ང་ཆུང་དུས་འབྲོག་མོ་ཞིག་ཡིན།

ལོ་རིམ་བདུན་པའི་སློབ་གཉེར་བ། ཚུལ་ཁྲིམས་རྒྱ་མཚོ།

གཅིག

མི་ཚེ་ནི་ཐུང་ཐུང་ཞིག་ཡིན་ཡང་དེའི་ནང་གི་བྱ་བ་དག་ཧ་ཅང་གི་མགོ་འཐོམ་པོ་དང་རྙོག་འཛིང་ཅན་ཞིག་རེད། ལོ་ཟླ་ནི་ཅི་འདྲའི་མགྱོགས་པོ་ཞིག་སྟེ་ཡུད་ཙམ་གྱི་རང་ལོ་སུམ་ཅུ་ལྷག་ཅིག་ལ་སླེབས་ཚར་འདུག ང་ཚོ་སུ་ཡིན་ཡང་རང་རང་གི་མི་ཚེའི་བརྒྱུད་རིམ་ཁྲོད་དུ་བྱུང་མྱོང་བའི་གཏམ་རྒྱུད་ཆེ་མ་ཆུང་གསུམ་རེ་ཡོད་ངེས་ལ། ང་ཡང་དེ་དག་ལས་མ་འདས། ང་ནི་ཆུང་དུས་སློབ་གྲྭ་སོགས་གང་ལའང་འགྲོ་མ་མྱོང་བར་ལོ་མང་རིང་འབྲོག་པའི་འཚོ་བ་རོལ་ཞིང་རྟ་ནོར་ལུག་གསུམ་འཚོ་སྐྱོང་བྱེད་མྱོང་བའི་འབྲོག་མོ་ཞིག་ཡིན། རིམ་གྱིས་ལང་ཚོའི་མེ་ཏོག་གི་འདབ་མ་རྒྱས་འགོ་བཙུགས་ནས་མོ་ལོ་བཅོ་ལྔ་བཅུ་དྲུག་ལ་སླེབ་དུས། ངའི་ཕ་མ་གཉིས་ཀྱིས་ང་ལ་གནང་བའི་ལང་ཚོའི་རྣམ་པའང་ཆུང་དུས་ཅུང་ཙམ་ཡོད་པས། ཁ་ཡ་ན་ཟླ་དག་གི་ཁྲོད་ནས་གསར་བུ་ཚོའི་སེམས་པ་ཤོར་སའི་སྨན་ཤར་སྙིང་རྗེ་མོ་ཞིག་ཏུའང་གྱུར་མྱོང་ལ། ལྷག་ཏུ་འབྲོག་ལས་ཀྱི་བྱ་བ་ཆེ་མ་ཆུང་གསུམ་གང་ལའང་། རུ་སྡེ་པ་དང་ཡུལ་མི་ཁྱིམ་མཚེས་ཀུན་ཀྱིས་ཡིད་སྨོན་འཆོར་ས་ཞིག་ཡོད་ཅེས་ལབ་ཅུང་ཙམ་བརྒྱབ་ནའང་མ་འགྲིག་པ་ཆེར་མེད། ཆུང་དུས་ཀྱི་སྣང་བའང་ཅུང་མཐོན་པོ་ཡོད་སྟབས། ཕོ་གསར་གང་མང་ཞིག་གིས་མི་ཚེ་མཉམ་སྐྱེལ་བྱེད་འདོད་ཡོད་ཚུལ་སོགས་སྐད་ཆ་སྣ་མང་བཤད་ཀྱང་། དེ་དག་ལ་ངོས་ལེན་མི་བྱེད་པའི་ལྷན་སྐྱེས་ཀྱི་གཤིས་ཀ་མཁྲེགས་པོ་ཞིག་ཡོད་སྟབས་གསར་བུ་ཚོས་ཞུ་བ་བྱེད་པའང་ཉུང་ཉུང་མིན།


ངའི་མི་ཚེ་ཡི་གཏམ་རྒྱུད་རིང་མོ་འགོ་བཙུགས་ན་ངའི་ཨ་མར་ང་ལས་ཆུང་བའི་བུ་གསུམ་ཡོད། བུ་མོ་ང་གཅིག་པུ་ལས་མེད་ལ་ང་ཚོ་མིང་སྲིང་དག་གི་ནང་ནས་ལོ་ན་ཆེ་ཤོས་ང་ཡིན། ངའི་རྗེས་ཀྱི་བུ་དེ་དང་ངེད་གཉིས་ལོ་བཞིའི་ང་ཆེ་བ་ཡིན། ངེད་གཉིས་ནི་སེམས་ཁམས་མཐུན་ཞིང་གར་འགྲོ་གར་འདུག་ཆ་ཚང་ཀྱང་མཉམ་དུ་ཡིན་ལ། ངེད་གཉིས་རྩེད་མོ་བརྩེ་བར་ཉིན་ལྟར་ང་ཚོའི་ཁང་པའི་རྒྱབ་ཕྱོགས་སུ་ཡོད་པའི་རྡོའི་ཕ་བོང་ཆེན་པོ་དག་གི་ཐོག་ཏུ་རྩེད་མོ་རྩེད་ཀྱིན་ཡོད། ཁྱད་མཚར་ཞིག་ལ་ངའི་གཅུང་པོ་ལ་མངོན་ཤེས་ཡོད་པ་འདྲ་བོ་ཞིག་ཡོད། ཁོས་‘‘ཨ་ཅེ་སང་ཉིན་ངེད་ཚང་ལ་མགྲོན་པོ་འདི་འདྲ་བ་ཞིག་ཡོང་གི་རེད་’’ཟེར་དུས། དུས་ཐོག་ཏུ་མགྲོན་པོ་ངོ་མ་སླེབས་པ་དང་། གནས་ཚུལ་གང་ཞིག་འབྱུང་རྒྱུ་བཤད་པ་དེ་ཏག་ཏག་འབྱུང་གིན་ཡོད། ཡིན་ན་ཡང་། ཁོ་ལོ་ན་བཞི་ལྷག་ལ་སོན་པའི་དུས་སུ་གློ་བུར་དུ་རྐྱེན་ངན་ཞིག་བྱུང་ནས་ཨ་མ་ངེད་གཉིས་དང་གཏན་དུ་ཁ་བྲལ་ནས་འཇིག་རྟེན་ཕྱི་མའི་ཡུལ་ལ་ཆས་སོང་། ཁོ་ནི་ཨ་མ་ངེད་གཉིས་ཀྱི་རེ་བ་ཆེ་ས་དང་སེམས་ཀྱི་བརྟེན་ས་ཡིན་པས། ཁོ་ངེད་གཉིས་དང་ཁ་བྲལ་བ་དེས་བསམ་ཡུལ་ལས་འདས་པའི་སྡུག་བསྔལ་ཞིག་བཟོས་ཀྱང་བྱེད་ཐབས་གཞན་མ་བྱུང་། ཕྱིས་སུ་ང་ལོ་བཅོ་ལྔ་ལྷག་ལ་སོན་དུས་ངའི་ཨ་མར་ང་དང་ཕ་མི་གཅིག་པའི་ངའི་གཅུང་པོ་གཞན་གཉིས་བཙས་པ་དང་། ངའི་ཨ་ཕ་ནི་ཡུལ་གཞན་ཞིག་ནས་ཡོང་བའི་མི་རྐྱང་ཞིག་རེད། ངའི་ཨ་མ་ནི་ངོ་མ་བུད་མེད་བརྩེ་དུང་ཅན་ཞིག་རེད། ཨ་ཕ་དང་ཨ་མ་གཉིས་ཀྱི་བར་ལ་བརྩེ་དུང་གི་གཏམ་རྒྱུད་ཀྱང་རིང་མོ་ཞིག་བཤད་རྒྱུ་ཡོད་ལ། ཨ་ཕ་དང་ཁོང་གཉིས་མཉམ་དུ་མི་ཚེ་སྐྱེལ་མ་ཐུབ་པར་བརྟེན། མོའི་མི་ཚེ་གཅིག་ལ་མི་གཞན་དང་མཉམ་དུ་ཆང་ས་མ་བརྒྱབས་པར་མོ་རྐྱང་དུ་བསྡད་པ་རེད། ངའི་ཨ་ཕ་དང་ཁོང་གཉིས་ཀྱི་བར་ལ་བརྩེ་དུང་ཧ་ཅང་ཟབ་མོ་ཡོད་ཀྱང་། ཕ་ཡུལ་གྱི་རྒན་རབས་པ་དག་མགོ་མཁྲེགས་པོ་ཡིན་སྟབས། ཨ་མྱེས་ཁོང་གཉིས་མཉམ་དུ་སྡོད་མ་བཅུག་པར་དུས་རྒྱུན་ ‘‘མི་ལྡོམ་པོ་ཚོར་ཡིད་ཆེས་དང་བློ་གཏད་བྱ་རྒྱུ་མེད། ཁོ་དང་མཉམ་དུ་འབྲེལ་བ་བྱེད་མི་ཆོག་’’ཅེས་ཡང་ཡང་བཤད་པར་བརྟེན། ཁོང་གཉིས་ཀྱང་ཁ་ཁར་བྱེད་དགོས་བྱུང་བ་རེད། དོན་ངོ་མར་ངའི་ཨ་ཕ་ནི་ཨ་མྱེ་ཡིས་བཤད་པ་ལྟར་མི་ངན་ཞིག་མིན་ཞིང་། ང་ཆུང་དུས་ཨ་མ་ངེད་གཉིས་ལ་ཁོ་ཡང་ཡང་བལྟ་རུ་ཡོང་བར་མ་ཟད། ང་ལ་ཧ་ཅང་བརྩེ་བ་གནང་གི་ཡོད། འོན་ཀྱང་ངས་ཨ་མྱེའི་ཁར་ཉན་ཏེ་ཁོ་ལ་དགའ་བའི་རྣམ་འགྱུར་ཞིག་བསྟན་མྱོང་མེད། ཁོ་ང་ཚོའི་ནང་ལ་ཡོང་ཐེངས་རེར་ང་ལ་ཟས་གོས་སོགས་མང་པོ་ཉོས་ནས་ཡོང་གི་ཡོད་པ་མ་ཟད་ང་ཁོའི་ཕ་ཡུལ་ལ་འཁྲིད་རྒྱུའང་ཐེངས་མང་བྱས་ཀྱང་ངས་མོས་མཐུན་མ་བྱས། ད་ལྟ་ངས་ཨ་ཕ་དྲན་ཞིང་ཨ་ཕའི་གནས་ཚུལ་ལ་རྒྱུས་ལོན་བྱེད་འདོད་ཀྱང་ངེད་གཉིས་ཀྱི་བར་ལ་ལེ་དབར་ཁྲི་ཕྲག་མང་པོའི་རྒྱང་ཐག་གིས་ཆོད་ཡོད་པས། འབྲེལ་འདྲིས་ཀྱི་གོ་སྐབས་དབེན་ཞིང་ལོ་ཟླ་མང་པོར་ཕན་ཚུན་གྱི་གྲིབ་མ་ཙམ་ཡང་མཐོང་མ་མྱོང་སྟབས། ད་ལྟ་ཁོང་འཇིག་རྟེན་འདིར་བཞུགས་ཡོད་མེད་ཀྱང་བཤད་ཚོད་དཀའ་བ་ཞིག་རེད།

