤས་རིང་ཁྱོད་ཀྱི་གྲྭ་ཚང་གི་ཤག་དེ་ང་ལ་གཡོར་དང་།” ཟེར་བས། ངས་དེ་མ་ཐག་ངོས་ལེན་བྱས་ཏེ་ཤག་གི་ལྡེའུ་མིག་དེ་སྤྲད་པ་ཡིན། ད་དུང་ཁོང་གིས་ “ཉིན་གཉིས་གསུམ་ནང་གང་མགྱོགས་ལྡེའུ་མིག་སྤྲད་ཆོག”ཅེས་དང་ “བཀའ་དྲིན་ཆེ།” ཞེས་མཚམས་ཆད་རྒྱུ་མེད་པ་བཤད་བྱུང་། དེ་ནས་ཟླ་གཅིག་ལྷག་ཟིན་ནའང་ཤག་གི་ལྡེའུ་མིག་ཚུར་སྤྲད་མ་སོང་། གཅིག་ནས་གཅེན་པོ་ལོ་གསུམ་གྱི་རིང་དགོན་པར་མ་འབྱོར་བར་བརྟེན་དགོན་པའི་ལས་བྱེད་རྣམས་ཀྱི་ངོར་མི་གསར་པ་ཞིག་ཏུ་གྱུར་འདུག འབུམ་ལྔ་བསགས་སྦྱང་དེ་ཉིན་ལྔ་དྲུག་རྗེས་ནས་དབུ་འཛུགས་རྒྱུའི་གསལ་བསྒྲགས་སྤེལ་སྟབས་སྙན་ཞུ་ཞིག་འབྲི་རོགས་ཞེས་རེ་སྐུལ་ཞུས་པ་ལྟར་བྲིས་པ་ཡིན། འོན་ཀྱང་ཆོས་ཁྲིམས་ཆེན་མོས་གཅེན་པོ་ཁོང་ལ་འབུམ་ལྔ་བསགས་སྦྱང་གི་གོ་སྐབས་གནང་མི་འདུག། དེ་སྔོན་ང་རང་གྲྭ་ཚང་ལ་ལས་བྱེད་ཡིན་སྐབས་ཆོས་ཁྲིམས་ཆེན་མོ་ངོ་ཤེས་ཀྱི་ཡོད་གཤིས་ཁོང་གི་སྐུ་མདུན་དུ་བཅར་ནས་གཅེན་པོ་ཁོང་ནི་རང་དགོན་གྱི་གྲྭ་པ་ཡིན་པ་སོགས་གནས་ཚུལ་ཞིབ་ཕྲ་དང་འབྲེལ་ཞུ་བ་ལན་མང་ཕུལ་བའི་མཐར་འབུམ་ལྔ་བསགས་སྦྱང་གི་གོ་སྐབས་གནང་སོང་། དེ་ལྟར་དགོན་པར་ལོག་རྗེས་ཁོང་གི་དམིགས་ཡུལ་གཙོ་བོ་དེ་གྲུབ་པ་རེད། ད་ལམ་གནད་དོན་དེ་དག་ལ་ངས་བསམས་གཞིགས་ནན་པོ་ཞིག་བྱས་པའི་མཐར་མུ་མཐའ་མེད་པའི་མི་ཚེའི་ཁྲོད། སུ་ལ་རེ་ལྟོས་འཆའ་དགོས་མི་ཤེས་པས་མི་ཆེ་ཕྲ་ཆུང་གསུམ་སུ་ལའང་མཐོང་ཆུང་དང་བརྙས་བཅོས་བྱེད་མི་རུང་བའི་སྔོན་བརྡ་ཞིག་ཏུ་རྟོགས་སོང།
གསུམ་པ།
སྤྱིར་བཏང་ལྷོ་འཛམ་བུ་གླིང་འདིར་དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཚིགས་བཞི་པོའི་ཡུལ་ལྗོངས་ཀྱི་འགྱུར་ལྡོག་མངོན་གསལ་དོད་པས་ང་ཚོས་གསལ་པོར་མྱོང་ཚོར་ཐུབ་པ་ཞིག་ཡིན། འོན་ཀྱང་རྒྱ་གར་ལྷོ་ཕྱོགས་འདིར་ཐོན་སྐྱེད་ཉུང་ལ་འཛུགས་སྐྲུན་