རྩོམ་སྒྲིག་པ།
བློན་པོའི་མིང་།
བཀའ་དབང་གྲོས་སྣོད་མདུན་ན་འདོན།།
ཕྱིང་སང་སྣ་ཆེན་བློན་པོའི་མིང་།།
༡. བཀའ་དབང་། རྒྱལ་པོའི་བཀའ་ལ་ཡོ་འགལ་འཆོས་པའམ་གྲོས་འདེབས་པའི་དབང་ཆ་ལྡན་པས་ན་བཀའ་དབང་ཞེས་བློན་པོ་ལ་བརྗོད་དོ།།
༢. གྲོས་སྣོད་། རྒྱལ་པོས་ཆབ་སྲིད་ཀྱི་གྲོས་འདྲི་སའི་ཡུལ་ལམ་རྒྱལ་པོར་ཇུས་བཟང་པོ་འབྱུང་བའི་ཁུངས་སམ་ཡོང་སའི་སྣོད་ལྟ་བུ་ཡིན་པས་གྲོས་སྣོད་ཅེས་བཏགས་སོ།།
༣. མདུན་ན་འདོན། མདུན་ན་འདོན་ནི་རྒྱལ་པོའི་མདུན་དུ་ཐབས་ཇུས་འདོན་མཁན་ཡིན་པའི་ཆ་ནས་བཏགས་པའོ།།
༤. ཕྱིང་སང་། ཕྱིང་སང་ནི་རྒྱ་ནག་སྐད་དུ་བློན་པོ་ལ་ཟེར་བའོ།།
༥. སྣ་ཆེན། གྲོས་སྣ་འདོན་པའི་དཔོན་པོ་ཆེན་པོའམ་གཙོ་བོ་ཡིན་པས་ན་སྣ་ཆེན་ཞེས་བྱའོ། །གཞན་ཡང་སྣ་ཁུག་ཆེན་པོ་ལའང་སྣ་ཆེན་ཞེས་འདོགས།
ཡིག་མཁན་གྱི་མིང་།
སྨྱིག་ཅན་བྲིས་མཁན་ཡིག་མཁན་ཏེ།།
༡. སྨྱིག་ཅན། སྨྱིག་ནི་སྨྱུ་གུའི་བསྡུས་མིང་ཡིན་པས་སྨྱིག་ཅན་ནམ་སྨྱུ་གུ་ཅན་ཞེས་ཡི་གེ་འབྲི་མཁན་དྲུང་ཡིག་ལ་གོ་བའོ།།
༢. བྲིས་མཁན། ཡི་གེ་འབྲི་མཁན་ཞེས་པའི་བསྡུས་ཚིག་སྟེ་ཡི་གེ་པའམ་དྲུང་ཡིག་ལ་གོ་བའོ།།
ནོར་བུའི་མིང་།
མ་ཎི་ཞེས་པ་ནོར་བུ་འོ།།
༡. མ་ཎི། མ་ཎི་ཞེས་པ་ནི་རྒྱ་གར་སྐད་དེ་བོད་སྐད་དུ་ནོར་བུ་ལ་གོ་བ་ཡིན་ཏེ། གྲུབ་དབང་པདྨ་མ་ཎི་ཞེས་པ་ལྟ་བུའོ།།
རིན་པོ་ཆེ་ཡི་མིང་།
རཏྣ་རིན་པོ་ཆེ་ཡི་མིང་།།
༡. རཏྣ། ལེགས་སྦྱར་གྱི་སྐད་དེ་ལོངས་སྤྱོད་འཕེལ་བར་བྱེད་པའི་རིན་ཆེན་སྤྱི་ཡི་མིང་ངོ་།།
ཕ་ལམ་གྱི་མིང་།
རྡོ་རྗེའི་རིགས་ནི་ཕ་ལམ་སྟེ།།
༡. རྡོ་རྗེའི་རིགས། ཕ་ལམ་ནི་མི་ཕྱེད་པའམ་མི་ཤིགས་པ་སྲ་ཞིང་མཁྲེགས་པའི་རང་བཞིན་ཅན་ཡིན་ཞིང་དེའི་རིགས་སུ་གྱུར་པ་ལ་རྡོ་རྗེའི་རིགས་ཞེས་བྱའོ།།
