ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ།
ཡང་སྟོན་པ་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་པའི་ཚེ། ཤཱཀྱ་ཕྱུག་ཅིང་ནོར་མང་བ་ཞིག་གི་ཆུང་མ་ལ་ཤ་སྣག་བུ་ཆེན་པོ་ཞིག་བྱུང་སྟེ། དེ་མཐོང་བས་ཁྱིམ་བདག་དེ་མི་དགའ་བར་གྱུར་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ཏེ་ཞུས་པ་ན།
བཀའ་བསྩལ་པ། ཁྱིམ་བདག་ཁྱོད་མ་འཇིགས་ཤིག་ཤ་སྣག་བུ་དེ་རས་བལ་རྨེལ་བའི་ནང་དུ་ཆུག་ལ་ཞག་བདུན་གྱི་བར་དུ་ཉིན་རེ་བཞིན་དུ་དུས་གསུམ་ལག་པས་བྲིམས་ཏེ། འོ་མས་ཀྱང་ཡང་ཡང་གཏོར་ཅིག་དང་། དེའི་འོག་ཏུ་རྡོལ་ཏེ་བུ་བརྒྱ་འབྱུང་བར་འགྱུར་ལ་དེ་ཐམས་ཅད་ཀྱང་ཚན་པོ་ཆེའི་སྟོབས་དང་ལྡན་པར་འགྱུར་རོ། །དེ་ཐོས་པ་དང་ཁྱིམ་བདག་དེ་ཆེས་དགའ་བར་གྱུར་ཏེ། ཇི་སྐད་བསྟན་པ་བཞིན་དུ་བྱས་པས། ཞག་བདུན་ན་དེ་རྡོལ་བའི་ནང་ནས་བུ་བརྒྱ་བྱུང་སྟེ། ཀུན་ཀྱང་མཛེས་ཤིང་ཚན་པོ་ཆེའི་སྟོབས་དང་ལྡན་པ་ཤ་སྟག་བྱུང་ངོ་། །དེ་ཐམས་ཅད་ཆེར་སྐྱེས་པ་ན་བཅོམ་ལྡན་འདས་དང་མཇལ་ཞིང་ཆོས་ཐོས་པས་བདེན་པ་མཐོང་ཞིང་། རབ་ཏུ་བྱུང་ནས་ཀུན་ཀྱང་དགྲ་བཅོམ་པར་གྱུར་ཏོ།།
དེར་ངོ་མཚར་དུ་གྱུར་ནས་དེ་རྣམས་ཀྱི་ལས་ཀྱི་རྒྱུ་ཞུས་པ་ན། སྔོན་སངས་རྒྱས་རྣམ་གཟིགས་ཀྱི་མཆོད་རྟེན་དེ་ལ་མཛའ་སྡེ་བརྒྱ་མངོན་པར་དད་ནས། དེ་དག་གིས་ལྷན་ཅིག་ཏུ་ཏིལ་མར་སྤོས་ཅན་གྱིས་བྱུགས་ནས། མེ་ཏོག་དང་མེ་ཏོག་གི་ཕྲེང་བ་དང་། མར་མེ་དག་གིས་ཀྱང་མཆོད་པར་བྱས་ཏེ། ལྷན་ཅིག་ཏུ་སྨོན་ལམ་བཏབ་པ་བདག་ཅག་གང་དང་གང་དུ་སྐྱེས་པ་དེར་སྤུན་དུ་གྱུར་ཏེ། ལྷན་ཅིག་ཏུ་ལྟོ་གཅིག་ཁོ་ན་ལས་འབྱུང་བར་གྱུར་ཅིག ཚན་པོ་ཆེའི་སྟོབས་ཀྱི་ཤུགས་ཐོབ་པ་དང་བྱད་གཟུགས་དང་ལྡན་པར་གྱུར་ཅིག མ་འོངས་པ་ན་སངས་རྒྱས་རྣམས་མཉེས་པར་བྱེད་པར་གྱུར་ཅིག མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་པ་ལས་དེའི་རྒྱུས་ད་ལྟར་དེ་བཞིན་དུ་གྱུར་པར་གསུངས་སོ།།