ལོ་རིམ་བཞི་པའི་སློབ་གཉེར་བ། བཀྲ་ཤིས་དོན་གྲུབ།
གྲོགས་པོ་གྲོགས་པོ་ཟེར་བའི་འབྲེལ་ལམ་ནི་སུ་ཞིག་ཡིན་ཡང་ཆོག་ལ། སུ་ཞིག་མེད་ན་མི་རུང་བ་ཞིག་ཡིན། འབྲེལ་ལམ་འདི་ནི་ཡ་མཚན་པོ་ཞིག་སྟེ། གནས་ངེས་མེད། དུས་ངེས་མེད། སུ་ཡིན་ཡང་གྲོགས་པོར་འགྱུར་སྲིད། འཁྱུག་ཙམ་གྱི་རིང་སྤྱི་སྤྱོད་རླངས་འཁོར་དུ་འགྲུལ་བཞུད་བྱེད་ཞོར་འགྲུལ་མི་ཞིག་དང་ལྷན་དུ་གླེང་མོལ་བྱུང་བས། གྲོགས་པོ་གྲོགས་པོ་ཞེས་འབོད། དེ་བཞིན་ངོ་དེབ་དང་སྐད་འཕྲིན་སོགས་དྲ་ལམ་བརྒྱུད་ནས་ཀྱང་གྲོགས་པོར་འགྱུར་སྲིད། གྲོགས་པོ་ནི་གྲོགས་པོ་ཡིན་ཡང་། གྲོགས་པོའི་གྲོགས་པོ་ལའང་གྲོགས་པོ་ཞེས་འབོད། སྟབས་བདེ་བ་ཞིག་ལ་སོ་སོའི་ཕ་མ་སྤུན་མཆེད་སུའི་འབྲེལ་ལམ་ཡིན་ཡང་འགྱུར་བ་གཏོང་མི་ནུས་ལ། གྲོགས་པོའི་འབྲེལ་ལམ་ནི་གཅིག་བློ་ཡིད་མ་ཚིམས་ན་གཞན། གཞན་མི་འདོད་ན་དེ་ལས་ཀྱང་གཞན། གྲོགས་པོའི་འབྲེལ་ལམ་ནི་འགྱུར་དང་འགྱུར་བཞིན་ཡོད། ང་ཚོས་མི་ཚེའི་འགྲུལ་བཞུད་འོག་བྱིས་དུས་ཀྱི་རྩེད་གྲོགས་དང་། སློབ་གྲྭའི་སློབ་གྲོགས། ལས་ཁུངས་ཀྱི་ལས་རོགས་སོགས་སྣ་ཁ་མི་འདྲ་བའི་གྲོགས་པོ་མཐའ་དག་དང་། དེ་བཞིན་འཛིན་གྲྭ་བརྗེས་པས་འཛིན་གྲོགས་ཀྱང་བརྗེ། ལས་ཁུངས་བརྗེས་པས་ལས་རོགས་ཀྱང་བརྗེ་བ་སོགས་འབྲེལ་ལམ་ནང་ནས་འགྲོགས་སླ་ཤོས་དང་། འདོར་སླ་ཤོས་ལྟ་བུའི་འབྲེལ་ལམ་ནི་གྲོགས་པོའི་འབྲེལ་ལམ་འདི་ཡིན་སྙམ། གྲོགས་པོ་འགའ་ཞིག་ནི་སོ་སོའི་ངོ་དེབ་ཀྱི་མིང་བྱང་དུ་འཁོད་པ་ཙམ་དང་། འགའ་ཞིག་སེམས་ཀྱི་ཉེ་སར། འགའ་ཞིག་རྒྱལ་ཁབ་གཞན་དུ་ཡོད་ནའང་འབྲེལ་བ་ཇེ་ཉེར་ཇེ་ཉེར། ཁ་ཤས་སོ་སོའི་ཉེ་འཁོར་བརྒྱུད་ནས་འགྲོ་ན་ཡང་མ་མཐོང་བའི་རྣམ་པ། ཁ་ཤས་ལ་རང་ཉིད་ཀྱིས་སེམས་ཁུར་ཇི་ཙམ་བྱས་ནའང་སྣང་མེད་གཏོང་བ་ལྟ་བུ། མཚམས་རེར་བསམ་ཡུལ་ལས་འདས་པའི་གྲོགས་པོས་ཚུར་སེམས་ཁུར་བྱས་ཡོང་བ། གྲོགས་པོ་ཁ་ཤས་ནི་ཕྲད་ནས་མི་རིང་བར་འབྲེལ་ལམ་ཆད་པ། ཁ་ཤས་བྱིས་དུས་ནས་ད་ལྟའི་བར་འཆམ་མཐུན་ངང་གནས་པ་དང་། དེ་བཞིན་མ་འོངས་པར་འཕྲད་རྒྱུའི་གྲོགས་པོ་ཇི་ཙམ་ཡོད་སུ་ཡིས་ངེས། དེ་འདྲའི་འགྲིག་སླ་བ་ཇི་བཞིན་དེ་བཞིན་འབྲལ་ཡང་སླ།
