སྲོད་ཀྱི་སྣང་བ།

ཐང་ནག (རྡ་ས།)

སྲོད་ཀྱི་མཆི་མ་གསང་བའི་གཙང་པོར་བཞུར།།
སྨྲེང་བའི་རླབས་ལ་སུ་ཡི་སེམས་སྒྲ་འཁྱིལ།།
ཟླ་བ་མཚོ་མོར་ཟགས་པའི་འོད་ངོགས་ནས།།
ང་ཡིས་རྨི་ལམ་གང་ཞིག་འདེད་དགོས་སམ།།


ལོ་མ་ལྗང་ཁུ་རླུང་གིས་རྡེག་པ་ཡིས།།
སྲོད་ཀྱི་གླུ་ཆུང་སུ་ཡི་སྙིང་གཏམ་རེད།།
བདག་ནི་རི་ལ་ཡན་པའི་རི་བོང་བཞིན།།
དབེན་པ་གང་ནས་ཅི་ཞིག་བསྒོམ་ལ་ཞུགས།།


འཛུམ་ཆུང་ངོགས་ཀྱི་རེ་བའི་མིག་བརྡ་ཡང་།།
སུ་ཡི་སེམས་པ་སྡོམ་པའི་རྙི་ཐག་རེད།།
གསང་བས་བཅུག་པའི་ཤོག་ཡིག་དམར་པོ་ཡང་།།
བདག་གིས་ལམ་ཕྱེད་སླེབས་དུས་གཞི་ནས་བཀླགས།།


ད་ནི་སྲོད་འདི་རྨི་ལམ་རྨས་མ་ཞིག།
སང་ཉིན་བསྒུག་རྒྱུར་ང་རང་ཧ་ཅང་སྐྲག།
ཟླ་བ་སྤྲིན་པའི་རུམ་ལ་ཉལ་གྱུར་ཚེ།།
ང་ནི་ལམ་ཕྲན་གང་ནས་བསྐྱོད་དགོས་སམ།།

༢༠༡༦/༤/༥/ ཉིན།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།