གཉིས

ནམ་ཟླ་དཔྱིད་ཀའི་ཉིན་ཞིག་སྟེ་རི་ལུང་ཐམས་ཅད་སྐྱ་ཐིང་ངེར་ཡིན་ཁར། རི་རྩེར་ཁ་བས་གཡོགས་ཤིང་ནམ་ཟླ་འཁྱག་ལ་རླུང་བུ་ལྡང་བ་སོགས་ནི་དཔྱིད་དུས་ཀྱི་སྣང་ཚུལ་ཞིག་ཡིན་པ་འདྲ། དེའི་ཉིན་ཡང་གནམ་གཤིས་དེ་ཙམ་ཡག་རྒྱུ་མི་འདུག ནམ་རྒྱུན་ང་ཚོ་དགོན་པའི་ནང་དུ་ལོ་རེར་མཆོད་མཇལ་བྱེད་ཞོར་དང་དགོན་པར་སྐོར་ཚད་གསོག་ཏུ་འགྲོ་ཡི་ཡོད། ངའི་ཕ་ཡུལ་གྱི་མི་ཚང་ཕལ་ཆེར་ལ་རོང་འབྲོག་གཉིས་ཀ་ཡིན་ལ། རོང་པ་དག་དགོན་པའི་མཐའ་སྐོར་ན་བསྡད་ཡོད། རོང་འབྲོག་གཉིས་ཀྱི་བར་ལ་སྤྱི་ལེ་བཅུ་ཕྲག་ལྷག་གིས་བར་ཆོད་ཡོད་པས་ཐག་ཉེ་བོ་དེ་ཙམ་མེད་ཀྱང་ནམ་རྒྱུན་ང་ཚོས་རྟ་བཞོན་ནས་འགྲོ་བ་དང་རྐང་ཐང་དུ་འགྲོ་བ་སོགས་བྱེད་ཀྱི་ཡོད་ཅིང་། དེ་དུས་འཕྲུལ་ཆས་ཀྱི་རིགས་དེ་ཙམ་དར་མེད་པར་བརྟེན། དགོན་པར་འགྲོ་རྒྱུ་ནི་འབྲོག་མོ་ཞིག་ལ་མཚོན་ན་གོ་སྐབས་ཧ་ཅང་དཀོན་ལ། ལོ་རེར་ཐེངས་རེ་ཙམ་ལས་འགྲོ་རྒྱུའི་དུས་ཚོད་རག་གི་མེད་ཀྱང་། ཉིན་དེར་ང་དགོན་པར་མཆོད་མཇལ་དུ་འགྲོ་རྒྱུའི་དུས་ཚོད་ཅིག་བྱུང་སྟབས།ངས་ཀྱང་ཚ་རུ་སྲབ་མོ་གཡོགས་ནག་པོ་ཅན་ཞིག་ལ་སྐ་རགས་དམར་པོ་ཞིག་བཅིངས། ཀོ་ལྷམ་སྨུག་པོ་རྟིང་ཀ་མཐོན་པོ་ཅན་ཞིག་དང་སྟོད་ཐུང་དམར་སྨུག་ཅིག་གྱོན་ཞིང་། སྣུམ་ལ་རིང་བའི་སྐྲའི་ལན་བུ་གཉིས་ཕྲག་པའི་གཡས་གཡོན་དུ་འཕྱངས། དཀར་ལ་འཇམ་པའི་བཞིན་རས་ལ་དམར་རྩི་ཅུང་ཙམ་བྱུགས་ཏེ། གྲོགས་མོ་སྐོར་ཞིག་དང་མཉམ་དུ་ལམ་ལ་ཆས། ང་ཚོ་དགོན་པར་འགྲོ་རྒྱུ་ཧ་ཅང་དགའ་བོ་ཡོད་སྟབས་རྐང་ཐང་དུ་འགྲོ་དགོས་ཀྱང་དཀའ་སྣང་གང་ཡང་མེད་པར་དགོན་པར་འབྱོར། དགོན་པའི་ལྷ་ཁང་གི་གསེར་ཏོག་དང་རྒྱ་ཕིབས་སོགས་ལ་ཉི་འོད་ཕོག་པས་འོད་སེར་ལམ་ལམ་འཕྲོ་ཞིང་བསང་ཤུག་གི་དུད་པ་བར་སྣང་ལ་ཁྱབ། ཐག་རིང་ཐུང་ཀུན་ནས་ཕེབས་པའི་དད་ལྡན་གྱི་མཆོད་མཇལ་བ་མང་ཞིང་། དགེ་འདུན་པ་རྣམས་ཀྱིས་དུས་རྒྱུན་ལྟར་ཚོགས་འཚོག་བཞིན་འདུག ལྷ་ཁང་ནང་དུ་དད་ལྡན་པ་དག་གིས་ཕྱག་འཚལ་ཞིང་ཞེ་སེམས་གཙང་མའི་གསོལ་བ་འདེབས་པ་སོགས་ནི་བློ་ཡུལ་ལས་འདས་པ་ཞིག་རེད། སེར་ལམ་ལམ་དུ་འཕྲོ་བའི་སྐུ་འདྲ་སྣ་མང་དང་། བདུག་སྤོས་སྣ་ཚོགས་ཀྱི་དྲི་ཞིམ་ཕྱོགས་སུ་འཐུལ་ཞིང་མར་མེ་མང་པོ་འོད་ལམ་ལམ་དུ་འབར་བས་འདུ་ཁང་ཡོངས་སུ་ཚ་བས་ཁྱབ། ཚོགས་ཆེན་དགེ་སྐོས་ནི་ཇི་འདྲའི་བརྗིད་ཉམས་ཆེ་ལ། མཐོང་བ་ཙམ་གྱིས་འཇིགས་སྣང་སྐྱེས་ཡོང་། རྔ་རོལ་འབུད་གསུམ་དང་དགེ་འདུན་པ་དག་གི་གསུང་སྐད་སོགས་རྣ་ལ་སྙན་ཞིང་། མིག་ལ་མཛེས་པའི་མཆོད་རྫས་སོགས་ནམ་རྒྱུན་མཐོང་དཀོན་པའི་ཅ་དངོས་མང་པོ་ཞིག་དགོན་པའི་ལྷ་ཁང་ནང་དུ་རོལ་མྱོང་བྱ་རྒྱུའི་སྐལ་བཟང་ཐོབ།
དེ་ལྟར་ཉིན་གང་མཆོད་མཇལ་བྱས་ཤིང་དགོན་པའི་མཐའ་སྐོར་གྱི་མ་ཎིའི་འཁོར་ཆུང་དང་། དུང་འཁོར་ཆེན་པོ་དེ་དག་ལ་ཉིན་གང་སྐོར་བ་བྱས། སྐོར་ལམ་དུ་ལོ་ན་བགྲེས་གཞོན་མང་པོས་མ་ཎི་པད་དབྱངས་འཐེན་བཞིན་འཁོར་ཆུང་དེ་དག་ཧྲིག་སྒྲ་དང་བཅས་བསྐོར་ནས་གཅིག་རྗེས་གཉིས་མཐུད་དུ་བུད་འགྲོ། མ་ཎི་པད་དབྱངས་ནི་དེ་འདྲའི་སྙན་མོ་ཞིག་རེད། ཨ་མ་རྒན་མོ་ཚོས་གཅིག་ལས་གཅིག་གིས་སྐད་གསེང་མཐོན་པོའི་ངང་དབྱངས་ལ་འཐེན་ཡོང་། དགོན་པའི་མཐའ་སྐོར་དུ་འཁོར་ཆུང་སྟོང་ཕྲག་ལྷག་ཡོད་པ་དེ་དག་སྐོར་བ་ལ་ཆུ་ཚོད་གཅིག་ཙམ་འགོར་གྱིན་ཡོད། ལྷག་ཏུ་རྒན་པ་རྣམས་སྔོན་ལ་ཕེབས་ན་དེ་ལས་ཀྱང་འགོར་འགྲོ་བ་ཞིག་རེད། དེ་བཞིན་སྐོར་ལམ་དུ་ཕོ་སར་ལོ་ཆུང་ཚོས་བུ་མོ་ལོ་ཆུང་དག་ལ་བརྙས་འཚོལ་མཁན་ཡང་འདུག དེ་ནི་ཕ་ཡུལ་གྱི་ན་ཆུང་ཚོའི་མི་ཚེའི་གོ་རིམ་ཁྲོད་ཀྱི་འགྲོ་ཚུལ་ཞིག་རེད། མི་རིགས་གཞན་གྱིས་དེ་ཚོ་མཐོང་ན་ཁྲིམས་འགལ་རེད་མི་ཟེར་རམ། འོན་ཀྱང་འདི་ནི་ང་ཚོ་བོད་ལ་མཚོན་ན་གོམས་ལོབ་ཆེ་བའི་ཡུལ་སྲོལ་ཞིག་ལས་ཅིའང་མིན། དེང་སང་དེ་དག་ཕྱིར་དྲན་རེ་བྱས་ན་ངོ་མ་ཁྱད་མཚར་ཞིག་རེད། གོ་རིམ་དེའི་ནང་ནས་ན་གཞོན་མང་པོ་ཞིག་རང་འཐད་ཀྱིས་མི་ཚེའི་ལམ་ཁ་བདམས་ནས་བུད་འགྲོ། ང་དང་ངའི་ཁྱོ་ག་ངེད་གཉིས་ཀྱང་དེ་ལྟར་འཕྲད་པ་ཞིག་ཡིན།

