རྒྱན་འཛུགས། (The Bet) ཨེན་ཀྲོན་ཅེ་ཁོབ། Anton Chekhov

ལོ་རིམ་བདུན་པའི་སློབ་གཉེར་བ། བློ་གྲོས་མཐའ་ཡས།

དང་པོ།

སྟོན་ཁའི་མཚན་མོ་ཞིག་ལ་རེད། བར་ཁེ་བ་ཟུར་པ་ཞིག་རང་གི་ཁང་པའི་ནང་དུ་གོམ་སྟབས་འཁྱར་འཁྱོར་སྤོ་བཞིན། ཁོའི་ཡིད་ལ་ལོ་བཅོ་ལྔའི་སྔོན་གྱི་སྟོན་ཁར་མགྲོན་པོ་སྡེ་ཚན་ཞིག་ལ་སྟོན་མོ་ཞིག་བཀོད་སྒྲིག་བྱས་པ་དེ་འཁོར་བཞིན་འདུག དེ་ཡང་སྐབས་དེ་དུས་ཀྱི་སྟོན་མོར་འཛོམས་པའི་མི་སྣ་ཀུན་གྲུང་པོ་ཤ་སྟག་ཡིན་ཙང་། བློ་མགུ་ནུས་པའི་བསམ་ཚུལ་བརྗེ་ལེན་མང་པོ་བྱས་མཐར། སྲོག་ཐོག་ཉེས་ཆད་སྐོར་ལ་ཡང་གླེང་མོལ་བྱུང། མཁས་དབང་ཕལ་མོ་ཆེས་སྲོག་ཐོག་ཉེས་ཆད་ངོས་ལེན་གནང་མེད་ཅིང། ཉེས་ཆད་དེ་སྤྱི་ཚོགས་རྙིང་པའི་སྲོལ་ཞིག་ཏུ་ངོས་འཛིན་བྱས། ལ་ལས་སྲོག་ཐོག་ཉེས་ཆད་རྩ་མེད་དུ་བཏང་ནས་ཚབ་ཏུ་ཚེ་བཙོན་ལ་འཇོག་དགོས་པའི་བསམ་འཆར་གླེང་སྐབས། བར་ཁེ་བས། “ང་ནི་མོས་མཐུན་མེད། དེ་སྔོན་ཉེས་ཆད་ཕོག་མྱོང་མེད་པས་རྒྱུས་མངའ་མེད་ཀྱང། གལ་གནད་ཆེ་ཆུང་ལ་བལྟས་ན་སྲོག་ཐོག་ཉེས་ཆད་ཆེས་འོས་པར་མཐོང་། སྲོག་ཐོག་ཉེས་ཆད་ཀྱིས་སྐད་ཅིག་གཅིག་ལ་རྫོགས་ཚིག་འགོད་པ་དང་། ཚེ་བཙོན་གྱིས་སྐར་ཆ་རེ་རེ་བཞིན་ཉམས་རྒུད་གཏོང་བ་གཉིས་བསྡུར་ན། ཕྱི་མ་དེ་སྡུག་ཤོས་མ་རེད་དམ་” ཞེས་དྲིས་པར། “གཉིས་ཀ་ཚུལ་མིན་རེད། ཚེ་སྲོག་འཕྲོག་པའི་དགོས་པ་མཚུངས།” མཁས་དབང་ཞིག་གིས་དེ་ལྟར་བཤད། “ཚེ་སྲོག་སྤྲོད་མ་ཐུབ་ན་ཚེ་སྲོག་འཕྲོག་པའི་ཐོབ་ཐང་ཡང་མེད།” དེ་དུས་ཁྲིམས་རྩོད་པ་ལོ་ཉི་ཤུ་རྩ་ལྔ་ཡས་མས་ཙམ་ཞིག་གིས། “གཉིས་ཀ་ཚུལ་མིན་ཡིན་པ་མཚུངས་མོད། ང་ལ་གདམ་ཁ་སྤྲད་ན་ཕྱི་མ་དེ་གདམ་ཆོག ཚེ་སྲོག་རྩ་བ་ནས་དོར་བ་ལས་གསོན་པོར་གནས་ཐུབ་ན་ཡག་གི་” སྨྲས་པས།དེ་དུས་བར་ཁེ་བ་ལོ་ན་གཞོན་པའི་སྟབས་ཀྱིས་གློ་བུར་དུ་ཁོང་ཁྲོ་ལངས་ཤིང་། ཅོག་ཙེའི་སྟེང་ཁུ་ཚུར་གཞུས། ཁྲིམས་རྩོད་པའི་ཕྱོགས་ལ་ཁ་སྐོར་ནས། “འདི་རྫུན་རེད། སྒོར་ས་ཡ་གཉིས་རྒྱན་འཛུགས་ཆོག ལོ་ལྔ་ཡང་སྡོད་མི་ཐུབ།” ཅེས་བརྗོད་སྐབས། ཁྲིམས་རྩོད་པས། “ལོ་ལྔ་མ་ཚད་ལོ་བཅོ་ལྔ་ཡང་སྡོད་ཐུབ།” ཅེས་ལན་བཏབ། “བཅོ་ལྔ། འགྲིག་གི ངས་སྒོར་ས་ཡ་གཉིས་སྟེར་ཆོག ཁྱེད་ཀྱིས་སྒོར་ས་ཡ་གཉིས་སྟེར་ཐུབ་ན། ངའི་རང་དབང་བློས་གཏོང་ཐུབ།” ཅེས་ཁྱད་མཚར་གྱི་རྒྱན་འཛུགས་ཤིག་གཏན་འབེེབས་བྱུང། དེ་དུས་བར་ཁེ་བས་རྒྱུ་ནོར་ཆུད་གཟོན་དུ་བཏང་ཡང་འདང་ངེས་ཡོད་པའི་སྐབས་ཡིན་པས། དགའ་བདེ་ཆེན་པོའི་ངང་འཚོ་བ་རོལ་བཞིན་ཡོད། དགོང་ཟས་ལ་རོལ་བཞིན་པའི་སྐབས་བར་ཁེ་བས་ཀྱལ་ཀའི་ཚུལ་དུ་ “ང་ལ་མཚོན་ན་སྒོར་ས་ཡ་གཉིས་གལ་ཆེན་གང་ཡང་མ་རེད། ཡིན་ནའང་། ཁྱེད་ལ་མཚོན་ན་མི་ཚེའི་ཆེས་བཟང་བའི་དུས་ཚོད་འདི་བཙོན་ལ་ཟད་འགྲོ། ད་ལྟ་གོ་སྐབས་ཡོད་དུས་དམ་འཛིན་གྱིས། གོ་སྐབས་ཚར་སོང་ན་དོན་དག་ཚར་སོང་བ་རེད།” ཅེས་ལྟར་ལབ།

