ཨ་སྔོན། དྷ་ས།
བྱིས་པའི་སྣང་བ་ཁྲལ་ཁྲུལ་དེར།།
རྩེད་འཇོའི་གར་སྟབས་ཁྲིག་ཁྲིག་མང་།།
ཕ་མའི་སུན་གཙེར་ལྷང་ལྷང་གིས།།
སྙིང་ཆུང་ཁོ་བོ་འཁྱར་མ་འཁྱོར།།
ཤེས་ཡོན་ཚུགས་ཀ་ཆལ་ཆོལ་འོག།
འཚོ་བའི་རྐང་རྗེས་དལ་དལ་ཡིན།།
རེ་བའི་ཕུགས་བསམ་རིལ་རིལ་སྟེང་།།
ལག་ལེན་གོམ་བགྲོད་འཁྱར་མ་འཁྱོར།།
སྨན་ཆུང་སྒེག་བྲོ་ལྡེམ་ལྡེམ་ཁར།།
གཞོན་པའི་མིག་ཟུར་ཁྱུག་ཁྱུག་གཡོ།།
རྦབ་རྡོ་འགན་འཁྲི་ཟིང་ཟིང་དེས།།
རྟུལ་ཕོད་ཕྲག་པའང་འཁྱར་མ་འཁྱོར།།
དེང་སང་དགོས་མེད་ཅ་ཅོའི་ངག།
སྣོད་ལྡན་རྣ་བ་ཀྲོང་ཀྲོང་དུ།།
དབྱར་རྔ་བཞིན་དུ་དིར་དིར་སྒྲོག།
ཉན་པོ་ང་རང་འཁྱར་མ་འཁྱོར།།
ལ་ལུང་ཁུག་ཀྱོག་ཐར་ཐོར་ནས།།
སྣེ་འཛོམས་གྲོང་ཁྱེར་ཟང་ཟིང་ཁྲོད།།
ཀུན་ཀྱི་གྲུབ་དོན་ཏིག་ཏིག་ནི།།
འཚོ་བའི་བདེ་སྐྱིད་འཁྱར་མ་འཁྱོར།།
དགོང་ཁའི་ཉི་འོད་ལམ་ལམ་ལ།།
ཕྱོགས་ནས་བླ་བའི་ཅལ་ཅོལ་འདི།།
རྒུན་ཆང་བསིལ་མ་ཉུང་ཉུང་གིས།།
བད་པའི་ཨ་སྔོན་སྨྱོན་པའི་གཏམ།།
༠༢/༠༥/༢༠༡༩