རང་དབང་སྐྱབས། (རྫ་ཆུ་ཁ། བོད་ནང་།)
མེས་པོའི་ཁྲག་རྒྱུན་གྱི་གཙང་པོ་སྟོང་གི་བཞུར་ལམ།།
ཕ་ས་གངས་ལྗོངས་ཀྱི་རེ་བའི་སེམས་ཀྱི་མེ་ཏོག།།
རྣམ་ཤེས་བརྒྱ་ཕྲག་གི་ཞེན་ཆགས་ཁྱོད་ལ་འཁོར་བའི།།
ལྷ་ས་མི་ཡུལ་གྱི་དག་ཞིང་བདེ་བར་བཞུགས་སམ།།
ན་ནིང་ཤེས་རབ་ཀྱི་ལྷ་ཡིས་ཁྱོད་རང་བསྲུངས་ཡོད།།
བདེ་སྐྱིད་ཉི་འོད་ཀྱི་སྣང་བ་གངས་ལ་འཆར་ཡང་།།
ད་ལོ་ནད་དུག་གི་སྤྲིན་པས་ཉི་ཟླ་སྒྲིབ་ཅིང་།།
འཚོ་བའི་ཤེས་རབ་ཀྱི་མར་མེ་རླུང་གིས་ཁུར་སོང་།།
རང་དབང་རྨི་ལམ་གྱི་གཉིད་ལས་ཡོངས་སུ་དཀྲོགས་ཤིང་།།
བཀའ་ཁྲིམས་རི་རབ་ལས་ལྕི་བའི་མཚོན་གྱིས་བཏབ་ན།།
ངས་ཀྱང་སྙན་ངག་གི་རི་མོས་སྙིང་གཏམ་བྲིས་ཏེ།།
ང་ཚོའི་རེ་འདུན་གྱི་ཉི་མ་ཡང་ཡང་དྲན་འོང་།།
ས་གཞིའི་མེ་ཏོག་གི་རང་མདངས་སྟོན་ཟླས་བཅོམ་ཞིང།།
འཁོར་བའི་བདེ་སྐྱིད་ཀྱི་ཐང་དུ་ནད་ཀྱིས་ཟིན་པའི།།
ལེ་དབར་བརྒྱ་སྟོང་གི་རི་བོའི་ཕ་རོལ་བཞུགས་མཁན།།
སྙིང་རྗེས་ཕྱག་ཟུང་གི་ལག་པས་གངས་ལྗོངས་མ་བོར།།
མ་གཞི་ནད་དུག་གི་རླུང་བུ་སྟོབས་ཀྱིས་ལྡིང་པའི།།
ང་ཚོའི་རང་དབང་གི་ཉི་ཟླ་མཁའ་ནས་གཟིམས་སོང་།།
ལྷག་ཏུ་སྒོ་ཁྱི་བཞིན་རྡུང་བའི་ངུ་སྐད་གོ་ན།།
ཁོ་བོའི་བཟོད་སྒོམ་གྱི་རྒྱ་མཚོ་ཉི་མས་བསྐམས་སོང་།།
གངས་འདིར་ནད་ཡམས་ཀྱི་གཙང་པོའི་ཡོངས་སུ་བསྐོར་ཀྱང་།།
གངས་ལྗོངས་སྡུག་བསྔལ་གྱི་མུན་པའི་དཀྱིལ་དུ་ལུས་རུང་།།
གངས་ལ་ཤེས་རབ་ཀྱི་ལྷ་ཡི་སྡོང་གྲོགས་ཡོད་པས།།
གངས་ཅན་བདེ་སྐྱིད་ཀྱི་འཚོ་བར་མིག་གིས་བལྟས་ཡོད།།
སྤྲིན་པའི་བར་གསེང་དུ་བཞུགས་པའི་གནམ་གྱི་རྒྱལ་མོ།།
སྒོ་གསུམ་དད་འདུན་གྱི་གཙང་མའི་དར་སྐུད་ཕུལ་བའི།།
བཙན་པོའི་རྒྱལ་ཁབ་ཏུ་འབོད་པའི་གངས་ཀྱི་མི་ལ།།
རྟག་ཏུ་འཇིགས་སྣང་ལས་བསྲུང་ཕྱིར་གངས་འདིར་ཕེབས་ཤིག།
གངས་ཀྱི་ཉི་འོད་ལ་ཚོར་བའི་དྲོད་ཅིག་ཡོད་ན།།
མཁའ་ཡི་ཟླ་བ་ལ་བདེན་པའི་མིག་ཅིག་སྲིད་ན།།
ང་ཡི་ཕ་ས་འདི་ད་རུང་གསོན་ནས་ཡོད་ཕྱིར།།
སེམས་ཀྱི་རྨ་ཁ་ལ་དུག་གི་མདའ་མོ་མ་འཕེན།།
ཕ་ས་འབྲོག་ཐང་གི་འབྲི་མོའི་ངུར་སྐད་གོ་དུས།།
ཚོར་བའི་ལུས་སེམས་ཀྱི་དབྱངས་རྟ་ཁྱོད་ལ་འཁོར་ཡོད།།
རྟ་ཕོའི་འཚེར་སྐད་ཀྱི་ལྷང་སྒྲ་ཡང་ཡང་སྒྲོག་སའི།།
གནས་མཆོག་གངས་ལྗོངས་ཀྱི་ཡུལ་འདི་བདེ་བར་བཞུགས་དགོས།།
གང་ལྟར་རེ་སྒུག་གི་སྐྱ་རེངས་དང་པོ་འཆར་ན།།
སྤྲིན་པའི་དམག་ཚོགས་ཀྱི་མཁར་རྫོང་ང་ཡིས་གཏོར་ཆོག།།
ལུས་ཀྱི་ཉི་འོད་གང་ང་ཚོའི་མགོན་དུ་བྱོན་དང་།།
སེམས་ཀྱི་གངས་རི་འདི་སྙན་ངག་སྟོང་གིས་བསྲུངས་ཡོད།།
ཚོར་བའི་ཡིག་ཆུང་ལ་ཤོར་བའི་སྙིང་གཏམ་དམར་པོ།།
དེ་རིང་སྙན་ངག་བཞིན་བྲིས་ཡོད་སེམས་ཀྱི་གངས་རི།།
འུ་ཚོའི་སྙིང་སྟོབས་ཀྱི་གོ་ཆ་མེ་ལ་སྒྲོན་དང་།།
དེ་དུས་རེ་འདུན་གྱི་མེ་ཏོག་སྤང་དུ་འཁྲུངས་འོང་།།
༢༠༢༢/༩/༢༤ ཉིན་གྲུབ།