གཉིས་པ།

བར་ཁེ་བས་ཕར་ཚུར་གོམ་པ་སྤོ་བཞིན་སྔར་གྱི་བྱུང་བ་དེ་དག་བློ་ངོར་གསལ་ལེར་ཤར་བས། རང་གིས་རང་ལ་འདི་ལྟར་འདྲི་རྩོད་བྱེད། “གོ་རྒྱུ་ཚོར་རྒྱུ་མེད་པའི་རྒྱན་འཛུགས་འདིའི་དམིགས་ཡུལ་ཅི་ཞིག་ཡིན་ནམ། དགེ་མཚན་ཅི་ཞིག་ཡོད། ཁྲིམས་རྩོད་པའི་མི་ཚེའི་ལོ་བཅོ་ལྔ་ཟད་ཅིང་། ངས་སྒོར་ས་ཡ་གཉིས་བློས་བཏང་བས། སྲོག་ཐོག་ཉེས་ཆད་ལས་ཚེ་བཙོན་ཡག་སྡུག་གང་ཡིན་ར་སྤྲོད་ཐུབ་བམ། ནམ་ཡང་མི་ཐུབ། ལས་དོན་འདི་བེད་སྤྱོད་མེད་པའི་དངོས་ཟོག་དང་འདྲ། ང་ནི་བག་མེད་ཀྱི་ལོངས་སྤྱོད་དང་ཁྱད་མཚར་པོའི་བསམ་བློས་མྱོས་ཤིང་། ཁྲིམས་རྩོད་པ་ནི་གཞན་གྱི་རྒྱུ་ལ་འདོད་རྔམ་ཆེ་བས་ལན་པ་རེད།” ཟེར།

གསུམ་པ།

ད་དུང་ཡང་ཕྱི་དྲོའི་སྟོན་མོའི་རྗེས་ཀྱི་བརྒྱུད་རིམ་ཐམས་ཅད་ཡིད་ལ་འཁོར་ཏེ། དེ་ཡང་ཞིབ་རྟོག་ནན་མོའི་འོག་ལོ་ངོ་བཅོ་ལྔའི་རིང་ལ་མི་སུ་དང་ཡང་ཐུག་མི་ཆོག་པ་མ་ཟད། བཙོན་པ་རང་ཉིད་ཀྱང་བཙོན་ཁང་གི་སྒོ་ཐེམ་མཚམས་ལས་འདས་མི་ཆོག ཕྲིན་ཡིག་དང་ཚགས་པར་རིགས་གང་ཡང་ལེན་མི་ཆོག། འོན་ཀྱང་རོལ་ཆའི་རིགས་ཉར་ཆོག་ལ། དེབ་བཀླག་ཡ་དང་ཕྲིན་ཡིག་ཕྱིར་ལ་སྐུར་ཆོག དེ་བཞིན་ཐ་མག་དང་ཆང་རག་ལོངས་སུ་སྤྱོད་ཆོག དེབ་དང་རོལ་ཆ། ཆང་རག་སོགས་དགོས་མཁོ་དང་བསྟུན་ཏེ་ཡིག་ཐོག་ནས་མངགས་ཆོག ཅ་ལག་དེ་དག་ལེན་སའི་སྒེའུ་ཁུང་ཆུང་ངུ་ཞིག་ཀྱང་ཡོད། དེ་ལྟར་ཆོག་དང་མི་ཆོག་གི་ཞིབ་ཕྲ་བཀོད་དེ་ལོ་ངོ་བཅོ་ལྔའི་རིང་བཙོན་དུ་དམ་བསྒྲགས་ནན་པོ་ངང་སྡོད་དགོས་པ་དང། གལ་སྲིད་ལོ་བཅོ་ལྔའི་བཙོན་ཡུན་ཚང་བ་ལ་གོང་དུ་བཤད་མ་ཐག་པའི་ཆ་རྐྱེན་ལྟར་སྐར་མ་གཉིས་ཙམ་དང་འགལ་ནའང་སྒོར་ས་ཡ་གཉིས་རྩིས་མེད་གཏོང་རྒྱུའི་གཏན་ཁེལ་བྱས་ཏེ་ཁྲིམས་རྩོད་པ་དེ་བཙོན་ལ་བཅུག་པ་རེད། བཙོན་ཁང་ནི་བར་ཁེ་བའི་ལྡུམ་རར་ཡོད་པའི་ཁང་པ་ཁེར་རྐྱང་དེ་རེད།