གསུམ

དགོང་མོ་ས་རུབ་ལ་ཉེ་བའི་སྐབས་ཤིག་ལ་ང་ལ་གདོང་གཏད་ནས་འཕྲུལ་རྟ་ཞོན་མཁན་ཞིག་སླེབས་སོང་། ཐག་ཉེ་སར་སླེབས་དུས་ཁོ་ནི་ནམ་རྒྱུན་ངས་ངོ་ཤེས་པའི་ཕོ་སར་ཞིག་རེད། ངེད་གཉིས་མ་ཐུག་ནས་ཟླ་གཅིག་ལྷག་ཕྱིན་ཟིན། ཁོས་ང་ལ། ‘‘ཁྱོད་ལ་མྱུར་མོར་ཕྱིར་འབྲོག་སར་སླེབས་ཐུབ་པ་བྱོས་ཟེར་ནས་ཁྱེད་རང་གི་ཨ་མའི་ང་ལ་སྐད་སྐུར་བྱུང་། གལ་ཏེ་ཁྱེད་འགྲོ་བ་ཡིན་ན་ངས་འཕྲུལ་རྟར་བསྐྱོན་ནས་འགྲོ་ཆོག་ཟེར།’’ ང་ལ་གློ་བུར་དུ་འདི་ལྟར་ཤོག་ཟེར་དོན་ཅི་ཡིན་ནམ། ངའི་རྨོ་མོ་ལ་ཅིག་བྱུང་བ་ཡིན་ནམ། རྨོ་མོ་ནི་ལོ་ན་ཧ་ཅང་ཆེ་བས་དེར་ཅིག་མ་འགྲིག་པའམ་ཡང་ན་ག་རེ་བྱུང་བ་ཡིན་ནམ། ངའི་སེམས་སུ་དོགས་འདྲི་སྣ་ཚོགས་ཀྱིས་ཁེངས་ཀྱང་ཁོ་ལ་གསལ་ཁ་གཅིག་ཀྱང་བཤད་རྒྱུ་མི་འདུག ང་ནི་དངངས་ཚབ་ཀྱི་ངང་ནས་ཅི་བྱས་ཀྱང་མ་ཤེས་པར་ཁོའི་འཕྲུལ་རྟའི་རྒྱབ་ལ་བཞོན་ནས་གློ་བུར་དུ་ཕྱིར་ནང་ལ་ལོག འཕྲུལ་རྟ་ནི་ཇི་འདྲའི་མགྱོགས་པ་ལའང་། འུར་སྒྲ་དང་བཅས་གློག་འོད་དུ་གསལ་བའི་ལམ་འགྲམ་གྱི་རྩི་ཤིང་དག་སུ་མགྱོགས་འགྲན་པ་བཞིན་ངེད་གཉིས་ཀྱི་རྒྱབ་ཕྱོགས་སུ་བཞུད་འགྲོ་བ་དང་འདྲ་བར་སྐད་ཅིག་ལ་འབྲོག་ས་དང་ཐག་མི་རིང་བའི་ཁྱིམ་ཚང་ཞིག་གི་ལྷས་འདབས་སུ་སླེབས་པ་དང་ཁོས་གློ་བུར་དུ་འཕྲུལ་རྟ་བཀག་སྟེ། ང་ལ་ ‘‘ད་ཁྱོད་གང་དུ་འགྲོ་རྒྱུ་ཡིན་ཟེར།’’ ང་རང་ཁྱིམ་དུ་འགྲོ་རྒྱུ་ཡིན། ཨ་མས་ང་ལ་མགྱོགས་པོ་ནང་དུ་ཤོག་ཟེར་བ་མ་ཡིན་ནམ་ཞེས་བཤད་པར། ཁོས་ང་ལ་ ‘‘དགོངས་པ་མ་ཚོམ་ངས་ཁྱོད་ལ་རྫུན་བཤད་པ་ཡིན། དོན་དངོས་ངས་ཁྱེད་ལ་རེ་བ་ཞིག་ཞུ་བསམས་པས་ཡིན། གལ་ཏེ་རེ་བ་མ་བསྒྲུབ་ཚེ་ང་ནི་འགྲོ་རྒྱུ་ཡིན་ཟེར།’’ ང་ནི་ཅི་བྱ་གཏོལ་མེད་དུ་གྱུར་ཡང་བྱ་རྒྱུ་གཞན་ཅི་ཡང་མེད་པར་ལྷག ནང་ལ་འགྲོ་ན་ནི་ལམ་བར་གྱི་ཁྱིམ་ཚང་དག་གི་ཁྱི་ཁ་བཙན་པས་ང་ཕར་ཞོག་ཕོ་སར་ང་ཡིན་ཟེར་མཁན་ཚོས་ཀྱང་ལམ་འགོ་ཆོད་དཀའ། ཕྱིར་དགོན་པར་འགྲོ་ན་ནི་ལམ་ཐག་རིང་བས་འགྲོ་ཐབས་བྲལ། དེ་ལྟར་ཡར་མར་མང་པོ་བཤད་མཐར་ངེད་གཉིས་ཀྱི་མི་ཚེ་མཉམ་སྐྱེལ་བྱ་རྒྱུའི་དམ་བཅའ་བཞག གལ་ཏེ་ང་དམ་བཅའ་དེ་ལས་འགལ་སོང་ན་ངེད་ཚང་གི་རྒྱུ་ནོར་ཡོད་ཚད་ཁོ་ལ་སྟེར་རྒྱུ་དང་། ཁོ་དེ་བཞིན་བྱུང་ན་ཁོ་ཚང་གི་རྒྱུ་ནོར་ཡོད་ཚད་ང་ལ་སྤྲད་རྒྱུ་བྱས། མ་གཞི་ངེད་གཉིས་ཕན་ཚུན་ཆ་ཡོད་དུ་གྱུར་ནས་ཟླ་གཅིག་ལྷག་ཕྱིན་ཡོད་ཀྱང་དེ་སྔོན་མི་ཚེ་མཉམ་སྐྱེལ་གྱི་སྐད་ཆ་བྱུང་མེད། རྗེས་སུ་ཁོ་དམ་བཅའ་དེ་ལས་འགལ་ཡང་ངས་འདས་དོན་དག་ཕྱིར་གླེང་བྱེད་འདོད་མ་བྱུང་། དེ་ནས་བཟུང་ངེད་གཉིས་མི་ཚེའི་སྐྱིད་སྡུག་མཉམ་ཁུར་གྱི་འདུན་པ་ཆེ་རུ་ཕྱིན་ཞིང་། ལྷད་མེད་ཀྱི་བརྩེ་དུང་རྣལ་མ་ཞིག་ཀྱང་ལུས་ཀྱི་ཁྲག་རྩ་ཡོངས་ལ་ཁྱབ།

བཞི།

དེ་ལྟར་ངེད་གཉིས་འགྲོགས་ནས་ལོ་གཅིག་ལྷག་གི་རྗེས་སུ་ངའི་ནང་མི་ཚོས་རིམ་གྱིས་ཧ་གོ་ཡོད་སྟབས། ངེད་གཉིས་ལ་མི་འཐད་པའི་སྐད་ཆ་གང་མང་བཤད་ཀྱང་། ལྷད་མེད་དྭངས་གཙང་གི་སེམས་པ་ཞིག་གློ་བུར་དུ་གས་འཐོར་ཤོར་དགོས་པ་ནི་གདོང་ལེན་ཐུབ་པ་ཞིག་མ་ཡིན། མ་གཞི་ངའི་ནང་མི་ཚོར་ཁག་མེད་དེ། ངའི་ཨ་ཞང་ཚོ་དང་ངའི་ཁྱོ་གའི་ནང་མིའི་བར་ལ་མི་ཤི་གོད་ཆགས་ཀྱི་གྱོད་གཞི་ཆེན་པོ་ཞིག་ཡོད་པར་མ་ཟད། ངའི་ཁྱོ་གས་ཁོ་ཚོ་ལ་ཤ་འཁོན་ལེན་རྒྱུའི་གྲ་སྒྲིག་ཀྱང་བྱེད་བཞིན་ཡོད། ཁོ་ལའང་ཁག་ག་ལ་ཡོད་དེ། ལོ་དུ་མ་ཞིག་གི་སྔོན་དུ་རྒྱུ་རྐྱེན་ག་གེ་མོ་ཞིག་གིས་ཁྱོ་གའི་པ་ལགས་ཏེ། ངའི་ཨ་ཞང་ཚོས་བསད་སོང་བར་མ་ཟད། ད་དུང་ཁོ་ལ་ཐུབ་ཚོད་བྱས་པའང་མང་མེད་ན་ཉུང་མེད། འོན་ཀྱང་ང་ནི་ལས་ཀྱི་རི་མོ་གར་བྲིས་ཟེར་བ་ལྟར། ཁོ་དང་མི་ཚེ་མཉམ་སྐྱེལ་བྱེད་པ་ལ་འགྱུར་བ་མེད་སྟབས། ལེགས་ཉེས་གང་བྱུང་ཡང་སྔོན་ནས་ཐག་གཅོད་གཙང་མ་བྱས་ཟིན། ངའི་ནང་མི་ཚོས་བསམ་པར་ང་ནི་ཡོད་ཚད་ལ་དབྱེ་འབྱེད་མི་ཤེས་པའི་བྱིས་པ་བསམ་མེད་ལྟ་བུ་ཞིག་ཏུ་ཚོར་ཡོད་སྲིད། འོན་ཀྱང་། ངས་ཡོད་ཚད་ཧ་གོ་གི་ཡོད། ཁོ་དང་མཉམ་དུ་འགྲོ་ན་ངའི་ནང་མི་ཚོ་དང་འགལ་ཟླ་འབྱུང་རྒྱུ་ཡིན་པ་དང་། ནང་མི་ཚོའི་ཁ་ལ་ཉན་པ་ཡིན་ན། ཁོའི་ཉེན་ཁ་ལ་ངས་རོགས་པ་མཁོ་བ་སོགས་ཆ་ཚང་ཧ་གོ་གི་ཡོད་ཀྱང་ལས་དབང་ཞེས་པ་འདི་འདྲ་ཞིག་ཡིན་སྲིད་པས། ངས་ཡོད་ཚད་རྒྱབ་ཏུ་དོར་ནས་ཁོ་བདམས་པ་ཡིན།