བཻཌཱུརྱ་ཡི་མིང་།
སྤྲིན་ཆེན་གཞོན་སྐྱེས་བཻཌཱུར་མིང་།།
༡. སྤྲིན་ཆེན། སྤྲིན་པ་ཆེན་པོ་བཞིན་མདོག་སྔོན་པོ་ཡིན་པས་ཁ་དོག་གི་ཆ་ནས་བཏགས་པའོ།།
༢. གཞོན་སྐྱེས། ཁམས་ཤིན་ཏུ་དྭངས་པ་གཞོན་ནུ་མའི་བཞིན་གྱི་མདངས་དང་འདྲ་བས་ན་གཞོན་ནུ་སྐྱེས་ཞེས་འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པའོ།།
མཐོན་ཀ་ཆེན་པོའི་མིང་།
ནོར་བུའི་སྙིང་པོ་ཨིནྡྲ་སྙིལ།།
དབང་སྔོན་མཐོན་ཀ་ཆེན་པོའི་མིང་།།
༡. ནོར་བུའི་སྙིང་པོ། ནོར་བུའི་མཆོག་གམ་ནོར་བུ་ཡག་ཤོས་སུ་བརྩི་བས་ནོར་བུའི་སྙིང་པོ་ཞེས་ཨིནྡྲ་ནཱི་ལའི་མིང་དུ་བརྗོད་དོ།།
༢. ཨིནྡྲ་སྙིལ། རྒྱ་གར་སྐད་ཀྱི་ཨིནྡྲ་ནཱི་ལ་ཞེས་པའི་སྒྲ་ཉམས་པ་སྟེ། ཨིནྡྲ་ནི་དབང་པོ་དང་ནཱི་ལ་ནི་ཁ་དོག་སྔོན་པོ་ལ་འཇུག་པས་དབང་སྔོན་ཞེས་བྱ་བ་རིན་ཆེན་སྔོན་པོ་ཤིན་ཏུ་དྭངས་པ་ཞིག་གོ།
༣ དབང་སྔོན། ཨིནྡྲ་ནཱི་ལའི་སྐད་དོད་དེ་རིན་ཆེན་སྔོན་པོ་ཞེས་ཁ་དོག་གི་ཆ་ནས་བཏགས་པའོ།།
པདྨ་རཱ་གའི་མིང་།
རིན་ཆེན་དམར་པོ་པད་རཱག་སྟེ།།
༡. རིན་ཆེན་དམར་པོ། རིན་པོ་ཆེ་དེའི་མདོག་དམར་པོ་ཡིན་པས་ཁ་དོག་གི་ཆ་ནས་མིང་དེ་ལྟར་ཐོགས་སོ།།
ཀརྐེ་ཏ་ཡི་མིང་།
ནོར་བུ་སེར་པོ་ཀརྐེ་ཏའོ།།
༡. ནོར་བུ་སེར་པོ། ནོར་བུ་དེའི་མདོག་སེར་པོ་ཡིན་པས་ཁ་དོག་གི་ཆ་ནས་མིང་དེ་ལྟར་བཏགས་སོ།།
མརྒད་ཀྱི་མིང་།
མཁའ་ལྡིང་གཤོག་པ་རྡོའི་སྙིང་པོ།།
ནོར་བུ་ལྗང་ཁུ་མརྒད་མིང་།།
༡. མཁའ་ལྡིང་གཤོག་པ། བྱ་ཁྱུང་གི་གཤོག་པ་དང་མཚུངས་པས་འདྲ་བ་རྒྱུ་མཚན་དུ་བྱས་ནས་མིང་དེ་ལྟར་བཏགས་སོ།།
༢. རྡོའི་སྙིང་པོ། རྡོའི་རིགས་ཀྱི་རིན་པོ་ཆེའི་ནང་ནས་སྙིང་པོ་ལྟ་བུ་ཡིན་པས་རྡོའི་སྙིང་པོ་ཞེས་བརྗོད་དོ།།