ཁྲིམས་རྩོད་པ་ཁོང་གི་ཉིན་ཐོ་ལ་བལྟས་ན་བཙོན་ལ་ལོ་དང་པོར་སུན་སྣང་དང་ཁྱེར་རྐྱང་གི་སྣང་བ་དབང་མེད་དུ་སྐྱེས་པ་རྟོགས་ཐུབ། ལོ་དེར་བཙོན་ཁང་ནས་ཉིན་མཚན་མེད་པར་གླིང་བུའི་སྒྲ་ཐོས་ཀྱི་ཡོད། ཆང་རག་དང་ཐ་མག་ཀྱང་མི་འཐུང་ཟེར་ནས་ཁོས་འཕྲིན་ཡིག་འདི་ལྟར་བསྐུར། “ཆང་གིས་འདོད་པ་འཕེལ་ཞིང་འདོད་ཆགས་ནི་བཙོན་པའི་དགྲ་ཟླ་ཆེ་ཤོས་རེད་འདུག ལྷག་པར་རང་ཉིད་གཅིག་པུར་ཆང་རག་འཐུང་བ་ལས་ཉོབ་ཏོ་ཚ་བ་ཅིའང་མེད། ཐ་མག་གི་དུ་བས་ནི་ཁང་པའི་ནང་གི་མཁའ་རླུང་བཙོག་གྲིབ་ཤོར་བར་བྱེད་”ཟེར། ལོ་འདིར་ཕོ་མོའི་མཛའ་འབྲེལ། ཁྲིམས་འགལ། རྟོག་སྒྲུང་སོགས་བཀླགས་ཏེ་དུས་ཚོད་བསྐྱལ། ལོ་གཉིས་པར། གླིང་བུའི་སྒྲ་ཡང་ཡལ། དེབ་ཀྱང་སྔ་རབས་ཀྱི་དེབ་ཚད་ལྡན་དང་ཁུངས་དག་མ་གཏོགས་ཁས་ལེན་མ་བྱས། ལོ་ལྔ་པར་གླིང་བུ་ཡང་བུས། ཆང་ཡང་བཏུངས། ཁོང་ལ་ལྟ་རྟོག་བྱེད་མཁན་ཚོས་བཤད་པ་ལྟར་ན། ལོ་དེར་ཁོས་བཟའ་བཏུང་ཉལ་གསུམ་ལས་གཞན་གང་ཡང་མ་བྱས་ཟེར། ཨ་སྟོང་རྒྱག་བཞིན་རང་ཉིད་ཀྱིས་རང་ཉིད་ལ་ཁོང་ཁྲོ་ལངས་ཏེ་དམོད་པ་བོར། དེབ་ཀྱང་མ་བཀླགས་པར་མཚན་མོར་མཚམས་མཚམས་རྐུབ་སྟེགས་སྟེང་བསྡད་ནས་རྩོམ་པའི་ལས་ལ་འཇུག དེ་ལྟར་མཚན་གང་རྩོམ་ཡིག་བྲིས་ཏེ་སྔ་དྲོའི་ཆར་རྩོམ་ཡིག་ཐམས་ཅད་དབྲལ་ནས་ནམ་མཁར་གཏོར་ཏེ་ངུ་བཞིན་པ་མཐོང། ལོ་དྲུག་པར་སྐད་རིགས་དང་། གཞུང་ཆེན། ལོ་རྒྱུས་སོགས་ལ་འབད་བརྩོན་བྱས་པས། ལོ་དེར་བར་ཁེ་བས་དཔེ་དེབ་དུས་ཐོག་ཏུ་སྤྲོད་མ་ཐུབ་པའི་དཀའ་ངལ་ཡང་བྱུང་ཡོད། ལོ་བཞིའི་ནང་ཁོས་དེབ་མི་འདྲ་བ་ ༦༠༠ ལྷག་ཙམ་བཀླགས། དུས་དེའི་མཚམས་སུ་བཙོན་ཁང་ནས་བར་ཁེ་བ་ལ་འཕྲིན་ཡིག་ཅིག་འདི་ལྟར་འབྱོར། “ངའི་བརྩེ་བའི་བྱ་ར་བའི་དྲུང་དུ། ངས་ཕྲིན་ཡིག་འདི་སྐད་རིགས་མི་འདྲ་བ་དྲུག་གི་སྟེང་ནས་འབྲི་བཞིན་ཡོད། ཞིབ་བཤེར་གྱི་དོན་དུ་མཁས་དབང་རྣམ་པར་སྤྲོད་རོགས། ཁོང་ཚོས་ནོར་བ་ཆུང་ངུ་ཞིག་ཀྱང་མ་མཐོང་ན། གནམ་ལ་མེ་འདའ་ཞིག་རྒྱག་རོགས། སྒྲ་དེ་གྲགས་ན་ངའི་འབད་བརྩོན་ངལ་བ་འབྲས་མེད་མིན་པར་རྟོགས་ཐུབ། སྔོན་གྱི་ལུང་པ་སོ་སོའི་མཁས་པ་རྣམ་པས་སྐད་རིགས་མི་འདྲ་བ་བཤད་མོད། ཤེས་བྱའི་སླད་དུ་འདུན་པའི་མེ་ལྕེ་འབར་བ་གཅིག་མཚུངས་ཡིན། ད་རེས་ངས་ཁོང་རྣམ་པའི་དགོངས་པ་ཤེས་རྟོགས་བྱུང་བས་དགའ་བ་ཚད་མེད་བྱུང་།” ཞེས་བྲིས་འདུག མེ་མདའི་སྒྲ་ཚར་གཉིས་གྲགས་བྱུང་། དེས་ཁྲིམས་རྩོད་པའི་རེ་འདུན་གྲུབ་པར་བྱེད་པ་འདྲ།