ལྔ།

ཉིན་ཞིག་གི་མཚན་མོར་ཁོ་གློ་བུར་ཏུ་སླེབས་ཏེ། ‘‘ད་ངེད་གཉིས་འགྲོ། ངས་རྟ་དང་འགྲོ་ཆས་སོགས་གྲ་སྒྲིག་བྱས་ནས་བཞག་ཡོད་ཟེར།’’ ཁོང་སླེབས་སྐབས་སྒོ་ཁྱི་ཤུགས་ཆེར་ཟུག་གི་ཡོད་པས། ཨ་མ་ཡང་ཡར་ལངས་བྱུང་། ངས་ཨ་མ་ལ་“ཁྱོད་ཉོལ་སྡོད་དང་། ངས་ཕྱི་ལོགས་ལ་བལྟ་ཡོང་”ཞེས་བཤད་པར་ཨ་མ་མར་ཉལ་སོང་། དེའི་སྐབས་སུ་ང་ལ་འགྲོ་རྒྱུའི་གྲ་སྒྲིག་ཅི་ཡང་མེད་པར་གློ་བུར་དུ་ལམ་ལ་ཆས་དགོས་བྱུང་། ཁོས་ལྷས་འདབས་སུ་རྟ་གཉིས་བཏགས་འདུག་ཅིང་། རྟ་དེ་གཉིས་ནི་ཤ་ཤེད་ཆེ་ཞིང་ཕར་བལྟས་ཚོད་ལ་ཡང་འགྲོ་ཆོག་ཆོག་གི་རྟ་ཕོ་གཉིས་འདུག རྟ་སྔོ་སྔོ་ཞིག་ཡོད་པ་དེ་ཁ་ཤེད་ཆེ་བས་བཞོན་དཀའ་རབས་བཤད་ཀྱང་། ང་ཆུང་དུས་ནས་རྟ་དང་གཡག་སོགས་ཞོན་ལོབ་ཆེ་བས་རྟ་བཞོན་རྒྱུར་དཀའ་ངལ་གང་ཡང་མེད། དེ་ལྟར་ངེད་གཉིས་རྟ་བཞོན་ཏེ་ཡོད་ཚད་ལ་བདེ་མོ་བཞག་ནས་མཚན་མོ་དེར་ལམ་ལ་ཆས་པ་ཡིན། སྐབས་དེར་སེམས་པ་དེ་ཙམ་བདེ་རྒྱུ་མེད་ཁར་སང་ཉིན་ཚེ་སྲོག་འབེན་ལ་བཙུགས་ནས་འཁྲུག་པ་རྒྱག་དགོས་ནའང་། གང་ལྟར་རང་གིས་བདམས་པའི་ལམ་ལ་འགྲོ་དགོས་པ་ལས་ཐབས་གཞན་མེད་སྟབས་ལམ་ལ་ཆས་ཡིན། ངེད་གཉིས་མཚན་མོར་སོང་ནས་ལུང་པ་སུམ་མདོ་ཞིག་གི་ཤིང་ནགས་གསེང་དུ་ཁོང་ཚོར་བསྒུགས་ནས་བསྡད། ཁོ་ཚོ་མང་ཆེ་བ་ནི་ངའི་གཉེན་ཉེ་དག་རེད། ཁོ་ཚོས་ཁྱིམ་ཚང་ཞིག་ལ་བུ་མོ་ཞིག་མནའ་མར་བསྐྱལ་ནས་ཕྱིར་ཡོང་གི་ཡོད་སྟབས་ལམ་ཁ་དེ་བརྒྱུད་ནས་ཡོང་དགོས། ཉིན་དེའི་ཕྱི་དྲོ་ཙམ་ཞིག་ལ་ཁོ་ཚོ་སླེབས་བྱུང་། དེ་ལྟར་སླེབས་པ་དང་ངའི་ཁྱོ་གས་མེ་མདའ་འཕངས་པ་དང་མི་གཉིས་ས་ལ་བསྒྱེལ་སོང་། དེ་དག་གི་ནང་ནས་གཅིག་ནི་ངའི་ཁུ་བོ་རེད་འདུག ཁོ་ནི་སྐྱེ་གཟུགས་ཡག་ཅིང་སྟོབས་ཆེ་ལ་དཔའ་ངར་ལྡན་པ་ཞིག་ཡིན་པ་ཀུན་ལ་ཡོངས་གྲགས་ཡིན། ཉིན་དེར་ཡང་གྲི་ལག་ལ་ཕྱར་ནས་མེ་མདའི་ཁར་མཆོང་ཡོང་མཁན་ཁོང་གཅིག་པུ་རེད། འོན་ཀྱང་ཡིད་སྐྱོ་བ་ཞིག་ལ་ཁོའི་མགོ་ལའང་མེ་མདས་ཕོག་ནས་ས་ལ་བསྒྱེལ་སོང་། གང་མཚམས་ཤིག་ནས་ངེད་གཉིས་ཀྱི་མེ་མདའི་ཁོག་ལ་མདེའུ་ཐོགས་ནས་མེ་མདའ་འཕེན་མ་ཐུབ། སྐབས་དེར་མི་གསུམ་དང་རྟ་གཉིས་བསད་ཅིང་འགའ་ཞིག་རྨས་མར་གྱུར་འདུག
ཁོ་ཚོར་མེ་མདའ་ཡོད་ཀྱང་། ཉིན་དེར་ཁོ་ཚོ་ཡུལ་ཚོའི་ཐོག་ལ་འགྲོ་དགོས་བྱུང་ཡོད་སྟབས། གལ་ཏེ་ཉེན་རྟོག་པས་མེ་མདའ་མཐོང་ན་འཕྲོག་འགྲོ་གི་ཡོད་པས་སྟབས་མ་ལེགས་པར་མེ་མདའི་ཁ་གཏོར་ནས་འགྲོ་དགོས་བྱུང་བ་རེད་མ་གཏོགས། ངེད་གཉིས་ཀྱང་ཉིན་དེར་ཚེ་ཕྱི་མའི་ལམ་ལ་འགྲོ་དགོས་པ་གཏན་ཁེལ་རེད། གང་ཡིན་ཞེ་ན། ཁོ་ཚོའི་ནང་གི་ངའི་ཞང་པོ་དང་ཨ་ཁུ་གཉིས་ནི་ངོ་མ་དཔའ་ངར་ལྡན་པ་ཞིག་ཡིན་པ་ངའི་ཕ་ཡུལ་ལ་ཡོངས་གྲགས་ཆགས་ཡོད། ཨ་ཞང་ནི་མི་སྤྱང་གྲུང་གཉིས་འཛོམས་ཅན་ཞིག་ཀྱང་རེད། ཉིན་དེར་ཁོས་འཁྲུག་པ་རྒྱག་རྩིས་མེད་པར་བྲོས་རྩིས་བྱེད་ཀྱིན་འདུག འོན་ཀྱང་ཁོ་ཡང་མེ་མདའི་ཁ་ནས་ཚེ་ཕྱི་མའི་ལམ་དུ་ཕེབས་དགོས་བྱུང་བ་རེད། གལ་ཏེ་ངེད་གཉིས་ཀྱི་མེ་མདར་སྐྱོན་བྱུང་མེད་ན་ཁོ་ཚོ་ཚང་མ་གསོད་རྩིས་རེད། ཡིན་ཡང་མཐར་ངེད་གཉིས་ཀྱང་བྲོས་དགོས་བྱུང་། ངེད་གཉིས་ཀྱིས་རྟ་བཞོན་ནས་བྲོས་སྐབས་ཁོ་ཚོས་རྗེས་འདེད་བྱས་པ་མ་ཟད་དེ་དུས་མེ་མདའ་ཡང་འཕངས་བྱུང་། ངེད་གཉིས་ལ་ཉེན་ཁ་ཆེན་པོ་བྱུང་ཡང་མདས་མ་ཕོག་པར་བྲོས་ཐུབ་ཙམ་བྱུང་། ངས་བཞོན་པའི་རྟ་དེ་ཁ་ཤེད་ཆེན་པོ་ཞིག་ཡིན་སྟབས་རྟ་ཁར་ཅི་ཙམ་འཐེན་ཡང་ཁ་སྐོར་མ་ཐུབ། ངས་ཕྱིར་བལྟས་ཤིག་བྱེད་སྐབས་ཁྱོ་གའི་རྟ་ནི་སྒ་སྟོང་པར་ངའི་རྗེས་སུ་རྒྱུག་ཡོང་གིན་འདུག འོན་ཀྱང་། ཁོ་ནི་མིག་གིས་མཐོང་ལམ་དུ་མི་འདུག

