ལོ་རིམ་ལྔ་པའི་སློབ་གཉེར་བ། བཤད་སྒྲུབ་ཉིན་བྱེད།
ལྟོགས་སྐོམ་ཁྲོད་ནས་མི་ཚེ་ཟད་པའི།།
མི་ལ་སྐམ་པོ་གར་སོང་སུས་ཤེས།།
ཡིན་ཡང་དེ་མཚུངས་རྣམ་ཐར་སྐྱོང་མཁན།།
རྣམ་གྲོལ་གླིང་ན་གསོན་པོར་བཞུགས་ཡོད།།
ཉེ་འབྲེལ་སྤུན་ཟླ་དགྲ་རུ་བཞེངས་པའི།།
ཨ་བུ་མཐུ་ཆེན་ཡིན་མིན་སུས་ཤེས།།
ནང་མི་ཀུན་པོ་བསྐྱུར་ཏེ་ཡོང་མཁན།།
རྣམ་གྲོལ་གླིང་ན་འཛུམ་མེར་བཞུགས་ཡོད།།
དབེན་འཇགས་རི་ལ་གློ་ཉལ་བྱེད་པའི།།
རྣལ་འབྱོར་མི་ལ་ཡིན་མིན་སུས་ཤེས།།
ཚུགས་ཀའི་ངོས་ནས་དེ་རང་འདྲ་བ།།
རྣམ་གྲོལ་གླིང་ན་བག་ཕེབས་བཞུགས་ཡོད།།
ངེས་འབྱུང་ཁྲོད་ནས་མི་ཚེ་ཟད་པའི།།
རས་པ་སྐམ་པོ་ཡིན་མིན་སུས་ཤེས།།
དྲན་གདུང་ཀློང་དུ་ངུ་ངག་འཐེན་མཁན།།
རྣམ་གྲོལ་གླིང་ན་རིག་རྒྱུ་ཡོད་རེད།།
མྱང་ཚ་དཀར་རྒྱན་བསླབ་བྱ་འཐུང་བའི།།
གཅེས་ལོ་གང་དེ་ཡིན་མིན་སུས་ཤེས།།
སྤྲང་པོའི་ཁྲོད་དུ་མི་ཚེ་སྐྱེལ་མཁན།།
རྣམ་གྲོལ་གླིང་ན་མཇལ་རྒྱུ་ཡོད་རེད།།
མར་པའི་བཀའ་དྲིན་གླུ་རུ་ལེན་པའི།།
རྗེ་བཙུན་མི་ལ་ཡིན་མིན་སུས་ཤེས།།
ཕ་མའི་བཀའ་དྲིན་ཡི་གེར་འབེབས་མཁན།།
རྣམ་གྲོལ་གླིང་ན་དངོས་སུ་ཡོད་རེད།།
བྱང་ཆུབ་སེམས་ལ་ཉམས་རྟོགས་སྦྱོང་བའི།།
རྣལ་འབྱོར་སྐམ་པོ་ཡིན་མིན་སུས་ཤེས།།
རང་རིགས་སྐད་ལ་སྒྱུ་རྩལ་སྦྱོང་མཁན།།
རྣམ་གྲོལ་གླིང་ན་ལྷན་ནེར་བཞུགས་ཡོད།།
གཡག་རྭའི་སྦུབས་སུ་ལྷོད་པོར་བཞུགས་པའི།།
རྫུ་འཕྲུལ་མི་ལ་ཡིན་མིན་སུས་ཤེས།།
ཤག་ཆུང་ནང་དུ་བདེ་བར་གཟིམ་མཁན།།
རྣམ་གྲོལ་གླིང་ན་ཉམས་ཀྱིས་བཞུགས་ཡོད།།
བརྩེ་དུང་སྒྲོམ་ལ་སེར་ཀ་ཤོར་བའི།།
སྒོམ་ཆེན་མི་ལ་ཡིན་མིན་སུས་ཤེས།།
སྙིང་གི་དུམ་བུ་གསོན་བྲལ་སོང་བ།།
རྣམ་གྲོལ་གླིང་ན་འཚོ་སྡོད་བྱས་ཡོད།།
ཨ་ཁུའི་ཐལ་ལྕག་བྲོ་བ་མྱོང་བའི།།
ཐོས་པ་དགའ་དེ་ཡིན་མིན་སུས་ཤེས།།
དགེ་སྐོས་གཟན་ལྕག་རེ་ཟུང་འཛེད་མཁན།།
རྣམ་གྲོལ་གླིང་ན་ལྷོད་པོར་བཞུགས་ཡོད།།
མར་པའི་རྡུང་རྡེག་སེམས་ཀྱིས་ཐེག་པའི།།
བཟོད་སྒོམ་མི་ལ་ཡིན་མིན་སུས་ཤེས།།
ཞོགས་ཉལ་ཁྲོད་དུ་རྒྱུག་བརྡུང་འཛེད་མཁན།།
རྣམ་གྲོལ་གླིང་ན་ལྷོད་ཀྱིས་བཞུགས་ཡོད།།
མི་ཚེ་གཅིག་ལ་ཆུང་མ་སྤངས་པའི།།
ཁེར་རྒྱུག་མི་ལ་ཡིན་མིན་སུས་ཤེས།།
ནམ་གནས་བར་དུ་སྡོམ་ཁྲིམས་སྲུང་མཁན།།
རྣམ་གྲོལ་གླིང་ན་འཚོ་ཞིང་བཞུགས་ཡོད།།
དགེ་སྒྲུབ་ལས་ལ་ཉིན་མཚན་གཞོལ་བས།།
རུས་པའི་མདངས་ཀྱང་ཕྱི་རུ་གསལ་བ།།
རིད་ཅིང་རིད་པའི་སྲོག་ལྡན་ཀུན་པོ།།
སྐྱེ་བ་འདི་ལ་རྫོགས་སངས་རྒྱས་ཤོག།