ལོ་བཅུ་པའི་མཇུག་མཚམས་སུ་གཡོ་འགུལ་མེད་པར་ཅོག་ཙེའི་མདུན་དུ་འཁོད་དེ་སེམས་ཁམས་དང་འབྲེལ་བའི་དེབ་མ་གཏོགས་གཞན་གང་ཡང་མི་ཀློག དེ་སྔ་ལོ་བཞིའི་ནང་དེབ་ ༦༠༠ ལྷག་ཙམ་བཀླགས་མོད། ད་ལྟ་ལོ་གཅིག་ལ་དེབ་གཅིག་ལས་ཀློག་གི་མེད་པས། བར་ཁེ་བ་ཡང་ཅི་ཡིན་ཆ་མི་འཚལ་བར་མགོ་འཐོམ་མེར་ལུས། མཐའ་མའི་ལོ་གཉིས་ལ་རང་བྱུང་ཚན་རིག། ཤེག་སི་ཕི་ཡར་གྱི་བརྩམས་ཆོས། རྫས་སྦྱོར་བསྟན་བཅོས། སྨན། གྲུབ་མཐའ། ཆོས་ལུགས་རིག་པ་སོགས་ངེས་མེད་ཀྱི་དེབ་ཀློག་གི་ཡོད། དེ་ཡང་རྒྱ་མཚོར་གྲུ་ཆག་གྲུམ་ཤོར་ཏེ་འགྲུལ་པ་རྣམས་ཆུར་བྱིང་བ་ལས་ཐར་བར་འདོད་ཀྱིས་མཚོ་གྲུའི་ཆ་ཤས་རེ་རེ་ནས་འཇུས་ཤིང་སྙིང་རུས་ཀྱིས་ཆུ་རྐྱལ་རྒྱག་པ་ལྟར་དཔེ་དེབ་ཀློག་པར་མཐོང་།