༣. ནོར་བུ་ལྗང་ཁུ། ཁ་དོག་གི་སྒོ་ནས་བཏགས་པ་སྟེ། མརྒད་ཀྱི་མིང་གི་རྣམ་གྲངས་སོ།།
དངུལ་ཆུའི་མིང་།
མཚལ་སྐྱེས་མེས་འཆིང་དངུལ་ཆུ་སྟེ།།
༡. མཚལ་སྐྱེས། རྒྱ་མཚལ་ཅོག་ལ་རྡོག་པོ་དུད་པ་མ་ཤོར་བར་མེ་ལ་སྦུབས་བསྲེགས་བྱས་པ་ལས་དངུལ་ཆུ་བྱུང་བས་ན་མཚལ་སྐྱེས་ཞེས་བརྗོད་དོ།།
༢. མེས་འཆིང་། མཚལ་མེར་བསྲེགས་པ་ན་དངུལ་ཆུ་གོང་བུར་འཆིང་འགྲོ་བས་མེས་འཆིང་ཞེས་ཐོགས་སོ།།
ལྕགས་ཀྱི་མིང་།
རི་སྙིང་གར་བུ་ལྕགས་ཀྱི་མིང་།།
༡. རི་སྙིང་། ལྕགས་ནི་རི་བཀོལ་བ་ལས་བྱུང་བའི་སྙིང་པོ་ཡིན་པས་རི་སྙིང་ཞེས་བྱའོ།།
༢. གར་བུ། གོང་བུ་གཅིག་ཏུ་འགྲིལ་བའི་རྡོག་པོ་ལ་ཟེར་རོ།།
ཟངས་ཀྱི་མིང་།
ལྗོན་དམར་ཀླ་ཀློ་ཁ་ཟངས་ཏེ།།
༡. ལྗོན་དམར། ལྗོན་པ་ནི་ཟངས་ཀྱི་མིང་གི་རྣམ་གྲངས་དང་དེའི་ཁ་དོག་དམར་པོ་ཡོད་པས་ལྗོན་དམར་ཞེས་བཏགས་པའོ།།
༢. ཀླ་ཀློ་ཁ། རྒྱུན་དུ་བཟའ་བཏུང་ཤ་ཁྲག་ལ་སྤྱོད་པའི་ཀླ་ཀློའི་ཁ་དང་འདྲ་བར་དམར་པོ་ཡོད་པས་ན་འདྲ་བ་རྒྱུ་མཚན་དུ་བྱས་ནས་ཀླ་ཀློ་ཁ་ཞེས་བཏགས་སོ།།
འཁར་བའི་མིང་།
ཟངས་སྐྱེས་བསིལ་སྐྱེས་འཁར་བའི་མིང་།།
༡. ཟངས་སྐྱེས། རྒྱུ་ཟངས་ལས་སྐྱེས་པའི་ཆ་ནས་བཏགས་པའོ།།
༢. བསིལ་སྐྱེས། རང་བཞིན་བསིལ་བའི་ཆ་ནས་བསིལ་སྐྱེས་ཞེས་ཐོགས་སོ།།
ར་གན་གྱི་མིང་།
གསེར་ཅན་རྩིབས་བརྩེགས་ར་གན་ཏེ།།
༡. གསེར་ཅན། གསེར་གྱི་ཁ་དོག་དང་ལྡན་པའི་ཆ་ནས་མིང་དེ་ལྟར་ཐོགས་སོ།།
༢. རྩིབས་བརྩེགས། རྩིབས་རིས་བརྩེགས་པ་ལྟ་བུ་ཡོད་པས་འདྲ་བའི་ཆ་ནས་བཏགས་པའོ།།
ཁབ་ལེན་གྱི་མིང་།
སྐུད་འདྲེན་ལེན་པོ་ཁབ་ལེན་མིང་།།
༡. སྐུད་འདྲེན་ལེན་པོ། སྐུད་པ་འདྲེན་བྱེད་ཀྱི་ཁབ་ལེན་པར་བྱེད་པས་སྐུད་འདྲེན་ལེན་པོ་ཞེས་བྱེད་ལས་ཀྱི་ཆ་ནས་བཏགས་པའོ།།