གྱི་ཡར་རྒྱས་ཆེ་བས་དུས་ཚིགས་བཞི་པོའི་ཡུལ་ལྗོངས་ཀྱི་རྣམ་པ་མི་འདྲ་བ་མཐོང་ཐུབ་པ་ནི་ཤིན་ཏུ་དཀོན་པའི་གནས་སུ་གྱུར། རེད་དེ་སློབ་གླིང་འདིར་དབྱར་གནས་ཀྱི་རིང་ལ་ཕྱིའི་རྣམ་པའི་ཆ་ནས་མཚར་སྡུག་ལྡན་པ་ཞིག་མེད་རུང་། ནང་ལས་རིམ་གྱི་སྟེང་ནས་བྲེལ་ཟིང་ཆེ་བའི་དུས་ཤིག་ཡིན་སྟབས། ཕྱི་ཁོར་ཡུག་སྐོར་དུ་སོང་ན་འབུད་རྡུང་དཀྲོལ་གསུམ་གྱི་འུར་སྒྲ་ཆེ་ཞིང། ནང་སློབ་གཉེར་བ་རྣམས་ཀྱང་འཆད་རྩོད་རྩོམ་གསུམ་གྱི་ཆེད་དུ་དངངས་ཚབ་ཆེ་བ། མ་ཟད་ཆར་པ་དབབ་རྒྱུ་ཇེ་མང་ནས་ཇེ་མང་དུ་སོང་བས་ས་གཞི་ཡོངས་རྫོགས་རླན་གཤེར་དུ་གྱུར། དབྱར་གནས་ལ་ཚོགས་ཐུན་མང་ཡང་སློབ་གཉེར་བ་རྣམ་པས་ལུས་སེམས་གཉིས་ཀྱི་ངལ་དུབ་ལ་མི་འཛེམས་པར་སློབ་སྦྱོང་ལ་ཧུར་བརྩོན་བྱེད་པའི་ནམ་ཟླ་ཞིག་རེད། ད་ལོའི་དབྱར་གནས་ཚར་ལ་ཉེ་བས་འཛིན་གྲོགས་དང་། སྤུན་གྲོགས། མཆེད་གྲོགས་རྣམས་ཀྱིས་དབྱར་གནས་རྗེས་ཀྱི་གུང་སེང་ལ་ཡུལ་སྐོར་སྤྲོ་འཆམ་ལ་འགྲོ་རྒྱུའི་འཆར་གཞི་སྒྲིག་བཞིན་པའི་སྒང་རེད། ངས་ཀྱང་དེ་མཚུངས་ཤག་རོགས་དང་ལྷན་དུ་ཡུན་རིང་ནས་སེམས་ལ་མཇལ་འདོད་ཆེ་བའི་ཀླུ་སྒྲུབ་ཡབ་སྲས་ཀྱིས་བྱིན་གྱིས་རླབས་པའི་གནས་ཆེན་ལྷོ་ཕྱོགས་དཔལ་རིར་འགྲོ་རྒྱུའི་ཐག་གཅོད་བྱས། ཞག་ཁ་ཤས་རྗེས་དབྱར་གནས་གྲོལ་བའི་མཚན་མོ་དེར་ང་ཚོ་མེ་སོར་ལ་ཐོན་ཏེ་རླངས་འཁོར་འབབ་ཚུགས་ནས་ས་གནས་དེར་འགྲོ་རྒྱུའི་འཛིན་ཤོག་ཉོས་ཏེ་ཕྱིན་པ་ཡིན། འགྲུལ་སྐྱེལ་སྣུམ་འཁོར་ལ་ཕྱིན་པ་ན་ས་གནས་དེར་འབྱོར་བར་དུས་ཡུན་ཆུ་ཚོད་ ༡༨ (སྤྱི་ལེ་ ༧༨༥) འགོར་གྱིན་འདུག གནས་ཆེན་དེ་ཡོད་སའི་མངའ་སྡེ་ལ་འབྱོར་མ་ཐག་སྟོན་པས་དུས་ཀྱི་འཁོར་ལོའི་ཆོས་གསུང་སའི་གནས་འབྲས་དཀར་སྤུངས་པའི་མཆོད་རྟེན་མཇལ་དུ་ཕྱིན་པ་ཡིན། དེ་ནི་མཐའ་ནས་ལྕགས་རི་དང་མེ་ཏོག་སྣ་ཚོགས་ཀྱིས་བསྐོར་ཅིང་དབུས་སུ་ཞིག་རལ་དུ་སོང་བའི་མཆོད་རྟེན་གྱི་ཤུལ་ཙམ་ཞིག་ལས་མ་མཆིས་ཀྱང་དད་པའི་སྤུ་ལོང་གཡོ་ཡོང་བའི་རང་བཞིན་ཅན་ཞིག་འདུག