བཞི་པ།

དེ་དག་ཐམས་ཅད་ཕྱིར་དྲན་ཞིག་བྱས་རྗེས་བར་ཁེ་བས། “སང་ཉིན་ཆུ་ཚོད་བཅུ་གཉིས་ལ་ཁོང་བཙོན་ལས་གྲོལ་སྟེ་རང་དབང་ཐོབ་རྒྱུ་ཡིན་ཞིང་། རྒྱན་འཛུགས་བྱས་པ་ལྟར་སྒོར་ས་ཡ་གཉིས་ཀྱང་སྤྲོད་དགོས། ད་ནི་ངའི་འཚོ་བ་རྩ་བ་ནས་བརླགས་སོང་།” ཞེས་སེམས་ཚབ་ཚུབ་ཏུ་གྱུར། ལོ་བཅོ་ལྔའི་སྔོན་གྱི་བར་ཁེ་བ་ནི་སྒོར་ཐེར་འབུམ་གྱི་བདག་པོ་ཡིན་ཀྱང་། ད་ནི་ཁོང་ཉོ་ཚོང་གི་རྒྱན་འཛུགས་དང་ཚོད་དཔག་གི་ལས་ཀ་དོན་མེད་སོགས་ལ་བརྟེན་ད་ཆ་མ་རྩ་ལས་བུ་ལོན་མང་ཞིང་ཚོང་ལས་ལ་ཉམས་རྒུད་ཆེན་པོ་བྱུང་། སྔོན་དུས་འཇིགས་སྣང་མེད་པར་རང་གིས་རང་ལ་བློ་གཏད་ཐུབ་པས་སྤོབས་པ་དང་ལྡན་པའི་བར་ཁེ་བ་ནི་ད་ཆ་ཚོང་པ་དཀྱུས་མ་ཞིག་ཏུ་གྱུར། བར་ཁེ་བས་འདི་ལྟར་བསམས། “ཞེན་པ་ལོག་པའི་རྒྱན་འཛུགས་དེ་འདྲ། ཁོ་ཤི་སོང་ན་ཅི་མ་རུང། ད་ལྟ་ཁྲིམས་རྩོད་པ་ཁོ་ལོ་བཞི་བཅུ་གཞི་ནས་རེད། ཁོས་ངའི་རྒྱུ་ནོར་བླངས་ཏེ་ཆང་ས་བརྒྱབ་ནས་བདེ་སྐྱིད་ལ་རོལ་བའི་སྐབས། ང་ནི་སློང་མོ་བ་བཞིན་མིག་ཅེ་རེར་བལྟས་ནས་ལུས་འགྲོ་ངེས་རེད། གཞན་ཡང་ཁོས་ང་ལ། “ང་འབྱོར་ལྡན་དུ་གྱུར་པ་ནི་ཁྱེད་ཀྱིས་བཀའ་དྲིན་ཡིན། ངས་ཁྱེད་ལ་རོགས་པ་བྱེད་ཆོག” ཅེས་འདི་ལྟར་བཤད་སྲིེད། བར་ཁེ་བས་ཨ་ཙི་དེ་འདྲ་འགྲིག་གི་མི་འདུག ངས་ཁོང་གི་ལུས་དང་རྣམ་ཤེས་ཁ་བྲལ་གཏོང་བ་ལས་ཐབས་གཞན་མི་འདུག” ཞོགས་པའི་ཆུ་ཚོད་གསུམ་པ་ཟིན་ཙམ་ལ་རེད། ཁྱིམ་མཚེས་ཚང་མ་གཉིད་དུ་ཤོར་ཡོད། སྒེའུ་ཁུང་ཕྱི་ལོགས་ལ་རླུང་བུ་དལ་མོས་བསྐྱོད་པའི་ཤིང་གི་ཚག་སྒྲ་ཙམ་མ་གཏོགས་འཇམ་ཐིང་ངེར་གྱུར་པའི་སྐབས། བར་ཁེ་བས་སྟོད་གོས་ཀྱི་ཁུག་མའི་ནང་བཙོན་ཁང་གི་ལྡེ་མིག་བཅུག ཁང་པའི་ནང་ནས་ཁུ་སིམ་མེར་ཐོན་ཞིང་ལྡུམ་རའི་ཕྱོགས་སུ་ཆས། ལྡུམ་རའི་ཁོར་ཡུག་ནི་ནག་᫙ᨕᨵ་᫙ᨕᨵ་ཏུ་གྱུར་ཅིང་གྲང་ངར་གྱིས་ཡོངས་སུ་ཁྱབ། སྦྲང་ཆར་ཡང་སིམ་སིམ་དུ་བབས། ལྗོན་ཤིང་རྣམས་རླུང་བུའི་རྒྱུ་ཕྱོགས་དང་བསྟུན་ཏེ་དབང་མེད་དུ་ལྡེམ་ལྡེམ་གཡོ་བཞིན་མཆིས། དེའི་འོག་ནས་ཁོས་“སྒོ་སྲུང་པ་ཡོད་དམ་”ཞེས་སྐད་བཏང་། ཡིན་ནའང་ལན་གང་ཡང་མ་བྱུང་། གནམ་གཤིས་གྲང་བས་སྒོ་སྲུང་བ་གཉིད་ལ་ཤོར་བ་འདྲ། བར་ཁེ་བས། “ངས་ཁྲིམས་རྩོད་པ་གསོད་ཐུབ་ན། མི་ཚོས་སྒོ་སྲུང་པ་ལ་སྐྱོན་འཛུགས་བྱེད་སྲིད་པ་རེད་” བསམས་ཏེ་མུན་ནག་ཁྲོད་དུ་རྐང་པས་སྐས་འཛེག་འཚོལ་གྱིན་བཙོན་ཁང་དུ་ཕྱིན་ཏེ་ཙག་སྒྲ་སྤར་ནས་བལྟས་པས། ཁང་པའི་ཟུར་དུ་མལ་ཁེབས་མེད་པའི་ཉལ་ཁྲི་སྟོང་པ་ཞིག་མཐོང་། ལྕགས་ཐབ་རྙིང་པ་ཞིག་ཀྱང་རབ་རིབ་ཏུ་གསལ། བཙོན་ཁང་གི་སྒོར་བརྒྱབས་པའི་བཀག་རྒྱའི་ཐམ་ཀ་དེ་ཡང་ད་དུང་རང་འཇགས་སུ་ཡོད་པར་མཐོང་།

དེ་ཙམ་ཞིག་ལ་ཙག་སྒྲའི་མེ་ཤི་སོང་བས། བར་ཁེ་བའི་གཟུགས་པོ་འདར་བཞིན་སྒེའུ་ཁུང་ནས་བཙོན་ཁང་ནང་ཡིབ་བལྟ་བྱས་པས། གསལ་ལ་མི་གསལ་བའི་ཡང་ལཱའི་འོད་མདངས་འཕྲོ་བཞིན་པའི་ཁྲོད་དུ། ཁྲིམས་རྩོད་པ་རྐུབ་སྟེགས་སྟེང་དུ་སྡོད་པར་མཐོང་། ཡིན་ནའང་ཁོའི་སྒལ་པ་དང་སྐྲ། ལག་པ་ཙམ་ལས་ངོ་གདོང་སོགས་གསལ་པོར་མི་སྣང་། གཞན་ཡང་དེབ་མང་པོ་ཞིག་ཅོག་ཙེ་དང་རྐུབ་སྟེགས་རུམ་གདན་བཅས་ཀྱི་སྒང་ལ་ཁ་ཕྱེས་ནས་བཀྲམ་ཡོད་པ་མངོན། སྐར་མ་ལྔ་ལྷག་ཙམ་སོང་ནའང་ཁྲིམས་རྩོད་པ་ད་དུང་ཡང་གཡོ་འགུལ་ཙམ་ཡང་མི་འདུག ལོ་བཅོ་ལྔའི་བཙོན་འཇུག་གིས་གཡོ་མེད་ཀྱི་འདུག་སྟངས་ལ་གོམས་ཟིན་པ་འདྲ། མཛུབ་མོས་སྒེའུ་ཁུང་ལ་ “ཐག་ཐག” ་བརྡུངས་སོང་། ད་དུང་ཡང་ལན་འདེབས་གང་ཡང་མ་བྱུང། དེ་ནས་བར་ཁེ་བས་དོགས་ཟོན་ངང་ཐམ་ཀའི་དམ་ཁ་བཀྲོལ་ནས་སྒོ་ལྕགས་ཕྱེ་སྐབས། སྒོ་ལྕགས་བཙའ་རྒྱག་ཡོད་པས་ “ཐྲིག་ཐྲིག” ཅེས་གཙེར་སྒྲ་ཆེན་པོ་གྲགས། དེས་བཙོན་པ་ཧོན་ཐོར་བར་དོགས་ནས་ཁོ་ལ་ཞེད་སྣང་བསླངས་མོད། ད་དུང་ལན་འདེབས་ཅི་ཡང་མ་བྱུང་། དེ་ནས་བར་ཁེ་བས་བཙོན་པའི་ཤག་ལ་འཛུལ་ནས་བལྟས་པས། ཤ་དང་པགས་པ་ཅུང་ཟད་ལས་མེད་པའི་རུས་ཀྲང་གི་མགོ་ལ་སྐྲ་སུ་ལུ་རིང་ཞིང་། ཁ་ལ་སྤུ་ཞོལ་ཞོལ་གྱིས་ཁེབས་པ། ངོ་གདོང་ནི་ཐལ་མདོག་ཇི་བཞིན་སྐྱ་ཐིང་ངེར་གྱུར་འདུག འགྲམ་པ་ནང་དུ་བརྡིབས་ཤིང་སྒལ་པ་རིང་ལ་ཕྲ་བ། སྐྲ་སུ་ལུ་ཅན་གྱི་མགོ་བོ་སྙེ་སའི་ལག་པའང་ཤིན་ཏུ་རིད་ཅིང་སྐམ་པས་མཐོང་བ་ཙམ་གྱིས་དབང་མེད་དུ་ན་ཟུག་ཅིག་བྱིན་འོང། སྐྲ་ནི་དངུལ་མདོག་བཞིན་དུ་གྱུར་འདུག་པས་ཕོ་ལོ་བཞི་བཅུ་ཡིན་པར་སུས་ཀྱང་ཡིད་ཆེས་པར་དཀའ། ཁོའི་ཁ་སྦུབ་ནས་མགོ་བོ་སྙེ་སའི་ཅོག་ཙེ་སྟེང་གི་ཤོག་བུ་ལ་ཡི་གེ་ཞིག་བྲིས་འདུག