ད་ཕལ་ཆེར་བསད་བཞག་ཡིན་ས་རེད་བསམས་ནས་ངས་རྟ་ཁ་ཆུ་འོབ་ཞིག་ཏུ་བསྐོར་རྗེས་རྟ་གཉིས་དེར་བཏགས་ནས་ཕྱིར་ཁོ་འཚོལ་དུུ་སོང་བ་ན། ཁོ་ཤིང་སྤུང་ཞིག་གི་སར་བསྡད་འདུག་ཀྱང་། དེ་དུས་ཁོའི་ལག་པའི་ངོས་ནས་ཁྲག་ཟག་གིན་འདུག ད་ཡག་པོ་བྱུང་མི་འདུག་བསམས་ནས་མེ་མདའ་ག་བ་ཕོག་སོང་’’ཞེས་དྲིས་པར་ ‘‘ཁོས་ང་ལ་ཅི་ཡང་བྱུང་མ་སོང་ཟེར་ཡང་’’ ང་ཡིད་ཆེས་མ་སོང་། དེ་དུས་ཁོ་ཚོས་མེ་མདའ་མང་པོ་འཕངས་སོང་ཡང་ངེད་གཉིས་ཤིང་སྤུང་ཞིག་གི་རྒྱབ་ལ་ཡོད་སྟབས་ཁེལ་མ་སོང་། ངེད་གཉིས་ཀྱིས་མེ་མདའ་ཁོ་ཚོའི་ཕྱོགས་ལ་གཏད་ཚེ་ཁོ་ཚོ་ཡར་ཡོང་ཕོད་ཀྱི་མི་འདུག གང་ཡིན་ཞེ་ན་ཁོ་ཚོས་ངེད་གཉིས་ཀྱི་མེ་མདར་སྐྱོན་བྱུང་ཡོད་པ་ཤེས་ཀྱི་མེད་པས་རེད། དེ་དུས་ངའི་ཁྱོ་གའི་ལག་པར་ཁྲག་ཐོན་གྱི་ཡོད་པའི་རྒྱུ་མཚན་ངས་ཧ་གོ་བྱུང་། དེ་ནི་བཤད་སྲོལ་ཞིག་ལ་མེ་མདར་ཁྲག་བྱུགས་ན་མེ་མདས་དགྲ་བོ་གསོད་པར་ཕན་ཐོགས་ཡོད་ཚུལ་བཤད་སྲོལ་ཡོད་པ་བཞིན་ཁོས་རང་གི་ལག་པར་གྲིས་བཙུགས་ནས་མེ་མདར་ཁྲག་བྱུགས་པ་རེད་འདུག དེ་ལྟར་ཡུན་རིང་ཞིག་གི་རྗེས་སུ་ཡར་ཅུང་ཙམ་སོང་ན་ནགས་ལུང་ཆེན་པོ་ཞིག་ཡོད་པ་དེར་ངེད་གཉིས་བྲོས་ཐུབ་ཙམ་བྱུང་། མཚན་མོ་དེར་ནགས་ལུང་དེ་ནས་ཁྱིམ་ཚང་ཞིག་འཕྲད་བྱུང་བར་ཁ་ཟས་ཅུང་ཙམ་བསླངས་ནས་ས་གནས་གཞན་ཞིག་ལ་ཕྱིན་པ་ཡིན། ས་གནས་དེ་ནི་ནགས་ལུང་སྟུག་ཅིང་འགྲོ་འདུག་དབེན་ས་ཞིག་རེད། ས་ཆ་དེར་ངེད་གཉིས་ལོ་གཅིག་ཡར་མར་ལ་བསྡད་པ་ཡིན།