ད་དུང་ཡང་ང་ཚོས་དམིགས་ཡུལ་བཅངས་པའི་ས་དེར་སླེབས་པ་ལ་ཆུ་ཚོད་ ༠༣ སྟེ་ལམ་ཐག་སྤྱི་ལེ་ ༡༥༢ ཡི་འགྲུལ་བཞུད་བྱེད་དགོས་པས་ངས་སྤྱི་སྤྱོད་རླངས་འཁོར་འབབ་ཚུགས་སུ་ཕྱིན་ནས་འཛིན་ཤོག་ཉོ་གྲབས་བྱས་པས་སྣུམ་འཁོར་དོ་དམ་པས་ “ད་ལྟ་ཟླ་བ་ཁ་ཤས་སྔོན་ལ་ས་གནས་དེར་ཡུལ་སྐོར་སྤྲོ་འཆམ་པ་དྲུག་ཅུ་ལྷག་གི་ཚེ་སྲོག་ཤོར་བའི་གནས་ཚུལ་ཐོན་པས། ད་ལྟ་གནས་སྐབས་རིང་ས་དེར་མངའ་སྡེ་གཞུང་གིས་འགྲུལ་བཞུད་བྱ་རྒྱུ་བཀག་སྡོམ་བྱས་འདུག” ཅེས་བཤད་བྱུང་། དེས་ན་ང་ཚོ་ཚུར་མི་ལོག་ཀ་མེད་བྱུང།
དགོན་པར་ལོག་ནས་ཉིན་གཉིས་ཀྱི་རྗེས་སུ་ངས་ཉིན་བཞིའི་འགྲུལ་བཞུད་སྐབས་ཀྱི་ཕར་སོང་ལ་རྩིས་ཤིག་བརྒྱབ་པ་ཡིན། སྐབས་དེར་ང་རང་གཅིག་པུ་ལ་ཕར་སོང་དངུལ་སྒོར་གཅིག་ཁྲི་ཆིག་སྟོང་ལྔ་བརྒྱ་ལྷག་སོང་འདུག རང་དགོན་གྱི་ས་མཚམས་ནས་བརྒལ་ན་ཁ་ཟས་སོགས་ལ་དངུལ་སྤྲོད་དགོས་པ་མ་ཟད་གཅིན་སྐྱག་ཀྱང་དངུལ་སྤྲད་ནས་གཏོང་དགོས་པ་ཀུན་ཀྱིས་ཤེས་གསལ་ལྟར་རེད། གློ་བུར་དུ་ངའི་བློ་ངོར་དེ་སྔོན་རྩ་བ་ནས་བྱུང་མ་མྱོང་བའི་རྣམ་རྟོག་ཅིག་ཤར། དེ་ནི་ཉིན་བཞིའི་རིང་གི་འགྲོ་སོང་དེ་ཙམ་ཡིན་ན། འོ་ན་ལོ་གཅིག་གི་ནང་དགོན་པས་ང་ལ་འགྲོ་སོང་ག་ཚོད་གཏོང་གི་ཡོད་དམ་ཞེས་པའི་དྲི་བ་དེ་རེད། ངས་ད་བར་དུའང་དགོན་པར་གློག་རིན་དང་། ཟས་རིན། སློབ་རིན་སོགས་ཀྱི་ཆེད་དུ་ཡིན་ཞེས་དངུལ་རྡོག་གཅིག་ཀྱང་ཕུལ་མ་མྱོང་། ད་བར་ “ཨ་ཕའི་ཕོར་པ་གཙང་ཤག” ཅེས་པའི་དཔེ་ལྟར་ཡིན་ཤག་ཤག་རེད། ཞིབ་པར་རྩིས་ཤིག་བརྒྱབ་ན། ངས་ཉིན་གཅིག་ལ་ཁ་ལག་ཐུན་གསུམ། དེ་དག་ལས་ཞོགས་ཇ་ལ་སྒོར་ ༡༠༠ དང་ཉིན་གུང་དང་དགོང་ཟས་ལ་སྒོར་ ༡༥༠ རེ་ཡིན་པའི་དབང་དུ་བཏང་ན། ཉིན་གཅིག་ལ་སྒོར་ ༤༠༠ ཟླ་བ་གཅིག་གི་ནང་སྒོར་ ༡༢,༠༠༠ དང་། ལོ་གཅིག་གི་ནང་ཟས་རིན་གཅིག་པུ་ལ་སྒོར་ ༡,༤༤,༠༠༠ འགྲོ་བ་དང་། གཞན་ཡང་ཟླ་བ་གཅིག་ཁོ་ན་ལ་ཁང་གླ་སྒོར་ ༢,༥༠༠ དགེ་རྒན་གྱི་ཟླ་ཕོགས་སྒོར་ ༣,༥༠༠ ཆུ་རིན་སྒོར་ ༡,༥༠༠ གློག་རིན་སྒོར་ ༢,༠༠༠ ཡིན་པའི་དབང་དུ་བཏང་ན་ཟླ་བ་གཅིག་ལ་ཁྱོན་སྒོར་ ༩,༥༠༠ དང་། ལོ་གཅིག་ལ་སྒོར་ ༡,༡༤,༠༠༠ བཅས་འགྲོ་བ་དང་། མཐར་ཟས་རིན་དང་སློབ་ཡོན། ཁང་གླ་སོགས་མཐའ་དག་གི་འགྲོ་སོང་བསྡོམས་ན་ལོ་གཅིག་གི་ནང་ལ་དགོན་པའི་ངོས་ནས་ང་ལ་སྒོར་ཉིས་འབུམ་ལྔ་ཁྲི་བརྒྱད་སྟོང་ཐམ་པ། ༢,༥༨,༠༠༠ གཏོང་གི་ཡོད་པ་གསལ། ང་ནི་དགོན་པ་འདིར་འབྱོར་ནས་ལོ་ངོ་བཅུ་བདུན་སོང་ཟིན། ད་བར་དགོན་པས་ང་ལ་སྒོར་ས་ཡ་གཉིས་དང་ལྔ་འབུམ་བརྒྱད་ཁྲི་ཐམ་པ། ༢,༥༨༠,༠༠༠ འགྲོ་སོང་བཏང་གནང་བ་རེད། དེ་ཡང་རོབ་རྩིས་ཙམ་ལས་ཞིབ་རྩིས་མིན་པས་དེ་ལས་མ་མང་ནའང་མི་ཉུང་བ་ཡིན་ངེས་རེད། སྐབས་འགར་བག་མེད་ཀྱི་དབང་དུ་ཤོར་ནས་ངས་དགོན་པའི་མཐུན་རྐྱེན་མ་འགྲིག་པ་གླེང་བ་དག་དབང་མེད་དུ་དྲན་ནས་སེམས་པ་ཚབས་ཤིང་མགྲིན་པ་བརྣངས་སོང་། མ་ཟད་ཁོར་ཡུག་འདིར་དགོན་པའི་བཞེས་ལག་དང་མཐུན་རྐྱེན་སོགས་ལ་ཧ་ལམ་མ་འགྲིག་མདོག་མདོག་བཤད་མཁན་ཡང་མི་ཉུང་བ་ཞིག་ཡོད་པ་ཐོས་ལ། མིག་གིས་ཀྱང་རིག་རྒྱུ་འདུག དེ་དག་གི་གཏམ་ནི་མ་བརྟགས་མ་དཔྱད་པར་བཤད་པ་ཞིག་ཡིན་ཞིང་དོན་མེད་ཉེས་པའམ་ཚོགས་ངན་ཚབས་ཆེན་གསོག་པའི་རྒྱུ་ཁོ་ན་ལས་མ་འདས་པས་གཟབ་དགོས་པའི་གནས་སུ་མཐོང་། ཕར་རིའི་མཛེས་ལྗོངས་ལེགས་པར་མཐོང་སྙིང་འདོད་ན། ཚུར་རི་ནས་བལྟ་དགོས་ཞེས་པ་ཅིས་མི་བདེན། དུས་རྒྱུན་མ་བརྟགས་པར་མིའི་ལད་མོ་བྱེད་རྐྱང་མིན་པར་ཁ་ནང་དུ་འཁོར་ནས་མཉམ་འཇོག་བྱེད་རྒྱུ་གལ་འགངས་ཆེ། དེ་ལྟར་མི་ཚེའི་ཀྱོག་མཚམས་འགའ་ལ་ཕྱིར་མིག་ཅིག་འཕངས་པས་དགའ་སྐྱོ་འདྲེས་མའི་ཚོར་བ་རྐྱེན་པོ་ཞིག་སྐྱེས་འོང་།