བར་ཁེ་བའི་བསམ་པར། “མི་ངན་འདི། སྒོར་མོ་ས་ཡ་མང་པོ་རྨི་བཞིན་ཡོད་ལས་ཆེ། ཤི་མ་གསོན་གྱི་ཕུང་པོ་འདི་ཉལ་ཁྲིར་བཞག་ནས། སྔས་མགོས་དབུགས་སུབ་བཏང་ན་ཡུད་ཙམ་ལ་ཚར་ངེས། ཤི་བའི་རྗེས་ཞིབ་དཔྱོད་ག་ཚད་ནན་མོ་བྱས་ནའང་རང་བཞིན་གྱིས་ཤི་བ་ལས། ཁྲག་སྦྱོར་བྱས་ཏེ་བསད་པ་སུས་རྟོགས་ཐུབ་བམ།” དེ་ལས་སྔོན་ལ་ཁོས་བྲིས་པའི་ཡི་གེ་འདི་བཀླག་གི་ཡིན་བསམས་ཏེ་ཅོག་ཙེ་སྟེང་ནས་ཤོག་བུ་ལག་པར་བླངས་ཏེ་འདི་ལྟར་བཀླགས། “སང་ཉིན་མཚན་གུང་ཆུ་ཚོད་བཅུ་གཉིས་ཐོག ང་ལ་སླར་ཡང་རང་དབང་དང་མི་གཞན་ལ་འབྲེལ་འདྲིས་བྱེད་ཆོག་པའི་ཐོབ་ཐང་རག་གི་རེད། འོན་ཀྱང་རང་ཉིད་བཙོན་ཁང་འདི་ནས་ཐོན་ཞིང་ཉི་འོད་དཀར་པོ་མ་མཐོང་སྔོན་དུ་ཁྱེད་ལ་ཚིག་འགའ་ཞིག་བཤད་དགོས་པར་གནད་འགག་མཐོང་། དེ་ཡང་ཁྱེད་ཀྱིས་སྤྲད་པའི་དེབ་དེ་དག་གི་ནང་ལ་འཇིག་རྟེན་གྱི་བདེ་སྐྱིད་དུ་འབོད་པའི་རང་དབང་དང་འཚོ་བ་བདེ་ཐང་རྣམས་ལ་ཧ་ཅང་ཞེ་ལོག་སྐྱེས་བྱུང།” “ངས་ལོ་བཅོ་ལྔའི་རིང་ཧུར་ཐག་བྱས་ནས་དེབ་བཀླགས་པ་ཡིན། དོན་དངོས་སུ་ལོ་དེ་དག་གི་རིང་ཕྱིའི་འཛམ་གླིང་དང་མི་རྣམས་མཐོང་ཡང་། ཁྱེད་ཀྱི་དཔེ་དེབ་ཀྱི་ཀློང་དུ་དྲི་ངད་ཐུལ་བའི་ཆང་རག་བཏུངས་། གླུ་བླངས། ནགས་ཚལ་དུ་ཤྭ་བ་དང་རི་ཕག་སོགས་རྔོན། བུད་མེད་དང་དགའ་རོགས་བསྒྲིགས་ཏེ་བརྩེ་ཞིང་དགའ་མགུར་སྤྱད། སྙན་ངག་པའི་རྩོལ་བས་བསྐྲུན་པའི་ལྷའི་བུ་མོ་མཚན་མོར་ངའི་ཐད་དུ་འཕུར་བཞིན་རྣ་བའི་བུ་གར་སྒྲུང་གཏམ་སྙན་མོ་ཤབ་ཤུབ་ཏུ་བཤད་པས་ང་མྱོས་པར་གྱུར། དེ་བཞིན་ལྡེམ་ལྡེམ་གཡོ་བཞིན་པའི་ཤོག་བུར་ལག་པས་རེག་པས་བདེ་བ་ཚད་ལས་འདས་པ་མྱངས་། གཞན་ཡང་ཁྱེད་ཀྱི་དེབ་ཏུ་རི་བོ་མཐོན་པོ་ (Alborz Mountain) དང་། རི་བོ་དཀར་པོ་ (Mont Blanc) བྱ་བའི་རི་རྩེར་འཛེགས། རི་དེ་ནས་ཞོགས་པར་ཉི་གཞོན་ཤར། དགོང་མོར་ནམ་མཁའ་དང་རྒྱ་མཚོ་རི་སྐེད་ཐམས་ཅད་སྐྱ་ཐིང་ངེར་གྱུར་བར་བལྟས་མྱོང་། མ་ཟད་སྟེང་གི་བར་སྣང་ནས་གློག་དམར་ལམ་ལམ་དུ་འཁྱུག་ཅིང་སྤྲིན་པ་དུམ་བུར་གཏོང་བ་ཡང་མཐོང་། གཞན་ཡང་སྔོ་ལྗངས་ཀྱི་ནགས་ཚལ་དང་ཡངས་ཤིང་མཛེས་པའི་ཞིང་ཁར་དལ་གྱིས་བབས་པའི་ཆུ་བོ། སྔོ་ཐིང་ངེར་འཁྱིལ་བའི་མཚེའུ། ཁྲ་ཆེམ་མེར་ཆགས་པའི་གྲོང་ཁྱེར་བཅས་མིག་ལམ་དུ་མངོན་བྱུང་། དེ་བས་ཀྱང་ཆེས་ངོམས་རིན་དུ་གྱུར་པ་ནི་ཁྱེད་ཀྱི་དེབ་ཏུ་རང་ཉིད་དཔའ་བོ་ཞིག་ཏུ་གྱུར་ཞིང་རྫུ་འཕྲུལ་གྱིས་གྲོང་ཁྱེར་ཐམས་ཅད་མེ་རུ་བསྲེགས། ཆོས་དང་རིགས་གཞུང་གསར་པ་བཙུགས་ཏེ་འཛམ་གླིང་ཧྲིལ་པོ་ངའི་དབང་འོག་ཏུ་ཚུད།’’