དྲུག

དེ་ལྟར་བསྡད་ནས་ངའི་ལུས་ལ་བྱིས་པ་ཆགས་ཏེ་ཟླ་གཉིས་ཙམ་ཕྱིན་འདུག ཟླ་གྲངས་ཚང་རྗེས་ནགས་ལུང་དེ་རུ་བྱིས་པ་བཙས། བྱིས་པ་བཙའ་རྒྱུ་ནི་དཀའ་མོ་ཞིག་རེད། ཅུང་ཙམ་མིན་ན་ང་ནགས་ལུང་དེ་རུ་ཤི་སོང་། མ་གཞི་ངེད་གཉིས་ལ་ཉམས་མྱོང་མེད་ཁར་རོགས་པ་བྱེད་མཁན་སུ་ཡང་མེད། ངས་གོ་ཐོས་ཞིག་ལ་བྱིས་པ་བཙའ་སྐབས་བྱིས་པའི་ལྟེ་ཐག་དེ་ལྟོ་བ་ནས་སོར་གཉིས་ཙམ་གྱི་མཚམས་སུ་སྐུད་པས་དམ་པོར་བསྡམས་ནས་གཅོད་དགོས་ཟེར་བ་ཞིག་གོ་མྱོང་པ་བཞིན་ལྟེ་ཐག་བཅད་པ་ཡིན། དེ་ལྟར་ནགས་ལུང་དེར་ཟླ་བ་མང་པོ་སྡོད་སྐབས་བྱིས་པ་ནི་ཉིན་རེ་བཞིན་ཆེ་རུ་འགྲོ་བ་དང་ངུ་སྐད་ཀྱང་ཆེ་རུ་འགྲོ་བཞིན་འདུག དེར་བརྟེན་ང་ཚོ་འདིར་ཡོད་པ་གཞན་གྱིས་ཤེས་པར་དོགས་ནས་གནས་གཞན་ཞིག་ལ་འགྲོ་དགོས་བྱུང་། སྐབས་དེ་དུས་ཁྱོ་ག་ནི་རི་དྭགས་རྔོན་པ་དང་ས་གནས་དེའི་ཁྱིམ་མི་དག་གི་ནང་དུ་སོང་ནས་ཉིན་ཞག་མང་པོ་ངེད་མ་བུ་གཉིས་ནགས་ལུང་དེར་ཁེར་སྡོད་བྱེད་དགོས་བྱུང་བ་སོགས་ཀྱི་དཀའ་ལས་མང་པོ་འཕྲད་ཀྱང་དཀའ་ངལ་དག་རང་གི་སེམས་སུ་ཉར་བ་ལས་ཐབས་གཞན་གང་ཡང་མ་བྱུང་། ངེད་ཅག་ནི་རྒྱ་མིའི་ཉེན་རྟོག་པའི་ཁྲིམས་དང་། དགྲ་བོ་ཚང་གི་དགྲ་ཤ་ལེན་པར་གང་སར་ངེད་གཉིས་འཚོལ་བཞིན་པའི་སྐབས་རེད། གལ་ཏེ་ངེད་གཉིས་གང་ལ་ཡོད་མེད་ཤེས་མཁན་བྱུང་ཚེ་སྒོར་ཁྲི་ཉི་ཤུའི་བྱ་དགའ་སྟེར་རྒྱུ་ཡིན་ཚུལ་སོགས་རྒྱ་ནག་གཞུང་གིས་གང་སར་བསྒྲགས་ཡོད་སྟབས་གང་ལ་འགྲོ་ནའང་སྟབས་མི་བདེ། མི་སུ་ཡིན་ལ་ཐུག་འཕྲད་བྱ་རྒྱུའང་དཀའ་ངལ་ཡོད། ཡིན་ཡང་གནས་གཞན་ཞིག་ལ་མི་སྤོ་ཐབས་མེད་བྱུང་། ས་ཆ་དེ་ནི་ཁ་ཐག་རིང་ཙམ་གྱི་འབྲོག་སྡེ་ཞིག་རེད། ཆ་རྒྱུས་མེད་པའི་ཁྱིམ་ཚང་ཞིག་ལ་བསྡད་རྒྱུ་དེ་ཙམ་གོམས་ལོབ་མེད་ཀྱང་ལམ་ཁ་འདི་ནི་ངེད་གཉིས་ལ་ལས་ཀྱིས་གནང་བའི་མི་ཚེའི་བརྒྱུད་རིམ་ཞིག་ཏུ་གྱུར། ས་ཆ་དེ་ནི་ངའི་ཁྱོ་གའི་མནའ་ཡ་ཞིག་གི་ནང་ལ་རེད། མནའ་ཡ་ཞེས་པ་ནི་ངའི་ཕ་ཡུལ་གྱི་སྐྱེས་པ་ཚོས་གྲོགས་པོ་སྒྲིག་ཚུལ་ཞིག་རེད། དེ་ནི་ཁོང་ཚོས་ཧ་ཅང་གལ་ཆེན་དང་རྩ་ཆེན་ཞིག་སྟེ་མི་ཚེ་གཅིག་ལ་སྐྱིད་སྡུག་མཉམ་གཤིབས་ཀྱི་བློ་ཐུབ་ཀྱི་གྲོགས་པོ་ཞིག་ལ་བརྩི་བཞིན་ཡོད་སྟབས་ངེད་གཉིས་དེར་བསྡད་རྒྱུ་དེའང་བློ་བདེ་བོ་ཡོད།

ས་མཐའ་འགྲིམས་ཏེ་འཚེར་སྣང་ཆེན་པོ་ཞིག་གི་ངང་སྡོད་དགོས་པའི་སྐབས་ཤིག་ལ་བྱིས་པ་ཞིག་ཉར་དགོས་པ་ལས་སླ་བོ་ཞིག་མེད་ཁར། རྒྱུན་དུ་སེམས་ཁུར་ཞིག་ཡོད་པ་ནི་ཉིན་ཞིག་ངེད་ཅག་དགྲ་བོ་ཚང་གི་ལག་ལ་ཤོར་ནས་བྱིས་པ་འདི་ངན་གསོད་ཆེན་པོ་ཞིག་བྱེད་མི་ཡོང་ངམ་བསམ་པ་དེ་རེད། ཨ་མ་ཞིག་ཡིན་ཕྱིན་རང་གི་ཤ་ལས་ཆད་པའི་བུ་ལ་བརྩེ་བ་ཡོད་པ་ནི་ཀུན་ལ་གཅིག་མཚུངས་ཡིན་ངེས་ཀྱང་། ང་ནི་དེ་དག་གི་ནང་ལས་ཀྱང་སེམས་ཁུར་ཆེས་ཆེ་ཤོས་ཤིག་ཡིན་ཟེར་ན་མ་འགྲིག་པ་གང་ཡང་མེད། བྱིས་པ་དེ་སྐྱེས་པ་ནས་བཟུང་ཉིན་གཅིག་ལའང་བློ་བདེ་པོ་ཞིག་བྱུང་མ་མྱོང་། ཉིན་ཞིག་ངའི་ཁྱོ་ག་དང་ཁོའི་གྲོགས་པོ་གཉིས་ཀྱིས་ང་ལ་ཅི་ཞིག་བཤད་འདོད་ཀྱང་བཤད་མ་ཐུབ་པར་འཚེར་སྣང་ཞིག་གིས་ཁེངས་བཞིན་ཤབ་ཤུབ་ཀྱིས་ཅིག་བཤད་འདོད་ཡོད་པ་ངས་ཤེས་པར། ངས་ཁོ་གཉིས་ལ་ “དོན་ཅི་ཞིག་ཡིན་ཡང་ཤོད་དང་ངས་མོས་མཐུན་བྱེད་ཐུབ་ངེས་ཡིན་” ཞེས་བཤད་རྗེས། ཁོ་གཉིས་ཀྱིས་ ‘‘ངེད་གཉིས་ཀྱི་མི་ཚེ་ཅི་འདྲ་ཞིག་བྱུང་མིན་བཤད་དཀའ་བས་ཉིན་ཞིག་དཀའ་ངལ་ཞིག་བྱུང་ན་སེམས་ངལ་ཆེ་ཤོས་ནི་བྱིས་པ་འདི་རེད། དེ་ལས་ད་ལྟ་ངེད་གཉིས་ཀྱིས་བྱིས་པ་འདི་ཁྱིམ་ཚང་ཞིག་ཏུ་བུ་ཚབ་ལ་སྦྱིན་བཞག་ན་ཅི་འདྲ་བྱུང་ས་རེད། ཁྱོད་ཀྱིས་བློས་གཏོང་ཐུབ་ས་ཨེ་རེད་’’ སོགས་ང་ལ་སྐད་ཆ་འདྲི་སྐབས། དོན་དེའི་སྐོར་ལ་ངས་སྔོན་ནས་བསམ་བློ་ཡང་ཡང་བཏང་མྱོང་ཡོད་སྟབས་དཀའ་ངལ་དེ་ལ་གདོང་ལེན་མི་བྱ་ཐབས་མེད་ཡིན་པས་མོས་མཐུན་མ་བྱས་རང་བྱས་རེད། དེ་དུས་བྱིས་པ་སྐྱེས་ནས་ལོ་གཅིག་ལྷག་འགྲོ་ཡི་ཡོད་དུས་མ་ངོ་ཟིན་པ་མ་ཟད་ཙོག་ཙོག་བྱས་ནས་སྡོད་ཀྱང་ཐུབ་ཀྱིན་འདུག ལས་དབང་ཞིག་གིས་ངེད་གཉིས་མ་བུར་གྱུར་ཡང་། སྟེས་དབང་ཞིག་གིས་ཁོའི་མི་ཚེ་ལ་ངས་བདག་པོ་རྒྱག་མ་ཐུབ་པ་ནི་ཨ་མ་ཞིག་གི་ལས་འགན་མ་འགྲུབ་པ་ཡིན་ཡང་བྱ་ཐབས་གཞན་མེད་པས་ཁོང་གཉིས་ཀྱིས་བཤད་པ་ལ་ངས་མོས་མཐུན་མ་བྱས་ཐབས་མེད་དུ་གྱུར། དོན་དངོས་ཁོང་གཉིས་ཀྱིས་སྔ་ས་ནས་བྱིས་པ་སྦྱིན་ས་ཡང་གྲ་སྒྲིག་བྱས་ཟིན་འདུག འོ་ན་སང་ཉིན་བྱིས་པ་སྦྱིན་རྒྱུ་ཡིན་པས་མཚན་མོ་དེ་ནི་ཇི་འདྲ་འགྲོ་དཀའ་མོ་ཞིག་རེད། ང་ནི་སྡུག་གིས་མནན་ནས་ལུས་ལས་ཆད་པའི་བུ་ཆུང་དེ་ཡང་ཡང་སྙིང་ཁར་སྦྱར་ནས་མཚན་གང་བོར་གཉིད་རྒྱུ་མ་བྱུང་། ཕྱི་ཉིན་ཁོང་གཉིས་ཀྱིས་ ‘‘བྱིས་པ་སྦྱིན་སར་འགྲོ་ཁྱོད་མ་ཡོང་ཟེར་’’ ཡང་། ང་ངེས་པར་དུ་འགྲོ་དགོས་ང་ནི་བྱིས་པའི་ཨ་མ་ཡིན་པའི་ཆ་ནས་ང་སྐྱེལ་མ་བྱེད་སར་མི་འགྲོ་བ་ག་ལ་ཡོང་ཞེས་ཨུ་ཚུགས་ཀྱིས་སྐྱེལ་མ་བྱེད་སར་སོང་། ང་ཚོ་ནགས་ལུང་ཞིག་གི་མདོར་སླེབ་དུས་ང་ཚོ་དང་ཅུང་ཁ་ཐག་རིང་ཙམ་ན་ཕོ་སར་འཕྲུལ་རྟ་ཞོན་མཁན་ཞིག་སླེབས་འདུག དེ་དུས་ངའི་ཁྱོ་གའི་མནའ་གྲོགས་ཀྱིས་ ‘‘ད་ཁྱེད་གཉིས་སུ་ཡང་ཡོང་མི་དགོས་ང་འགྲོ་ནས་སྦྱིན་ཡོང་ཟེར།’’ དེ་ནས་ཁོས་ལག་པར་བྱིས་པ་བཞག་མ་ཐག་ངུ་ངག་གི་སྐད་དེས་ས་སྟོང་དེར་ཡོད་པའི་རྩྭ་དང་རྩི་ཤིང་ཚུན་ཆད་སེམས་ལྡན་ཞིག་ཡིན་ཚེ་མྱ་ངན་གྱི་གནས་སུ་བསྐྱལ་ཡོད་ངེས། སྐབས་དེའི་ངུ་སྐད་དང་། དེ་དུས་ཀྱི་རྣམ་པ་དག་ད་ལྟའང་ངའི་ཡིད་ལ་གསལ་ལྷང་ངེར་དྲན་གྱིན་འདུག དེ་འདྲ་ཡིད་སྐྱོ་བོ་ཞིག་གི་ངང་ཁ་ཁར་བྲལ་དགོས་བྱུང་བ་མ་ཟད། ཕོ་སར་དེ་ག་འདྲ་ཞིག་ཡིན་མིན་ངོ་ཙམ་ཡང་མཐོང་མ་བྱུང་། དེ་ནི་ཕལ་ཆེར་ཁོ་ཚོས་བསམ་པར་མ་འོངས་པར་བྱིས་པ་དེ་འཚོལ་མཁན་མི་ཡོང་བའི་ཆེད་དུ་ངོ་ཤེས་མ་བཅུག་པ་རེད་འདུག