གྲོགས་པོ་མེད་པའི་ང་ཚོའི་འཇིག་རྟེན་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན། དེས་རྐྱེན་པས་གྲོགས་པོའི་འབྲེལ་ལམ་ནི་སུ་ཞིག་ཡིན་ཡང་ཆོག་ལ། སུ་ཞིག་མེད་ན་མི་འགྲིག་པ་ཞིག་ཡིན། ང་ཚོས་འཛིན་གྲོགས་མེད་པའི་འཛིན་ཁང་ཚོད་དཔག་བྱེད་མི་ནུས་ལ། སློབ་གྲོགས་མེད་པའི་སློབ་གྲྭ་ཡང་ཚོད་དཔག་བྱེད་མི་ནུས། མི་ཚེའི་འགྲུལ་བཞུད་རིང་པོ་འདིའི་འོག་གྲོགས་པོ་དག་གིས་ཟས་སྣོད་དུ་ཟས་དང་། ན་དུས་སྨན་བཅོས་མ་བྱས་ནའང་ཉིན་མོའི་ཉི་འོད་བཞིན་དགོས་མཁོ་ཆེ་ཤོས་ཤིག་ཡིན། ནང་མི་མེད་པའི་མི་ཞིག་ཁེར་རྐྱང་མི་ལུས་པ་ནི་གྲོགས་པོའི་རྐྱེན་དང་། གལ་སྲིད་གྲོགས་པོ་ཟེར་བའི་འབྲེལ་བ་དེ་མེད་ན། ངོ་དེབ་ཟེར་བའི་དྲ་སྟེགས་ཐོན་ཡོད་ཚོད་མ་རེད་ལ། འབྲེལ་ལམ་དེ་མེད་ན། འཛམ་གླིང་སྟེང་གི་ཟ་ཁང་དང་ཇ་ཁང་ཡོད་ཚད་ཁ་ཁུ་སིམ་པོར་ལུས་ཡོད་ཀྱི་རེད། གནམ་ལོ་གསར་པ་དང་། ཡེ་ཤུའི་དུས་ཆེན་སོགས་དུས་བཟང་དག་གི་སྤྲོ་སྐྱིད་ནི་གྲོགས་པོའི་འབྲེལ་ལམ་བརྒྱུད་ནས་རྙེད། གྲོགས་པོ་དག་གིས་དགའ་འོས་པའི་དྲན་གསོ་སྟེར་བ་དང་། སྐྱིད་སྡུག་འདྲེས་མའི་ཚོར་སྣང་ཤོད་ས་ཡིན་ལ། འབྲེལ་ལམ་འདི་ནི་མིའི་འཚོ་བའི་དོན་པོ་ཞིག་ཀྱང་ཅི་ལ་མིན། དེ་བཞིན་ཁྱིམ་དུ་འགྱུར་བ་དང་། སློབ་གྲྭ། མཐོ་སློབ། ལས་ཁུངས་སོགས་ཀྱང་འགྱུར་ལ། མིའི་གཤིས་ཀ་ཡང་འགྱུར་སྲིད་ཅིང་། གནས་དུས་དང་བསྟུན་པའི་གྲོགས་ཀྱང་འགྱུར། སོ་སོའི་ཕུགས་བསམ་དང་གྲོགས་པོ་ནི་འགྱུར་སྲིད་ལ། འོན་ཀྱང་། ང་ཚོའི་སེམས་ནང་གི་ཚོར་བ་ནི་ནམ་ཡང་ག་ལ་འགྱུར། ང་ཚོས་གྲོགས་པོ་འཚོལ་འདོད་པའི་ཚོར་བ་ནི་ནམ་ཡང་འགྱུར་མི་སྲིད་དེ། རྒྱུ་མཚན་ནི་གནས་སྟངས་ཅི་འདྲའི་ཐོག་ནས་ང་ཚོའི་གྲོགས་པོ་འཚོལ་སྡོད་པ་ནི་གྲོགས་པོ་མ་ཡིན་པར། རང་ཉིད་ཀྱི་སྤྲོ་སྣང་རང་ཉིད་ཀྱིས་འཚོལ་བ་ཞིག་ཡིན་པ་དང་། གྲོགས་པོ་སུ་འདྲའི་ལྷན་དུ་འདས་ཟིན་པའི་དུས་ཚོད་ནི་སྤྲོ་སྐྱིད་ལྡན་པའི་དྲན་གསོ་བྱེད་འོས་པའི་ཉིན་མོ་ཞིག་ཡིན།
བསྒྱུར་གཞི། བལ་པོའི་སྐད་དུ་ཡོད་པའི་རྩོམ་ཡིག་གཅིག་ཡིན།