“དེབ་དེ་དག་གིས་དུས་རབས་དུ་མ་བརྒྱུད་ནས་བསགས་པའི་མིའི་བསམ་ཚུལ་ཡོངས་རྫོགས་ངའི་ཀླད་པར་བཅུག་སྟེ་ང་བློ་གྲོས་དང་ལྡན་པར་བྱས་པས། ཁྱེད་ཚོ་དང་བསྔུར་ན་ང་སྤྱང་པོ་ཡིན་པ་གོར་མ་ཆག” “འོན་ཀྱང་། དོན་དངོས་སུ་དེབ་དེ་དག་ལ་ཞེན་པ་གཏིང་ནས་ལོག་བྱུང་། གནས་སྐབས་ཀྱི་སྤྲོ་སྐྱིད་ལའང་སུན་སྣང་སྐྱེས་ཡོང་ཞིང་དེ་དག་ཐམས་ཅད་སྨིག་སྒྱུ་ཇི་བཞིན་སྙིང་པོས་སྟོང་ལ་རང་ཚུགས་མི་ཐུབ་པས་མི་བརྟན་པ་འཆར་སྣང་འབའ་ཞིག་ཡིན་པར་རྟོགས། ཁྱེད་རང་ཅི་འདྲའི་གཟི་བརྗིད་ཆེ་ཞིང་རྣམ་དཔྱོད་ལྡན་ལ་ཡིད་དུ་འོང་བ་ཞིག་ཡིན་རུང་། ནམ་ཞིག་མི་ཡུལ་འདི་ནས་འཆི་བདག་གིས་རྩ་མེད་དུ་བཏང་སྟེ། ཁྱེད་ཀྱི་རིགས་རྒྱུད་དང་ལོ་རྒྱུས་ཐམས་ཅད་ཀྱང་འཇིག་རྟེན་འདི་དང་མཉམ་དུ་མེས་ཡོངས་སུ་འཚིག་པར་ངེས།” “ཁྱེད་ཀྱིས་བདེན་རྫུན་གཉིས་ལས་རྫུན་པ་དང་། བདེ་སྡུག་གཉིས་ལས་སྡུག་བསྔལ་གདམ་གསེས་བྱས་འདུག་པས་ཁྱེད་ནི་སྨྱོས་ཤིང་ལོག་པའི་ལམ་དུ་ཐལ་ཟིན་འདུག ཀུ་ཤུ་དང་ཚ་ལུ་མའི་ཤིང་སྡོང་ལས་ཤིང་ཏོག་མི་སྐྱེ་བར་སྦལ་པ་དང་འབུ་རྩངས་པ་སྐྱེ་བ་དང་། རྒྱ་སེ་མེ་ཏོག་ལས་རྟའི་དངུལ་ཆུའི་དྲི་ངན་བྱུང་ན་ཁྱེད་ངོ་མཚར་བར་མི་འགྱུར་རམ། དེ་དང་འདྲ་བར་བདེ་སྐྱིད་སྡུག་བསྔལ་དང་བརྗེ་ཚོང་རྒྱག་པའི་མི་ཁྱེད་ལ་བལྟས་ནས་ང་ངོ་མ་ཡ་མཚན་སྐྱེས་བྱུང།”