བདུན།

དེ་ལྟར་འབྲོག་ཁུལ་དེར་བསྡད་ཀྱང་ལུས་སེམས་གཉིས་ཀ་སྟོང་པ་ཞིག་ཡིན་ཁར། བྱ་བ་གང་ཞིག་བྱས་ཀྱང་ཅི་ཞིག་མ་ཚང་བ་ལྟ་བུའི་ཚོར་སྣང་ཞིག་གིས་ལུས་སེམས་གཉིས་ཅི་འདྲ་གཟིར་ཡང་དཀའ་སྡུག་ཡོད་ཚད་ཁོག་ཏུ་སྦས་ནས་གཞན་སུ་གཅིག་ལའང་བཤད་མ་མྱོང་། དེ་ནི་ངའི་ལྷན་སྐྱེས་ཀྱི་གཤིས་ཀ་ཞིག་ཡིན། མང་པོ་ཞིག་གིས་ང་ལ་བྱམས་བརྩེ་མེད་པའི་བུད་མེད་ཅིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་ཀྱང་། སེམས་ཀྱི་སྡུག་བསྔལ་ཕྱི་ལ་བསྟན་ཡང་དེ་ནི་དོན་མེད་ཅིག་ལས་གཞན་ཅི་ཡང་མཐོང་གི་མེད། ས་མཐར་འཁྱམས་ནས་འབྲོག་ཁྱིམ་སྐོར་ཞིག་ལ་རྟ་ནོར་འཚོ་གླ་བྱས་ཤིང་ལོ་མང་རིང་ལྟོ་གོས་འཚོལ་ཐབས་བྱས་ཏེ་བསྡད། སྐབས་དེ་དུས་རྟ་ནོར་འཚོ་རྒྱུ་ནི་ཆུང་དུས་ནས་གོམས་ལོབ་ཏུ་སོང་ཡོད་པའི་འཚོ་བ་ཞིག་ཡིན་ཕྱིར། དགའ་སྣང་ཞིག་ལས་དཀའ་ངལ་ཞིག་ཡིན་པའི་སྣང་བ་མེད། ཕྱིས་སུ་ངེད་གཉིས་ལྷ་སར་ཡོང་ནས་རྒྱ་མི་ཞོར་ལས་པ་ཚོ་དང་མཉམ་དུ་ས་རྡོ་སོགས་ཀྱི་ལས་ཀ་བྱེད་སྐབས་དཀའ་སྣང་དང་ཉོབ་སྣང་ཞིག་ཡོད་པ་ལས་སྤྲོ་སྣང་ཞིག་ཡེ་ནས་མ་བྱུང་། འོན་ཀྱང་ས་མཐར་ཁྱམས་ནས་འགྲོ་མཁན་ཞིག་ལ་མཚོན་ན། ས་གནས་གང་དུ་འགྲོ་ཡང་འཚོ་བ་སྐྱེལ་དགོས་ཕྱིར་རང་གི་འབད་རྩོན་ལ་མ་བརྟེན་པར་ཡོང་ཐབས་མེད་པའི་ལས་ཀ་གང་ཞིག་ལག་ཏུ་ཡོང་མིན་བལྟ་དགོས་པ་ལས་རང་གི་འདོད་བློ་དང་འཚམས་པའི་ལས་ཀ་རག་རྒྱུ་ནི་ཁག་པོ་ཞིག་རེད།

དེ་ལྟར་མི་ཕལ་ཆེར་ཞིག་གི་བསམ་ཡུལ་ལས་འདས་པའི་ཆུང་དུས་ཀྱི་མངར་སྐྱུར་ཁ་གསུམ་གྱི་འབྲོག་མོའི་ལས་དབང་ལ་གདོང་གཏད་ཅིང་། འདི་ནས་ཡུལ་ལུང་དང་གོམས་གཤིས་མི་གཅིག་པའི་སྐྱིད་སྡུག་གཞན་ཞིག་གི་དབུ་ཁྱུད་འབྲི་དགོས་ཐུག

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།