“ཁྱེད་ཀྱི་འཚོ་བ་རོལ་སྟངས་ལ་ཞེ་ལོག་གཏིང་ནས་བྱུང་བའི་རྟགས་སུ་སྒོར་ས་ཡ་གཉིས་པོའི་བདག་དབང་ཡང་བློས་གཏོང་གི་ཡིན། དེ་སྔོན་རྒྱུ་ནོར་ཞེས་གོ་བ་ཙམ་གྱིས་ལྷ་ཡུལ་ལྟ་བུའི་སྣང་བ་བྱིན་འོང་མོད། ད་ནི་དོར་བར་རིགས་སོ། །སྒོར་ས་ཡ་གཉིས་པོའི་བདག་དབང་བློས་གཏོང་ཆེད་ལོ་ངོ་བཅོ་ལྔའི་བཙོན་ཡུན་ཚང་བའི་སྐར་མ་ལྔ་ཙམ་སྔོན་ལ་ང་བཙོན་ཁང་འདི་ནས་ཐོན་འགྲོ་རྒྱུ་ཡིན།” ཡི་གེ་བཀླགས་རྗེས་བར་ཁེ་བས་རང་གི་མིག་མཐར་འཁྱིལ་བའི་མཆི་མ་འབྱིད་བཞིན་ཁྲིམས་རྩོད་པའི་དཔྲལ་བར་འོ་ཞིག་བསྐྱལ། རང་གིས་རང་ལ་ནམ་ཡང་ཁྱད་གསོད་དང་མཐོང་ཆུང་བྱས་མ་མྱོང་བའི་བར་ཁེ་བས་སྐབས་འདིར་རང་ཉིད་རང་ལ་ཞེན་པ་ལོག་པར་གྱུར། དེ་ནས་ཁྱིམ་དུ་ལོག་སྟེ་ཉལ་རྩིས་བྱས་མོད། མཆི་མ་ཤམ་ཤམ་དུ་བཞུར་བཞིན་གཉིད་ཁུག་པའི་རང་དབང་མ་བྱུང་། ཕྱི་ཉིན་ཞོགས་པར་སྒོ་སྲུང་བ་དབུགས་ལྷེམ་ལྷེམ་ངང་བར་ཁེ་བའི་སྒོ་རྩར་བསླེབས་ཏེ་ཁྲིམས་རྩོད་པ་སྒེའུ་ཁུང་བརྒྱུད་ནས་ལྡུམ་རའི་ཕྱོགས་སུ་འགྲོ་སོང་། དེ་མ་ཉིད་དུ་བར་ཁེ་བས་སྒོ་སྲུང་བ་ཁྲིད་ནས་བཙོན་ཁང་དུ་ཕྱིན་པས་གནས་ཚུལ་དེ་ངོ་མ་ཡིན་པར་རྟོགས། དེའི་རྗེས་ཁྲིམས་རྩོད་པས་བྲིས་པའི་ཕྲིན་ཡིག་དེ་ཚུར་བླངས་ནས་མེ་འགོག་ནུས་པའི་སྒམ་ཆུང་ཞིག་ལ་བཅུག་སྟེ་ལེགས་པར་ཉར་བའོ།།

སྙིང་དོན།
རྒྱན་འཛུགས་ཞེས་པའི་སྒྲུང་ཐུང་འདི་སེམས་འགུལ་ཐེབས་སུ་འཇུག་པའི་གཏམ་རྒྱུད་ཅིག་ཡིན་ཞིང་། འདིས་ང་ཚོ་མིའི་རིགས་ཀྱི་འཚོ་གནས་དངོས་ཡོད་གནས་ཚུལ་ཇི་ལྟར་ཡིན་པ་གསལ་པོར་བསྟན་ཡོད། ཁྲིམས་རྩོད་པ་གཞོན་ནུ་ཞིག་གིས་རྒྱན་འཇོག་དང་ལེན་བྱས་ཏེ་ལོ་བཅོ་ལྔའི་རིང་བཙོན་དུ་ཁེར་རྐྱང་གི་འཚོ་བ་བསྐྱལ་ཏེ། གལ་སྲིད་ཁོས་བཙོན་ཡུན་གྱི་སྐར་མ་ལྔ་དེ་ཡང་མཐར་ལེགས་པར་བསྐྱངས་ཡོད་ན་ཁོང་ལ་བྱ་དགའ་ཆེན་པོ་ཐོབ་ངེས་ཡིན་ཡང་། སྒྲུང་འདིའི་ནང་ཁྲིམས་རྩོད་པ་ཁོང་ལ་རྒྱུ་ནོར་དང་སྙན་གྲགས་སློབ་སྦྱོང་སོགས་མང་དག་ཅིག་ལག་ཏུ་སོན་ཟིན་ཡང་། མཐའ་མཇུག་ཏུ་ཁོང་གིས་དེ་དག་ཐམས་ཅད་བསྐྱུར་ཏེ་ཕྱིན་པ་ནི། དོན་དུ་སེམས་ཀྱི་བདེ་སྐྱིད་ཅེས་པ་དངུལ་སོགས་ཕྱིའི་དངོས་པོ་ལས་མིན་པར་ནང་གི་སེམས་ཉིད་ལས་བྱུང་གི་ཡོད་པར་གདམས་པ་ལགས་སོ།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།